༄༅།།ལྷ་རྩེད། དོ་དགོང་ངས་ཁྱོད་རང་དྲན།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-04


རམས་ཚེ་བྷོ།


གསེར་ལྡན་སྟོན་གྱི་ལང་ཚོ།
འདི་ལྟ་བུའི་མཚན་མོ་གྲངས་མེད་ཅིག་ལ་ང་ཡེ་ནས་གཉིད་མ་ཡོང་།
ལོ་འདི་དག་ལ་ཟི་ལིང་སྨུག་གིས་བཟུང་ཡོད།
སེམས་པ་ཆར་གྱིས་བརླན་ཡོད།
བདག་གི་སྙན་ངག་ལ་ཐན་སྐམ་ཤོར་བས།
རླུང་འཚུབ་རྩུབ་པོ་དེ་ཡི་རྒྱབ་ལོགས་ནས། ངས།
གྲོང་ཁྱེར་གྱི་ས་སྲོད་རུམ་ལ་བཅུག་སྟེ།
ལྷ་རྩེད་ཀྱི་གླུ་སྐད་སེམས་ཀྱིས་བསྒོམ་ཡོད།

ལྷ་རྩེད། ཇི་འདྲའི་གཏམ་རྒྱུད་ཀྱི་ལྡུམ་ར་ངོ་མཚར་ཞིག
ལྷ་རྩེད། ཇི་འདྲའི་སྙིང་གཏམ་གྱི་བཞོ་དབྱངས་སྙན་མོ་ཞིག

དོ་དགོང་གི་མཚན་མོ་མྱ་ངམ་གྱི་ཐང་ཆེན་བཞིན།
ཅེ་སྤྱང་གི་ངུ་ཟུག་རྒོད་ཅིང་།
རྔོན་པའི་བོའུ་སྐད་བྲག་ཅ་བཞིན་འཁོར་བས།
ངས། སྔར་བཞིན་གཉིད་མི་ཡོང་བར་ཕ་ཡུལ་གྱི་མཚན་ལྗོངས་དྲན།
རྨ་ཆུའི་ཡེར་མོ་བཞིན་བཞུར་བའི་ལྷ་རྩེད་ཀྱི་མི་ཚོགས་ཁྲོད་ན།
མིག་ཟུང་ཟི་ལིང་དུ་ཕྱོགས་པའི་མཛའ་མོའི་ཟུར་མདའ་ཡོད་དམ།

ལྷ་རྩེད། དོ་དགོང་ངས་དངོས་གནས་ཕ་ཡུལ་དྲན་བྱུང་།
ཕ་ཡུལ། སང་ཉིན་ང་ཅིས་ཀྱང་ལྷ་རྩེད་དུ་ཐོན་དགོས།
ཕྱི་རོལ་གྱི་རླུང་འཚུབ་དལ་གྱིས་འཇགས་སོང་།
མཁའ་མཐའི་ཁེར་རྐྱང་གི་སྐར་མ་འོད་ཆེན་ཞིག
ཏག་ཏག་བདག་གི་སྒེའུ་ཁུང་གི་ཟུར་ཏུ་བབས་ཏེ།
ཕྲག་དོག་གི་མིག་འོད་ཀེམ་ཀེམ་དུ་གཡོས་ཀྱང་།
ལྷ་རྩེད་དང་ཟླ་འོད་མེད་པའི་མཚན་མོ་འདི་ལ།
བསེར་བུའི་རྒྱུ་ལམ་ཙམ་ཡང་མེད་པའི་བདག་གི་མཐའ་འཁོབ་ཏུ།
བདག་ལ་ཁ་ཡ་གནང་མཁན་དང་སེམས་གཏམ་གླེང་མཁན་གཅིག་ཀྱང་མི་མཁོ།

ནམ་ལངས་ཟིན། བདག་གི་སྔས་འགྲམ་དུ་ཆར་བ་བབས།
དྲན་གདུང་དང་སྡུག་ཡུས་ཀྱི་སྙན་ངག་རེ་རེ།
ལྷ་རྩེད་ཀྱི་མཛའ་གཞས་བཞིན། ཆར་བ་ལྟར།
བདག་གི་སྔས་གོང་ལ་སིམ་སིམ་དུ་བབས། སིམ་སིམ་དུ་བབས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1