༄༅།།དྲོད་སྙོམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-06



གནས་འདིར་དུས་བཞིའི་དྲོ་གྲང་དཔྱིད་དང་མཚུངས།
        སྤྱི་ལོ1901ལོའི་དབྱར་ཁར། ཨ་མེ་རི་ཁའི་ཉིའུ་ཡོ་ས་ཆའི་མཁའ་རླུང་ནི་ཚ་ཞིང་བཞའ་བརླན་ཆེ་བ་ཞིག་ཡིན་ལ། པུའུ་ལུའུ་ཁི་ལིན་ཁུལ་ན་ཡོད་པའི་ས་ཁི་ཐི•ཝེ་ལེན་སི་པར་འདེབས་དཔེ་སྐྲུན་ཀུང་སི་ལ་མཁའ་རླུང་བཞའ་བརླན་ཆེ་བའི་རྐྱེན་གྱིས་ཐོན་སྐྱེད་ལ་གནོད་པ་ཆེན་པོ་ཐེབས་པ་སྟེ། སྣུམ་སྣག་དུས་ནམ་ཡིན་ཡང་སྐེམ་རྒྱུ་མེད་པ་དང་། བཞའ་བརླན་ཆེ་བའི་རྐྱེན་གྱིས་ཤོག་བུ་ལ་ཆེ་ཆུང་ཤོར་གྱིན་འདུག་པས། དཔར་ཟིན་པའི་ཡི་གེ་ནི་མག་མོག་རབ་རིབ་ཡིན་པ་རེད། དེའི་རྐྱེན་གྱིས་པར་འདེབས་དཔེ་སྐྲུན་ཀུང་སི་ཡིས་ཧྲུའེ་ཉིའུ་ཀུང་སི་བཙལ་ནས་མཁའ་རླུང་གི་དྲོད་ཚད་དང་བརླན་ཚད་ཚད་སྙོམ་བྱེད་ཐུབ་པའི་སྒྲིག་ཆས་ཤིག་ལག་ཏུ་རེག་ཐབས་བྱས།
        ཧྲུའེ་ཉིའུ་ཀུང་སི་ཡིས་ལས་འགན་དེ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ནས་ལོ་གཅིག་ཙམ་ལས་འགོར་མེད་ཅིང་། ཞིབ་འཇུག་གི་སྙིང་སྟོབས་ཆེ་བའི་ན་གཞོན་བཟོ་བཀོད་པ་ཁའེ་ལིའི་ལག་ཏུ་བཞག ཁའེ་ལིའི་སེམས་སུ། རླངས་གཟུགས་ཀྱིས་ཁེངས་པའི་སྦུ་གུ་དཀྲིས་མས་ཁོར་ཡུག་གི་མཁའ་རླུང་དྲོན་མོ་བཟོ་ཐུབ་ན། རླངས་གཟུགས་དེ་ཆུ་འཁྱག་པོ་རུ་བརྗེས་ཏེ་མཁའ་རླུང་ཆུ་འཁྱག་པོའི་སྦུ་གུ་དཀྲིས་མ་ལས་ལྡང་བར་བྱས་པས་ན་ཁོར་ཡུག་བསིལ་མོར་མི་འགྱུར་རམ། དུས་མཚུངས་སུ་བརླན་གཤེར་ཆེ་བའི་མཁའ་རླུང་ཁྲོད་ཀྱི་བཞའ་བརླན་ཚང་མ་སྦུ་གུ་དཀྲིས་མའི་སྟེང་གྲང་འཁྱག་གིས་ཆུ་ཐིགས་སུ་ཆགས་ཤིང་མར་ཐིགས་ཚེ། ཤུལ་དུ་ལུས་པ་ནི་ལྷག་པར་བསིལ་ཞིང་སྐམ་ཤས་ཆེ་བའི་མཁའ་རླུང་ཡིན་ངེས་རེད་ཅེས་སྙམ།
