༄༅། །གནའ་དེང་གི་མཁས་མཆོག་ཁག་ཅིག་གི་སྡོམ་ཚིག་བདམས་བསྒྱུར། ཐེ་ཀོར་སོགས།

ན་བུན་གྱིས་ཨིན་ཡིག་ལས་བསྒྱུར། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།མཆོད་མེ་བོད་ཡིག་དྲ་བ། སྤེལ་དུས། 11-25


ང་དང་ཁ་ཐག་ཆེས་ཉེ་བའི་མི་ཚོས་རང་ཉིད་ངའི་གམ་དུ་བདོག་པ་མ་ཤེས་ཤིང་། ང་ལ་གསུང་གླེང་གནང་མཁན་ཚོས་ངའི་སྙིང་ཁོང་དུ་ཁོ་ཚོས་མ་བསྙད་པའི་སྐད་ཆས་ལྟེམས་ཡོད་པ་མ་རྟོགས། ངའི་ལམ་ཁར་འཚང་མཁན་ཚོས་ང་ཁོ་ཚོ་དང་ལྷན་དུ་སྐྱོད་བཞིན་པ་མ་ཚོར་ཞིང་། ང་ལ་དུང་མཁན་ཚོས་ཁོ་ཅག་གི་བརྩེ་དུངས་ཀྱིས་རང་ཉིད་ངའི་སྙིང་ཁོང་དུ་འདྲེན་པའང་མ་ངེས་ཡིད་རྟོན་ནི་སྐྱ་རེངས་སྔ་རོལ་ནས། འོད་སྣང་ཚོར་ཞིང་གྲེ་འགྱུར་སྒྲོག་གིན་པའི་བྱེའུ་དེའོ།། ཁྱེད་གཙང་འགྲམ་དུ་ལངས་ཏེ་གཙང་བོར་བལྟས་པ་ཙམ་གྱིས། ཁྱེད་ཀྱིས་གཙང་བོ་བརྒལ་མི་ཐུབ། གལ་ཏེ། ང་ཚོས་ལྷན་སྐྱེས་ཀྱི་ཁེ་དབང་ཡོད་ཚད་རྩོད་ལེན་གྱི་འཇོན་ནུས་སྔོགས་འདོན་ཐུབ་ཚེ། ཡོད་ཚད་རང་ཉིད་ལ་འཐོབ་པར་འགྱུར།

ངའི་མི་ཚེ་དབུས་སུ་ཆར་སྣ་འདྲེན་མཁན་ནམ། ཡང་ན་ཆར་ཆུ་མ་བརྡོལ་བའི་སྤྲིན་ནག་འཕྱུར་ཞིང་འོངས་ཏེ། ངའི་ཉི་ནུབ་ཀྱི་ནམ་མཁར་ཁ་དོག་བསྣན།

གལ་ཏེ་ཉི་མ་ཁྱེད་ཀྱི་མི་ཚེ་ཕ་རོལ་ཏུ་བཞུད་འགྲོ་བར་ཁྱེད་ངུ་ཚེ། ཁྱེད་ཀྱི་མིག་ཆུས། ཁྱེད་ཀྱིས་སྐར་འོད་མཐོང་བར་དོགས་ཏེ་ཕྱིར་རྒོལ་གནང་ངེས།

ཆེས་ཆུང་བའི་བློ་གྲོས་ནི། ཆུ་ཤེལ་བཞིན།    དག་ཅིག་གཙང་ལ། དྭངས་ཤིང་གསལ།

ཆེས་ཆེ་བའི་བློ་གྲོས་ནི། མཚོ་ཆུ་ལྟར།  ཟབ་ཅིང་ནག་ལ། སྲ་ཞིང་མཁྲེགས།

བརྩེ་དུངས་ཀྱིས་སྐྱེས་མ་ཚོའི་རང་གཤིས་བསྒྱུར་ཐུབ་ལ། འཚོལ་སྙེག་གིས་སྐྱེས་པ་ཚོའི་རང་གཤིས་བསྒྱུར་བཏུབ།  

