ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 06-01


        དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས། 
        ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱ་ཆེའི་ལོ་ཆུང་བྱིས་པ་དག་གིས་ཀྱང་དམིགས་བསལ་གྱི་དུས་སྐབས་ཤིག་ཉམས་སུ་མྱངས་ཡོད། ཀྲུང་གོའི་མི་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་དང་དཀའ་ཁག་གདོང་གིས་བསུ་བའི་རླབས་ཆེན་མཛད་པ་དངོས་སུ་མིག་གིས་མཐོང་བར་མ་ཟད། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱེད་པ་དང་། དོན་དངོས་བྱ་སྤྱོད་ལས་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པའི་བར། རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བསམ་བློའི་རྣམ་པ་བཟང་བོར་མངོན་པར་བྱས་ཡོད་ཟེར། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་དར་ན་རྒྱལ་ཁབ་དར་རྒྱས་ཀྱི་མཚོན་རྟགས་ཡིན། དེང་རབས་ཀྲུང་གོའི་ལོ་ཆུང་བྱིས་པ་ནི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་དཔང་མི་ཡིན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་ཡིན། རྒྱ་ཆེའི་ལོ་ཆུང་བྱིས་པ་དག་གིས་དཀའ་སྤྱད་འབད་བརྩོན་གྱིས་ཤེས་བྱ་སྦྱངས་པ་དང་ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་བ། སེམས་འདུན་བརྟན་པོ་ཡོང་བར་སྦྱོང་བ། ལུས་སྟོབས་བཟང་བོ་སྦྱོང་བརྡར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དུས་ངེས་མེད་དུ་གྲ་སྒྲིག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་བྱིས་པར་ཐུགས་ཁུར་བྱེད་པ་དང་། ལོ་ཆུང་བྱིས་པ་བདེ་བླག་ངང་འཚར་ལོངས་འབྱུང་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས། གུང་གཞོན་ཚོགས་པ་དང་ན་གཞོན་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་ཁུར་དུ་ལེན་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་བ་གསོ་སྤེལ་བྱེད་པར་དམིགས་ཤིང་། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། རྒྱུན་ཆད་མེད་པར་བཅོས་སྒྱུར་གསར་གཏོད་དང་བྱ་བ་ཧུར་ཐག་སྒོས་སྤེལ་ཏེ། ཏང་གི་ལོ་ཆུང་བྱིས་པའི་ལས་དོན་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1