༄༅།།ཇོ་མོ་གླང་མའི་མཐོ་ཚད་འཇལ་དགོས་དོན་ཅི་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 05-29




ད་ལྟའི་ཇོ་མོ་གླང་མའི་མཐོ་ཚད་ག་ཚོད་ཡིན་པ་ཁྱོད་ཀྱིས་ཤེས་སམ།


        2020ལོའི་ཟླ5པའི་ཟླ་སྟོད་ལ། ཇོ་མོ་གླང་མའི་ཉེ་འཁོར་གྱི་གནམ་ངོ་ལ་གཞིགས་ཏེ་མི་སྣ12ལས་གྲུབ་པའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རུ་དཔུང་ཞིག་ཇོ་མོ་གླང་མའི་རྩེ་ལ་འཛེགས་ཏེ་མཐོ་ཚད་འཇལ་འགོ་བརྩམས། འདི་ལས་རང་རྒྱལ་གྱི་ཆེད་ལས་ཚད་འཇལ་མི་སྣ་ཇོ་མོ་གླང་མའི་རི་རྩེ་ལ་ཐོག་མར་འཛེགས་ནས་མཐོ་ཚད་འཇལ་རྒྱུ་ཡིན་ལ། དེ་ལས་ཐོན་པའི་གཞི་གྲངས་ནི་ཡིད་རྟོན་རུང་ལ་དབང་གྲགས་ལྡན་པ་ཞིག་ཏུ་འགྱུར་ངེས། མཉམ་འཇོག་བྱེད་དགོས་པ་ཞིག་ལ། ལོ་ངོ60སྔོན་ཏེ1960ལོར། ཀྲུང་གོའི་རི་འཛེགས་མི་སྣ་ཝང་ཧྥུ་ཀྲོའུ་དང་ཆུས་དབྱིན་ཧྭ། མགོན་པོ་བཅས་ཇོ་མོ་གླང་མའི་རི་རྩེར་བདེ་བླག་ངང་འཛེགས་པ་ལས་མིའི་རིགས་ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེ་ལ་ཐོག་མར་འཛེགས་ཐུབ་པའི་ལོ་རྒྱུས་བསྐྲུན།

གླིང་དུམ་འགུལ་སྐྱོད་དང་གདོང་ཐུག་གི་དཔེ་རིས།

 ཅི་ཕྱིར་དཀའ་གནད་འདི་འགག་སྒྲོལ་བྱེད་དགོས་སམ། ཇོ་མོ་གླང་མའི་མཐོ་ཚད་ཐེངས་མང་པོར་འཇལ་ན་དོན་སྙིང་ཅི་ཞིག་ཡོད་དམ།

        རི་བོ་ཇོ་མོ་གླང་མ་ནི་ཀྲུང་གོ་དང་བལ་ཡུལ་གཉིས་འབྲེལ་མཚམས་ཀྱི་ཤར་སྣེ་རུ་ཆགས་ཡོད་ལ། འཛམ་གླིང་ཐོག་གི་རི་བོ་ཆེས་མཐོ་བའང་ཡིན། འདས་པའི་ལོ་ངོ10ནང་ལ། འཛམ་གླིང་ཡོངས་ནས་ངེས་ལེན་བྱེད་པའི་མཐོ་ཚད་ནི་སྨི8848ཡིན།
        ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་གྱི་ཚད་འཇལ་ལས་བྱེད་མི་སྣས་རི་བོ་ཇོ་མོ་གླང་མར་གཞི་རྒྱ་ཆེ་བའི་ཚད་འཇལ་དང་ཚན་རིག་རྟོག་ཞིབ་ཀྱི་ལས་ཀ་ཐེངས་དྲུག་བསྒྲུབས་མྱོང་། དེ་མ་ཟད། 1975ལོ་དང2005ལོ་གཉིས་ལ་སྔ་གཞུག་ཏུ་ཚད་འཇལ་ཐུབ་པ་དང་ཆབས་ཅིག ཇོ་མོ་གླང་མའི་མཐོ་ཚད་ཡོངས་བསྒྲགས་བྱས།
        1975ལོར། རང་རྒྱལ་གྱིས་ཚད་འཇལ་སྒྲིག་ཆས་ཐོག་མར་ཇོ་མོ་གླིང་མའི་རི་རྩེར་བཙུགས་ཏེ་ཇོ་མོ་གླང་མའི་མཐོ་ཚད་ནི་སྨི8848.13ཡིན་པ་ཚད་འཇལ་བྱས་ནས་ཤེས། 2005ལོར། ཇོ་མོ་གླང་མའི་མཐོ་ཚད་ཡང་བསྐྱར་ཚད་འཇལ་བྱས་ལ། རང་རྒྱལ་གྱི་ཚད་འཇལ་རུ་དཔུང་གིས་སྲོལ་རྒྱུན་གྱི་ཚད་འཇལ་བྱེད་ཐབས་དང་སྲུང་སྐར་ཚད་འཇལ་ཟུང་འབྲེལ་གྱི་ལག་རྩལ་སྤྱད་དེ་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ཁྲོད་དུ་གངས་ཁྲོད་རེག་བརྡ(雷达)འཚོལ་ཞིབ་སྒྲིག་ཆས་ཐེངས་དང་པོར་སྤྱད་ནས་གངས་ཀྱི་མཐུག་ཚད་འཇལ་བ་དང་། ཞིབ་ཚགས་ནན་ཏན་གྱིས་རྩིས་རྒྱག་བྱས་པ་ལས། ཇོ་མོ་གླང་མའི་རི་རྩེའི་བྲག་རྡོ་ངོས་ཀྱི་མཐོ་ཚད་སྨི8844.43ཡིན་པ་ཤེས།
        གཞི་གྲངས་འདི་ནི་རང་རྒྱལ་གྱི་སྲིད་འཛིན་དོ་དམ་དང་གསར་འགྱུར་སྒྲོག་སྤེལ། ཕྱི་ཕྱོགས་སྤེལ་རེས་སོགས་ཀྱི་བྱེད་སྒོ་དང་ཡོངས་ཁྱབ་ངང་འགྲེམ་སྤེལ་བྱེད་པའི་ས་ཁྲ་དང་སློབ་དེབ་སོགས་ཀྱི་གཞི་གྲངས་དབང་གྲགས་སུ་འགྱུར་སྲིད།