                    --------ཐེ་ཀོར(Tagore)

ངས་རྒྱུན་པར་མིའི་རིགས་ཀྱི་དག་ཞིང་ནི། དཔེ་ཁང་རིགས་ཤིག་ཡིན་ངེས་པར་སེམས། དེའི་རྐྱེན་པས། དཔེ་ཆས་གནས་མལ་ཞིག་མ་རྩིག་ཚེ། ང་གཉིད་དུ་ཡུར་དཀའ

མི་ཞིག་ལ་དགའ་བ་ནི། དཀོན་མཆོག་ཉེས་ཅན་ཞིག་གི་ཆོས་ལུགས་སྲོལ་བཏོད་པ་ཡིན

མི་ཡུལ་འདི་སེམས་པའི་རྨི་ལམ་ཞིག་སྟེ། མི་རྣམས་ཀྱིས་རྨི་ལམ་གཏོང་གིན་འདུག

རྩོམ་མཁན་དག་ཤི་རྗེས། ཁོ་ཚོ་བརྩམས་ཆོས་ཇི་སྙེད་དུ་སྐྱེ་ཞིང་། བརྩམས་ཆོས་དེ་དག་ཅི་བས་ཀྱང་། ཡང་སྲིད་སྡུག་ཆགས་ཤིག་ཡིན་མི་སྲིད

ངས་བཀླགས་ཟིན་པའི་རྩོམ་མཁན་ཡོང་རྫོགས་དང་ངས་བགྲོད་མྱོང་བའི་མཁར་གྲོང་ཡོད་ཚད། ང་འཕྲད་པའི་སྐྱེས་པ་དང་ང་དགའ་བའི་སྐྱེས་མ་ཀུན་དང་འདྲ་བར། དོན་དུ། ང་མི་ཡུལ་འདིར་འཚོ་ཞིང་གཞེས་མིན་ངས་གསལ་བོ་ཞིག་འགྲེལ་དཀའ

ཁོ་ཚོས་ཤོག་གྲངས་ཅི་ཙམ་བྲིས་པ་དེ་ཙམ་གྱིས་རིང་ཉིད་སྙེམས་སུ་ཆུགས། ངས་ནི་ཤོག་ངོས་གཅིག་བཀླགས་པ་ངོམ་སོ་བྱེད་འོས

ཁྱེད་དེ་སྔའི་རྨི་ལམ་ཞིག་གི་ནང་རོལ་ཏུ་སད་པ་ཡིན་གྱི། ཁྱེད་གཉིད་ལས་སད་པ་ནི་ཡེ་མ་ཡིན། རྨི་ལམ་དེའང་རྨི་ལམ་གཞན་ཞིག་གི་ནང་རོལ་ཏུ་བདོག་ཅིང་། དེ་ལྟ་དེ་ལྟར། རྨི་ལམ་ནི་བྱེ་མའི་ཟེགས་མ་ལྟར་རྩིས་ཀྱིས་མི་ལངས་ཨང་། ཁྱེད་ཀྱི་བགྲོད་བྱའི་ལམ་བུ་དེ་ལ་ཕ་མཐའ་བྲལ་བས། དོན་དུ། ཁྱེད་གཉིད་ལས་མ་སད་ཡར་སྔོན་འཆི་ཡང་སྲིད

ངས་ཁྱེད་རང་སྡང་སེམས་དང་སོམ་ཉི། ཕམ་ཉེས་ཀྱིས་བསླུ་ཐབས་སུ། ངས་ཁྱེད་ལ་རང་གི་མུན་ནག་དང་རང་གི་ཁེར་རྐྱང་། རང་གི་སྤྲང་ལྟོགས་ཀྱིས་མནར་བའི་སེམས་པ་སྟེར་ནུས