        བསམ་ཚོད་དེ་གཞིར་བཞག་གིས་ཁའེ་ལི་ཡིས་ལག་ལེན་བརྒྱུད་དེ། སྤྱི་ལོ1902ལོའི་ཟླ7པའི་ཚེས17ཉིན་ས་ཁི་ཐི•ཝེ་ལེན་སི་པར་འདེབས་དཔེ་སྐྲུན་ཀུང་སི་ལ་ཁོང་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་གྲང་བཟོ་འཕྲུལ་ཆས་ཤིག་སྒྲིག་སྦྱོར་བྱས་ཤིང་ཕན་འབྲས་ཅུང་ཟད་ཡག་པོ་ལོན་པས། འཛམ་གླིང་སྟེང་གི་མཁའ་རླུང་ཚད་སྙོམ་འཕྲུལ་ཆས(བསྡུས་མིང་དུ་དྲོད་སྙོམ་ཟེར)ཨང་དང་པོ་དུས་དེ་ནས་བུད་པ་རེད། སྤྱི་ལོ1906ལོར། ཁའེ་ལི་ཡིས“མཁའ་རླུང་ཚད་སྙོམ་སྒྲིག་ཆས”ཞེས་པའི་མིང་ཐོག་ནས་ཨ་མེ་རི་ཁའི་ཆེད་ཕན་ཐོ་འགོད་ཀྱི་རེ་ཞུ་ཕུལ།
        དེའི་རྗེས་ཀྱི་མི་ལོ20ཡི་རིང་ལ། ཁའེ་ལི་ཡིས་གསར་གཏོད་བགྱིས་པའི་མཁའ་རླུང་ཚད་སྙོམ་འཕྲུལ་ཆས་དེ་རིམ་པ་བཞིན་དུ་ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་དྲོད་ཚད་དང་བརླན་ཚད་སྙོམ་སྒྲིག་བྱེད་སྤྱད་དུ་བཀོལ་སྤྱོད་བྱས། འཕྲུལ་ཆས་དེ་ཉོ་མཁན་གྱི་སྦྱིན་བདག་ཆེན་པོ་ཨང་དང་པོ་ནི་ཨ་མེ་རི་ཁའི་ལྷོ་ཕྱོགས་ཀྱི་འཁེལ་འཐག་བཟོ་གྲྭ་རེད། ཡུལ་གྲུ་དེར་མཁའ་རླུང་ནང་དུ་བཞའ་བརླན་ཉུང་བའི་རྐྱེན་གྱིས། སྒྲོམ་བུས་དབུར་བརྡར་ལས་ཞི་གློག་གང་མང་ཐོན་ཏེ་ཐོན་རྫས་གྲུབ་མའི་རས་ཚང་མ་སྤུ་སོབ་སོབ་ཅིག་ཡིན་པར་འདུག་པས། ཐོན་རྫས་ཀྱི་སྤུས་ཚད་ལ་གནོད་པ་ཆེན་པོ་ཐེབས། ཡིན་ནའང་དྲོད་སྙོམ་ཡོད་པ་ནས་བཟུང་གནད་དོན་དེ་ཐག་བཅད་པ་རེད།
        ཡུན་གྱིས་དྲོད་སྙོམ་ནི་ལས་རིགས་གང་མང་དུ་བཀོལ་སྤྱོད་བྱས་པ་དཔེར་ན།རྫས་འགྱུར་བཟོ་ལས་དང་སྨན་རྫས་བཟོ་སྐྲུན་ལས་རིགས། ཟས་རིགས་དང་ཐ་ན་གོ་མཚོན་ལས་རིགས་སུའང་བཀོལ་སྤྱོད་བྱས་ཤིང་། ལས་རིགས་སོ་སོའི་ཐོན་རྫས་ཀྱི་སྤུས་ཚད་ཆེས་ཆེར་མཐོར་འདེགས་བྱུང་། སྤྱི་ལོ1907ལོར། ཁའེ་ལི་ཡིས་དྲོད་སྙོམ་ཕྱིར་གཏོང་གི་ཚོང་དང་པོ་བརྒྱབ་པ་སྟེ།འཇར་པན་རྒྱལ་ཁབ་ཀྱི་ཧིང་པེན་ས་ཆའི་དར་གོས་བཟོ་གྲྭ་ཞིག་ལ་བཙོངས།འདིར་བཤད་དགོས་པ་ཞིག་ནི་དྲོད་སྙོམ་གསར་གཏོད་བྱས་ཚུན་གྱི་བགྲང་བྱ20ཡི་རིང་ལ། དེ་ལོངས་སུ་སྤྱོད་མཁན་ནི་འཕྲུལ་འཁོར་ལས་འགྲོ་བ་མི་མིན།