2005ལོར་ཚད་འཇལ་བྱས་པའི་མཐོ་ཚད།

 2020ལོར་རི་བོ་ཇོ་མོ་གླང་མའི་མཐོ་ཚད་ཡང་བསྐྱར་འཇལ་བ་ཅི་ཡིན་ནམ།

        2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལག་རྩལ་མཐུན་སྦྱོར་ཚོ་ཆུང་གི་འགོ་བའམ་ཀྲུང་གོའི་ཚད་འཇལ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཏང་ཡ་རྨིན་གྱིས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ལ་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཇོ་མོ་གླང་མའི་མཐོ་ཚད་ལ་འགྱུར་བ་བྱུང་བ་རེད། གཉིས་ནི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལག་རྩལ་ལ་ཡར་ཐོན་ཆེན་པོ་བྱུང་ཡོད་པས། ལག་རྩལ་གསར་པ་སྤྱད་ན་ཇོ་མོ་གླང་མའི་མཐོ་ཚད་ཡང་དག་པ་དེ་འཇལ་ཐུབ་ཅེས་བརྗོད། ཁོང་གིས་དུས་ཡུན་རིང་པོ་ཞིག་ལ་བལྟས་ན། ཇོ་མོ་གླང་མ་ནི་ལོ་རེ་ལ་ཧའོ་སྨི4.4འཕགས་བཞིན་འདུག འདི་ལྟར་བརྩིས་ན། ལོ་བཅུ་ལ་ལི་སྨི4ཡི་ཇེ་མཐོར་འགྲོ་བ་དང་། ལོ་སུམ་ཅུ་ལ་ལི་སྨི13ལྷག་ཇེ་མཐོར་འགྲོ་བ་རེད། གལ་ཏེ། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ཞིབ་ཚད་ནི་ལི་སྨི10ཡས་མས་ཡིན་ན། ལོ་ཉི་ཤུ་དང་སུམ་ཅུའི་རྗེས་ལ། ཇོ་མོ་གླང་མའི་མཐོ་ཚད་ཡང་བསྐྱར་འཇལ་དགོས་འདུག དུས་ཡུན་ཐུང་ཐུང་ལ་བལྟས་ན། ས་ཡོམ་ཐེངས་གཅིག་གིས་ཀྱང་ཇོ་མོ་གླང་མའི་མཐོ་ཚད་ལ་འགྱུར་བ་ཐེབས་སྲིད་ཅེས་གསལ་བཤད་བྱས།

ཇོ་མོ་གླང་མའི་སྨི5800ནས6500བར་གྱི་འཁྱགས་ཀློང་།

        ས་གཞི་ཚད་འཇལ་པ་ཁྲེང་ཅིན་ཡོན་གྱིས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ལ་ཕ་མས་དུས་བཅད་ལྟར་འཚར་ལོངས་དལ་བའི་བུ་ཕྲུག་གི་མཐོ་ཚད་འཇལ་བ་དང་གཅིག་འདྲ་རེད། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ངེས་ཤེས་གཏིང་ཟབ་བྱུང་བ་དང་བསྟུན་ནས། ཀྲུང་གོ་ཡིས་རང་གི་རྒྱལ་ཁབ་ཀྱི་ས་གཞི་ལ་ངེས་ཤེས་ཟབ་མོ་བྱེད་པ་ཡིན་ཞེས་བཤད།
        ད་ལོ་ནི་མིའི་རིགས་ཇོ་མོ་གླང་མའི་བྱང་ངོས་ནས་ཐོག་མར་རི་རྩེར་འཛེགས་ཏེ་ལོ་ངོ60འཁོར་བའི་ལོ་ཡིན་ལ། ཀྲུང་གོས་ཐེངས་དང་པོར་ཚད་འཇལ་ཞིབ་མོ་བྱས་པ་དང་གཞི་གྲངས་བསྒྲགས་པའི་ལོ་ངོ45འཁོར་བའི་ལོའང་ཡིན། ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན།


སྔོན་ཆད་ཀྱི་ཚད་འཇལ་ཡོ་བྱད།


        ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་དམིགས་ཡུལ་གཙོ་བོ་ནི་ཇོ་མོ་གླང་མའི་མཐོ་ཚད་ཞིབ་མོ་འཇལ་རྒྱུ་དང་དེའི་གྲུབ་འབྲས་སའི་གོ་ལའི་སྒུལ་ཤུགས་རིག་པ་དང་གླིང་དུམ་འགུལ་སྐྱོད་སོགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་སྤྱོད་རྒྱུ་དེ་ཡིན། ཇོ་མོ་གླང་མའི་རི་རྩེའི་གངས་ཀྱི་མཐུག་ཚད་དང་གནས་གཤིས། རླུང་ཤུགས་སོགས་ཀྱི་གཞི་གྲངས་ཡང་དག་པ་རྣམས་འཁྱགས་ཀློང་ཚད་འཇལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཞིབ་འཇུག་ཕྱོགས་ལ་རྒྱུ་ཆ་ཐོག་མ་འདོན་སྤྲོད་བྱེད་ཆོག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1