རོལ་དབྱངས་ནི་ཚོར་བའི་བདེ་བ། གནའ་གཏམ་གྱིས་ནི་དུས་རབས་ཤིག་གྱོན་ནས་སྐྱ་རེངས་དང་ས་ཆ་གང་རུང་ཞིག་གི་ཁ་གཏད་དུ་བསྡད་དེ། ང་ཚོར་ཅི་ཞིག་འཆད་འདོད་པའམ། ང་ཚོར་ཅི་ཞིག་འཆད་རྩིས་བྱེད། དེ་ལྟར། འབྱུང་འགྱུར་གྱི་ཐེར་འདོན་གང་ཞིག་གསལ་སྟོན་མ་ནུས་པ་འདི་ནི། ཕལ་ཆེར་ཆེས་མཛེས་སྡུག་གི་བྱུར་རྐྱེན་ཞིག་ཡིན་ངེས

རྡོ་བའི་སྟེང་ཅི་ཡང་བསྐྲུན་པར་མ་ནུས། ཡོད་ཚད་བྱེ་མའི་སྟེང་བརྩིགས། ཡིན་ཡང་། ང་ཚོས་ཅིས་ཀྱང་བྱེ་མ་རྡོ་བ་ལྟར་རྩིག་དགོས

ང་ལ་མཚོན་ན། བདག་རང་ཕུགས་འདུན་ཞིག་འཚོལ་ཞིང་སྙེག་གིན་པའི་ཀློག་པ་པོ་ཞིག་ཡིན། དཔེ་དེབ་ཁོ་ན་བཀླགས་པ་ནི་ཕྱིར་གདོད་དུས་ཤིག་ལ་ལོག་པ་ཡིན་སྟབས། ངས་དཔེ་ཀློག་བྱེད་པ་ནི་དཔེ་དེབ་ཁོ་ན་མིན། ངས་དཔེ་ཀློག་བྱེད་དོན་ཡང་། ཁོ་ཚོས་ང་ལ་སྤྲད་པའི་ཆེས་མཛེས་སྡུག་ཡིད་འོང་གི་འདུ་ཤེས་དེའི་རྐྱེན་གྱིས་ཡིན་ཕྱིན། ངས་དཔེ་ཆའི་གསེབ་ཀྱི་འུར་བརྗོད་དམ་སུན་འབྱིན་མ་ལུས་སྣང་མེད་རྒྱབ་ཏུ་གཡུག་གིན་ཡོད

ཆོས་ལུགས་ཤིག་གི་སླད་དུ་འཆི་རྒྱུ་དེ། མི་ཡུལ་འདིར་ཡང་དག་པར་འཚོ་བ་ལས་སླའོ

མི་ཚེ་ནི་མ་གཞི་ནས་གསུང་སྒྲོས་ཤིག་ཡིན་འདུག

དུས་ཚོད་ནི་ངའི་འཚོ་གནས་ཀྱི་ཡང་ཏིག་ལགས་ཤིང་། དུས་ཚོད་ནི་གཙང་བོ་ཞིག་སྟེ། དེའི་འགྲམ་ངོགས་སུ་ང་ཁྲུས་ལ་ཞུགས་ཀྱང་། མ་གཞི་ང་རང་ཉིད་ཀྱང་གཙང་བོ་དེའོ། ང་ཕམ་པར་རྒྱག་མཁན་དེ་རྒྱ་སྟག་ཅིག ཡིན་ཡང་། ང་རང་ཉིད་ཀྱང་རྒྱ་སྟག་ངར་མ་དེའོ། ང་རྨེག་མེད་འཇོམས་མཁན་དེ་མེ་ལྕེ་ཞིག འོན་ཏེ་ང་རང་ཉིད་ཀྱང་མེ་ལྕེ་དེའོ