        སྤྱི་ལོ1915ལོར། ཁའེ་ལི་དང་གྲོགས་པོ་ཚོས་མ་དངུལ་རུབ་བསྡུས་ཀྱིས་ཁའེ་ལི་བཟོ་སྐྲུན་ཀུང་སི་བཙུགས།སྤྱི་ལོ1922ལོར་ཁའེ་ལི་བཟོ་སྐྲུན་ཀུང་སིས་དྲོད་སྙོམ་གྱི་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་དང་ལྡན་པའི་ཐོན་རྫས—ལྟེ་བྲལ་ཅན་གྱི་དྲོད་སྙོམ་འཕྲུལ་ཆས་ཏེ། བསྡུས་མིང་དུ་ལྟེ་བྲལ་འཕྲུལ་ཆས་ཟེར་བ་ཞིབ་འཇུག་གསར་བཟོ་བགྱིས་ཏེ་ལེགས་འགྲུབ་བྱུང་།ལས་ཆོད་མཐོ་བའི་ལྟེ་བྲལ་འཕྲུལ་ཆས་ཀྱིས་བར་སྟོང་ཆེན་པོའི་མཁའ་རླུང་ཚད་སྙོམ་བྱེད་པར་སྒོ་ཆེན་ཞིག་ཕྱེས་སྟབས།དུས་དེ་ནས་བཟུང་འགྲོ་བ་མི་ཡིས་ཀྱང་དྲོད་སྙོམ་གྱི་ཞབས་ཕྱི་ལོངས་སུ་སྤྱོད་ཐུབ་པ་བྱུང་།
        དུས་སྐབས་དེར། ཨ་མེ་རི་ཁའི་ཏིས་ཐེ་ལུའེ་ཡི་ཧ་ཏི་ཞུན་ཟོང་མང་ཀུང་སི་ནི་མིང་གྲགས་ཤིན་ཏུ་ཆེ།དེའི་རྒྱུ་མཚན་ནི་ཀུང་སི་དེས་དུས་ཚོད་གཏན་འཁེལ་གྱིས་ས་འོག་ཁང་པའི་ནང་དུ་ཚོང་ཟོང་འཕྲལ་འཚོང་གི་འདུ་ཚོགས་བསྡུས་པ་དེ་རེད། ཡིན་ན་ཡང་མཁའ་རླུང་ལ་ཚ་གདུང་ཆེ་བས་རྟག་པར་ཉོ་མཁན་ལ་ལ་མགོ་ཡོམ་འཁོར་ནས་ལོག་པའི་སྣང་ཚུལ་བྱུང་། སྤྱི་ལོ1924ལོར་ཁའེ་ལི་ཀུང་སི་ཡིས་ཧ་ཏི་ཞུན་ཟོང་མང་ཀུང་སི་ལ་ཐོག་མར་ལྟེ་བྲལ་འཕྲུལ་ཆས་གསུམ་སྒྲིག་སྦྱོར་བྱས་པར་ཕན་འབྲས་ཆེན་པོ་ཐོབ།དེའི་སྟབས་ཀྱིས་དྲོད་སྙོམ་ནི་ཚོང་པ་དག་གིས་ཉོ་མཁན་ཚུར་འགུག་བྱེད་པའི་ལག་ཆ་གོ་ཆོད་ཅིག་ཏུ་གྱུར།
        ཡང་གཅིག་བཤད་ན། དུས་རབས20པའི་ལོ་རབས20པར། རོལ་རྩེད་སྤྲོ་སྐྱིད་གཏོང་སའི་ལས་རིགས་ནི་དབྱར་ཁའི་དུས་སུ་ཡོངས་སུ་ཉམས་རྒུད་ཀྱི་རྣམ་པ་ཆགས་ཡོད། ཅིའི་ཕྱིར་ཞེ་ན་སྒོར་མོ་བྱིན་ནས་ཚ་གདུང་གི་སྡུག་བསྔལ་ཉོ་མཁན་མེད་པས་རེད། སྤྱི་ལོ1925ལོའི་ཉིན་ཞིག་ལ། ཁའེ་ལི་དང་ཨ་རིའི་གྲོང་ཁྱེར་ཉིའུ་ཡོ་ཡི་ལི་ཝ་ལི་ཟློས་གར་ཁང་ཆེན་མོས་མཉམ་འབྲེལ་སྒོས་དྲོད་སྙོམ་མཚམས་སྦྱོར་ཁྱབ་བརྡ་རྒྱ་ཆེ་ཞིང་གྲངས་ཀ་མང་པོ་བསྒྲགས་ཏེ། ཉོ་མཁན་གྱིས“སེམས་བརྩེ་དུངས་དང་ལུས་ཚོར་དབང་གཉིས་ཀའི་ཆ་ནས་ལོངས་སུ་སྤྱོད་ཐུབ་པར”ཁག་ཐེག་