རྩོམ་འབྲི་བ་ནི། རྨི་ལམ་ལམ་སྟོན་འབའ་ཞིག་ལས་གཞན་ཅི་ཡང་ཡིན་མི་སྲིད

མི་ཞིག་ཕྱི་རོལ་ཏུ་འོངས་ཏེ་འཇིག་རྟེན་ཞིག་རི་མོར་བཀོད། ལོ་ཟླ་ཇི་སྙེད་ཅིག་རིམ་གྱིས་འདས་རྗེས། ཁོས་རྟ་མཆོག་དང་རྒྱུ་སྐར། སྡོད་གནས་དང་ཡོ་ཆོས། ཉ་མོ་དང་གླིང་ཚོམ། མཚོ་ཁུགས་དང་གྲུ་གཟིངས། རྒྱལ་ས་དང་ཚོ་ཁག རི་ཀླུང་དང་མི་སྒེར་རེ་རེ་བཞིན་བསམས་ཤིང་སེམས་ཀྱིན། སྟོང་དབྱིངས་ཤིག་མིས་ཁེངས་པར་བྱས

ཆེས་ལེགས་པའི་སྙན་ཚིག་དེ་སྐད་གསང་མཐོ་པོས་གྱེར་ངེས། ཀློང་མཁན་ལེགས་པོ་ཞིག་གིས་སྙན་ཚིག་དེ་གདངས་དབྱངས་མདའ་མོའམ། ཁུ་སིམ་མེར་ཀློག་མི་སྲིད། གལ་ཏེ་ང་ཚོས་སྙན་ཚིག་ཅིག་ཁ་རོག་གེར་བཀླགས་ཚེ། དེ་ནི་ཆེས་ཕུལ་དུ་བྱུང་བའི་སྙན་དངགས་ཤིག་ཡིན་མི་སྲིད། སྙན་ངག་གིས་ཆེས་བླ་ན་མཐོ་བའི་དབྱངས་འགྲོས་སློང་ངེས། སྙན་རྩོམ་གྱིས་རྒྱུན་པར་སྨྱུག་རྩལ་བློས་བསླངས་མ་བྱས་སྔོན་ལ། ངག་གི་སྒྱུ་རྩལ་ཝ་ལེར་དྲན་ངེས་ལ། དེ་ནི་ཆེས་ཐོག་མའི་གླུ་སྒྲ་ཡིན་པའང་ཚོར་སྲིད

ཁྱེད་ཀྱིས་ཉིན་མོས་དུས་ཚོད་གཞལ་མི་ཐུབ་པ་ནང་བཞིན། ཁྱེད་ཀྱིས་དངུལ་ལོར་གྱིས་ཨ་སྒོར་ཡང་གཞལ་ཐབས་མེད། རྒྱུ་མཚན། ཨ་སྒོར་ཡང་ཉིན་མོ་རེ་རེའམ། ཐ་ན་དུས་ཚོད་རེ་རེའི་འགྱུར་ལྡོག་དང་ཤིན་ཏུ་འདྲའོ

རྩོམ་མཁན་ཞིག་གིས་ཁོའམ་མོ་ལ་ལེགས་ཉེས་ཀྱི་ལས་ཅི་ཞིག་བྱུང་བ་དེ་བརྩམ་བྱའི་བརྗོད་སྙིང་དུ་སེམས་པར་ངས་ཡིད་ཆེས་གཙང་མ་བྱེད། ང་ཚོར་སྤྲད་པའི་ལས་དོན་ཡོད་ཚད་དམིགས་འདུན་ཞིག་གི་ཕྱིར་ཏུ་ཡིན་ཀྱང་། སྒྱུ་རྩལ་པ་ཞིག་ལ་མཚོན་ན། དེ་བས་ཀྱང་ཆེས་ཛ་དྲག་པོར་ཚོར་འོངས། ང་ཚོར་བྱུང་ཟིན་པའི་ལེགས་ཉེས་ཡོད་ཚད༼ཁྱེད་གསོད་དང་རྐྱེན་ངན་བར་ཆད་སོགས་ཀྱང་འདུ༽ཚོས་མདོག་དང་འདམ་བག་ལྟར་ང་ཚོར་སྤྲད་པ་ཡིན་སྟབས། ང་ཚོས་རང་ཉིད་ཀྱི་སྒྱུ་རྩལ་བཞེང་བསྐྲུན་བྱེད་དགོས་ཀྱང་སྲིད

---------------བྷོར་གྷེ་སི(Jorge Luis Borges)

མདུན་ཅོག་ཅིག་གི་སྟེང་། བློ་གྲོས་ཅན་གྱི་མི་ལ་གླེང་མོལ་ཐེངས་གཅིག་བྱས་པ། མི་ལོ་བཅུ་ཕྲག་རིང་གི་དཔེ་ཀློག་ལས་ལེགས

མི་ཚང་མར་རང་ཉིད་ཀྱི་སྐྱོ་སྡུག་གི་གསང་བ་རེ་ཡོད་ཅིང་།

དེ་འཇིག་རྟེན་གྱིས་གཏན་ནས་མི་ཚོར།

དུས་ནམ་ཀུན་ཏུ་སྐྱོ་སྡུག་ཁོ་ནས་གཙེས་པའི་མི་ལ།

ང་ཚོས་མི་ཞིག་གྲང་གི་འདུག་ཅེས་བརྗོད

-----------ཧན་རེ་བོ་ཊི་བོ་ཐི(Henry Wordsworth)

གལ་ཏེ། ངས་བརྩམས་ཆོས་ཤིག་བཀླགས་ཤིང་།

དེས་མེ་དྲོད་མེད་ལ་འཁྱག་རེངས་སུ་གྱུར་བའི།

ངའི་ལུས་ཁམས་ཧྲིལ་བོར་དྲོད་ཁོལ་སྟེར་ནུས་ཚེ།

དེ་ནི་སྙན་དངགས་ཡིན་པ་ངས་རྟོགས་བྱུང

རེ་བ་ནི་གཤོག་ལྡན་ཞིག་སྟེ།

བླ་སྲོག་གི་གདང་བུའི་སྟེང་ནས།

ཚིག་འབྲུ་མེད་པའི་གླུ་སྒྲ་འཇགས་མེད་གྱེར་འོངས

------------ཨེ་མའེ་ལེ་ཊ་ཁའེ་སན(Emily Dickinson)

སྙན་དངགས་མཁན་ནི་བྱེའུ་ཀ་ལ་པང་ཀ་ཞིག་སྟེ། ཁོ་བོ་མུན་ཁྲོད་དུ་སྡོད་ཅིང་།

སྙན་འཇེབས་ཀྱི་གླུ་སྒྲར་བརྟེན་ནས།

མི་མེད་ལུང་སྟོང་གི་མྱ་ངམ་ཐང་ཆེན་དུ་སྤྲོ་སྣང་བསུ

འབྱུང་འགྱུར་ལ་མ་འཚེར། འདས་སོང་ལ་མ་བཤུམ

ལོ་རྒྱུས་ནི། མི་ཞིག་གི་དྲན་པའི་ངོས་སུ། དུས་ཀྱིས་བྲིས་བའི་བསྐྱར་ཟློས་སྙན་ཚིག་ཅིག

སྡེ་གཟར་ནི། སྲིད་སྐྱོང་བ་ཚོའི་གཡོ་ཟོལ་དང་། ཆོས་དཔོན་ཚོའི་དགའ་མགུ ཁྲིམས་རྩོད་པའི་བཞད་གད། ལྐོག་གསོད་པའི་ཚོང་ལས་ཤིག

སྙན་ངག་པ་ཚོ། སུས་ཀྱང་ངོས་ལེན་མི་སྲིད་པའི་འཇིག་རྟེན་གྱི་ཁྲིམས་བཟོ་ལྷན་ཚོགས་ཤིག

----------------ཞའེ་ལའེ(Shelley)