བྱེད་རྒྱུའི་འབོད་ཚིག་བཏོན། ཉིན་དེར་ལི་ཝ་ལི་ཟློས་གར་ཁང་ཆེན་མོའི་སྒོ་ཁར་མི་ཚོགས་རྒྱ་མཚོ་ལྟར་འཁྲིགས། ཡིན་ཡང་ཕལ་ཆེར་མི་རེའི་ལག་ཏུ་ཤོག་བུའི་བསིལ་གཡབ་རེ་བཟུང་སྟེ་ཚ་བ་སྔོན་འགོག་གི་གྲ་སྒྲིག་བྱས་ཡོད་མོད། འོན་ཀྱང་མི་རྣམས་ཟློས་གར་ཁང་གི་སྒོ་ཆེན་ནང་དུ་རྐང་པ་སྤོས་མ་ཐག་པ་ནས།མཁའ་རླུང་བསིལ་མོ་ཞིག་གིས་ལྟ་མཁན་རྣམས་ཀྱི་ལུས་བསིལ་མོ་དང་སེམས་སྐྱིད་པོ་ཡོང་བ་བཟོས་པས། དྲོད་སྙོམ་ནི་མགྱོགས་ཤིང་ཤུགས་ཆེ་བའི་སྒོ་ནས་ཡར་རྒྱས་གོང་འཕེལ་འབྱུང་བའི་དུས་རིམ་དུ་ཞུགས།
        སྤྱི་ལོ1928ལོར། ཁའེ་ལི་ཀུང་སི་ཡིས་རབས་དང་པོའི་ཁྱིམ་སྤྱོད་དྲོད་སྙོམ་བཏོན། ཡིན་ནའང་དེ་དང་ལྷན་དུ་སླེབས་པའི་ཉམས་རྒུད་ཆེན་པོ་དང་དེའི་རྗེས་མཐུད་ནས་ཡོང་བའི་འཛམ་གླིང་འཁྲུག་ཆེན་གཉིས་པས་ཁྱིམ་སྤྱོད་དྲོད་སྙོམ་ཁྱབ་གདལ་གཏོང་བའི་བརྒྱུད་རིམ་གྱི་མཚམས་བཅད། དེ་ནས་ལོ་རབས50པར་དཔལ་འབྱོར་གོང་འཕེལ་འཕུར་སྐྱོད་བྱེད་མགོ་ཚུགས་པས།ཁྱིམ་སྤྱོད་དྲོད་སྙོམ་དངོས་གནས་ཁྱིམ་ཚང་ཁྲི་མ་འབུམ་གྱི་ནང་དུ་ཕྱིན་པ་རེད། །

        སྤྱི་ལོ1902ལོར། ཨ་མེ་རི་ཁའི་གསར་གཏོད་པ་ཁའེ་ལི་ཡིས་མིང་དོན་མཚུངས་པའི་དྲོད་སྙོམ་ཨང་དང་པོ་ཇུས་འགོད་བྱས་ཐོག་སྒྲིག་སྦྱོར་བྱས། ཡིན་ནའང་དེ་ནི་འཕྲུལ་འཁོར་ལ“ལོངས་སུ་སྤྱོད་དུ་འཇུག་པ”ལས་འགྲོ་བ་མི་ལ་ནི་མིན། དུས་ད་ལྟ་འུ་ཅག་ཁྱིམ་དུ་བསྡད་དེ་དྲོད་སྙོམ་གྱིས་དགུན་དྲོ་དབྱར་བསིལ་བཟོས་པའི་འཚོ་བ་ལོངས་སུ་སྤྱོད་པའི་དུས་སུ། བགྲང་བྱ་ཆིག་བརྒྱའི་ཡར་སྔོན་གྱི“གྲང་བཟོའི་ཡབ་ཆེན”ཞེས་པའི་མཚན་སྙན་ཅན་ཝེ་ལི་སི·ཁའེ་ལི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བརྗེད་མི་རུང་།

                        རྗོ་དཔལ་ཆེན་རྒྱལ་གྱིས《ཚན་རིག་གིས་མིའི་རིགས་ཀྱི་འཚོ་བར་འགྱུར་ལྡོག་བཏང་བ》ཞེས་པའི་དེབ་ལས་བདམས་བསྒྱུར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1