ཚེ་སྲོག་ནི་འགུལ་ཞིང་ཆས་པའི་གྲིབ་གཟུགས་ཤིག

ཡང་ན། སྙིང་ཉེ་བའི་གར་མཁན་ཞིག་སྟེ།

སྒེག་པའི་འགྲོས་དང་བསྡེབས་ནས་རང་གི་མི་ཚེ་གར་སྟེགས་སྟེང་རྫོགས་རྗེས།

གྲགས་འགུལ་ཅི་ཡང་དབེན། དེ་ནི་གླེན་པས་གནའ་གཏམ་གློད་པ་དང་འདྲ་དེ།

སྡང་ཞིང་ཁྲོ་བའི་ཀི་ཅོ་ཙམ་དང་མདོ་མེད་ཉོག་གཏམ་འབའ་ཞིག

---------------------ཝེ་ལེམ་ཞ་ཁི་སི་ཕེར(William Shakespeare)

མི་རྣམས་ཀྱིས་རང་གི་ལང་ཚོའི་རྨི་ལམ་དོར་ཟིན་ཟེར་བ་མི་བདེན་ཏེ། རྒྱུ་མཚན། ཁོ་ཚོ་རྒས་འཁོགས་སུ་གྱུར་བས་སོ།། ཁོ་ཚོ་རྒས་འཆོལ་ཏུ་གྱུར་ཕྱིན། ཁོ་ཚོས་རང་གི་ལང་ཚོའི་རྨི་ལམ་དོར་བའོ

མི་ཚེའི་གནད་དོན་ནི། ཁྱེད་ལ་བྱུར་རྐྱེན་ཅི་ཞིག་བྱུང་བ་དེ་མ་ཡིན་ཀྱང་། ཁྱེད་ཀྱིས་མི་ཚེའི་གནད་དོན་ཅི་ཞིག་ཚོར་བའམ། ཅི་ལྟར་ཚོར་འོངས་པ་དེའོ

---------------མེ་སི་ཊི་རད(Gabriela mistral)

ངའི་མི་རིགས་ཀྱི་ཞལ་རས། མཚན་མོ་ལྟར་མཛེས་ཤིང་།

ངའི་མི་རིགས་ཀྱི་མིག་ཟུང་། སྐར་ཚོམ་བཞིན་སྙིང་དུ་སྡུག

ཉི་མའི་སྒེག་ཉམས་བཞིན། ངའི་མི་རིགས་ཀྱི་བླ་སྲོག་ཀྱང་ཡིད་དུ་འོང

----------------ལིན་སི་ཐོན་ཧའོ་ཟི(Langston Hughes)

མི་ཡུལ་འདི་འཆི་འདས་དང་འཇིགས་སྐྲག་གིས་བལྟམས་པས།

ཡང་ནས་བསྐྱར་དུ། ངས་རང་ཉིད་ལ་སེམས་གསོ་རེ་བྱེད་བཞིན།

དམྱུལ་ཁམས་དཀྱིལ་སྙིང་དུ་བཞད་པའི་མེ་ཏོག་དག་བཏུ་བར་འབད

སྐད་ཆ་དང་རྩོམ་འབྲི། བརྩམས་ཆོས་ཅི་ཡང་སྟོང་བས། ལོ་རྒྱུས་བདོག་པ་མིན་ལ། མིའི་རིགས་ཀྱི་གོ་རྟོགས་ཀྱང་ཡོད་མ་ཡིན

ཁྱེད་ཀྱིས་ཚོར་འོང་བ། ང་རང་ཉིད་ཀྱི་རྨི་ལམ་དུ་འཚོ་བ་དེའོ།། རྒྱུ་མཚན། མི་གཞན་དག་ཀྱང་རང་རང་གི་རྨི་ལམ་དུ་འཚོ་སྲིད། ཡིན་ནའང་། རྨི་ལམ་དེ་དག་ཁོ་ཚོ་རང་ཉིད་ཀྱི་མ་ཡིན་པས། བདག་གི་རྨི་ལམ་དང་ཡེ་མི་འདྲའོ

ང་ཚོ་ཉི་མ་ཡིན། ང་ཚོ་ཟླ་བ་ཡིན། ཀྱེ། གྲོགས་པོ་ལགས། ང་ཚོ་རྒྱ་མཚོ་དང་སྐམ་ས་ཡིན། ང་ཚོའི་དམིགས་འདུན་ནི། ང་ཚོ་ཕན་ཚུན་ལ་འགྱུར་རྒྱུ་དེ་མ་ཡིན་པར། ང་ཚོས་ཕན་ཚུན་ངོ་ཤེས་པ་དང་ཕན་ཚུན་ལ་རྒྱུས་ལོན་བྱེད་པ། ཕན་ཚུན་གྱི་ལྡོག་འགལ་དང་འཐུས་ཚང་ལ་བརྩི་འཇོག་བྱེད་རྒྱུ་དེའོ

ཁྱེད་ཀྱིས་ཅི་ལྟར་བཙལ་ཡང་ཅི་ཡང་མ་རྙེད་པ་དེའང་། འཚོལ་སྙེག་ཅིག་གི་རིན་ཐང་ཡིན་སྲིད་ཅེས་ངས་ཁྱེད་ལ་ཅི་ལྟར་གློད་དམ

------------------ཧིར་མན་ཧེ་སི(Hermann Hesse)

ལོ་ན་ཕྲ་དུས། ང་དམར་ཕྱོགས་རིང་ལུགས་ཀྱི་ལྟ་བར་ཡིད་ཆེས་ཏེ། ངས་དམར་ཕྱོགས་ལམ་ལུགས་ལས་འཇིག་རྟེན་འདི་སྐྱོབ་ན་འདོད། ཆེར་མ་འགྱངས་པར། ངས་ཕུགས་འདུན་དེ་མངོན་འགྱུར་མི་སྲིད་པ་རྟོགས་ཀྱང་། ངས་ལར་ནས་རྫུ་བག་བྱས་མ་མྱོང

ང་རི་བོ་ཞིག་གི་ཟོམ་དུ་འཚོ་བ་འདྲ་བས། རི་སུལ་འདིར་རྒྱལ་ཁམས་པ་སུ་ཡང་ལམ་འཛོལ་འཐེབས་མི་གྲང

སྙན་ངག་གི་སྐད་ཆའི་ཁྲོད་ཀྱི་ཐ་སྙད་རེ་རེའི་ལྕི་ཡང་འདེགས་དུས། ཡོད་ཚད་རྒྱུན་ལྡན་ཞིག་མིན་ཏེ། སྙན་ངག་གི་མགོ་ཐོག་ཏུ་རྡོ་ཧྲུག་ཅིག་གམ། སྤྲིན་པ་ལེབ་མོ་ཙམ་ཡང་མི་སྣང་། སྙན་ངག་གི་སྐད་ཆའི་རྗེས་སུ། ཉིན་མཚན་ཡུག་གཅིག་གམ། འཇིག་རྟེན་འདིའི་འགྲོ་བ་སུ་ཞིག་གི་འཚོ་གནས་ཀྱང་བདོག་མི་སྲིད

རང་གི་ཞི་བདེ་ཞོད་འཇགས་ཀྱི་འཚོ་བ་རྩོད་ལེན་མི་གནང་བའི་རྩོམ་མཁན་དེ་དག ངས་གནས་དངོས་དཔག་ཐབས་བྲལ

ཟེར་སྒྲོས་སུ། མི་ཚེ་ནི་གྱ་ནོམ་ལོངས་སྤྱོད་སྣ་ཚོགས་ཀྱིས་ལྟེམས་པར་བཤད་ཀྱང་། བྱ་དངོས་ཡོད་ཚད་ཀྱི་གན་དུ་ད་དུང་ཁྲེལ་རྒོད་ཅིག་ཀྱང་ཡོད་པ་ཁྱེད་ཀྱིས་ངེས་པར་དྲན་འོས

རང་ངོ་མི་ཟིན་པར་གཞན་ལ་འགྲེལ་རྒྱུ་དེ་ལས་སླ་བ་ཞིག་མ་ཡིན

གད་སྙིགས་སུ་གཡུགས་པའི་དཔེ་དེབ་དེས་ཀྱང་། ང་ཚོར་བསམ་གཞིག་ཅིག་སྟེར་ངེས

---------------ཝེ་སི་ལ་ཝ་ཟེམ་བྷོར་སི་ཁཱ(Wislawa Szymborska Quotes)

ཁྱེད་ཀྱི་མིག་ཟུང་གིས་ཅི་ཞིག་གླེང་གིན་ཡོད་དམ། གསང་གཏམ་དེ། ངས་ཚེ་གང་བོར་བཀླགས་པའི་བརྩམས་ཆོས་དག་ལས་ཀྱང་ལྷག་པར་འཁུམས

ཆེས་རྒྱུན་ཆགས་སུ་གྱུར་བའི་ནོར་འཆུག་གི་གྲུ་ཟུར་གང་རུང་དུ། ངས་རང་ཉིད་གསར་རྟོགས་བྱུང

འཇིག་རྟེན་གྱི་ཆེས་མཐོ་ས་ནས། ངས་ཀླ་ཀློ་བའི་ཁྲེལ་རྒོད་ལྟ་བུའི་ཀི་ཅོ་རེ་འདེབས་སྲིད

ཉིན་བཞིན་ཁྱེད་ཀྱི་ཞལ་རས་ཉི་འོད་ཕྱོགས་སུ་འཁོར་དང་། གྲིབ་སོ་དག་ཁྱེད་ཀྱི་ལྟག་རྒྱབ་ཏུ་ཟགས་ངེས

ཁྱེད་སུ་ཞིག་ཡིན་ཀྱང་རུང་། ངའི་ལག་པ་ཁྱེད་ཀྱི་ཕྲག་གོང་དུ་བཞག ཁྱེད་ནི་ངའི་སྙན་ངག་ཡིན་སྲིད་དེ། ངའི་མཆུ་སྒྲོས་ཁྱེད་ཀྱི་ཐོས་པ་འཛིན་དབང་གི་ཉེ་བར་གཏད་དེ་ཤབ་ཤུབ་སྨྲ། བདག་རང་མཛའ་བོ་མཛའ་མོ་མང་པོར་དགའ་ནའང་། ཁྱེད་ལས་ལྷག་པའི་བརྩེ་དུངས་ཤིག་ང་ལ་ཡོད་མ་གྱུར

རང་གི་མི་ཚེའི་འཚོལ་སྙེག་གི་ལམ་དུ། ངའམ་གཞན་སུ་ཡང་ཞུགས་མ་ནུས། ཁྱེད་ཀྱིས་བགྲོད་པའི་ལམ་བུ་དེ་ཁྱེད་ཀྱི་ཉེ་ལོགས་ཤིག་ཡིན་གྱི། རྒྱང་རིང་རྒྱང་རིང་ཞིག་མིན་པའམ། ཁྱེད་ཀྱིས་མ་ངེས་པ་མ་གཏོགས། ཁྱེད་སྐྱེས་པ་ནས་བགྲོད་ལམ་དེའི་སྟེང་ཡོད་སྲིད་ལ། གཅིག་བྱས་ན། བགྲོད་ལམ་དེ་ཆུ་ཀླུང་དང་སྐམ་ས་གང་རུང་དུ་བདོག་ཀྱང་ངེས

ཞི་བདེ་ནི། དུས་ནམ་དུ་ཡང་ཆེས་མཛེས་ཤིང་ཡིད་དུ་འོང

---------ཝེ་ཐུ་མན(Walt Whitman)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1