༄༅།།ཚ་ཁོག་འགྲིམ་པའི་མྱོང་ཚོར།

གངས་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05


གངས་དབང་།

    སྲན་མ་གྱང་ལ་གཏོར་ནས་འཐོར་བ་ལྟར་བོད་པའི་མི་རྣམས་ནི་ས་མཐོ་སའི་ཟ་ཟུར་ཀུན་ལ་ཁྱབ་ཡོད་པ་ཞིག་རེད། གཡག་རྔ་གྲོང་ཁྱེར་གྱི་ཧྲི་མན་རྫོང་གི་མངའ་ཁོངས་སུ་བོད་རིགས་གྲོང་རྡལ་བཞི་ཙམ་ཡོད་པ་སྔར་ནས་ཐོས་མྱོང་མོད། དེ་ཚོའི་གནས་ཚུལ་ཞིབ་ཕྲ་ད་བར་དུ་རྒྱ་བོད་ཡིག་གཉིས་ནས་མཇལ་མ་ཐུབ། གལ་སྲིད་རང་ཉིད་དངོས་སུ་བཅར་ན་ས་ཆ་དེ་དག་གི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། འགྲོ་འདུག་སྡོད་གནས། རི་ཆུ་རྩི་ཤིང་སོགས་དབང་པོའི་ཡུལ་དུ་གྱུར་ཏེ་རང་ཚོད་ཀྱིས་འདི་དང་དེ་ཞེས་ཁ་སྒོ་འབྱེད་ཆོག་པས། ཁ་བ་བབས་ཏེ་གྲང་ངར་ཆེ་བའི་དགུན་དུས་འདིར་སེམས་ཀྱི་གངས་དགའ་དང་མཉམ་དུ་དར་མདོ་ནས་གོམ་ཁ་བསྒྱུར་འགོ་ཚུགས།


        ཡུན་རིང་ནས་འགྲོ་འདོད་ཆེ་བའི་ཡུལ་ཞིག་ལ་དངོས་སུ་འགྲོ་དུས་སེམས་ནང་དེ་མ་ཐག་ཏུ་སླེབས་ན་སྙམ་སྟེ་བྲེལ་འཚུབ་ལངས་པ་ཞིག་རེད། དར་མདོ་ནས་འགོ་བཙུགས་ཏེ་ལྕགས་ཟམ་རྫོང་དང་། རི་མཇུག གདན་འོག གདན་ཐོག་བཅས་བརྒྱུད་ནས་ཧྲི་མན་རྫོང་ལ་མ་སླེབས་གོང་། ཐེན་ཝང་ཆུ་ཞེས་པ་ཞིག་བཞུར་འོངས་པའི་ལུང་པ་དེ་དེད་ནས་འགྲོ་དུས། གཏིང་ཟབ་པའི་ལུང་པར་གྲམ་རྡོ་ཆེ་ཆུང་མང་པོ་སྤུངས་ཡོད་ལ་ཆུ་ནི་རྟ་གཅིན་ཙམ་ལས་མེད་པ་ནི་གཅིག་ནི་དགུན་དུས་ཤར་བ་དང་གཉིས་ནི་ལུང་པའི་སྦུབས་ལ་ཆུ་གློག་བཙུགས་པས་ཡིན་ངེས།
        ལུང་པ་དེའི་གཡས་ཕྱོགས་ཀྱི་གཞུང་ལམ་འགྲམ་དུ་ཐོག་མར་ཐུག་པ་ནི་ཐེན་ཝང་དབྱིས་རིགས་གྲོང་རྡལ་དང་། དེ་ནས་མི་འགྱངས་པར་ཚ་ཁོག་བོད་རིགས་གྲོང་རྡལ་མིག་ལམ་དུ་མངོན་བྱུང་། དེ་ཡང་ལ་ལས་ཚ་ཁོག་ནི་ཁམས་ཀྱི་མི་ཉག་པ་འདུས་སྡོད་བྱེད་ས་ཡིན་ཟེར་ལ། འགའ་ཞིག་གིས་རྒྱལ་རོང་ཚ་ཁོག་དང་འབྲེལ་བ་ཡོད་ཟེར། ངས་མུ་མཐུད་དེ་གཞུང་ལམ་དེད་དེ་ལམ་འགྲམ་ན་མི་ཉག་དང་། ཡང་ན་རྒྱལ་རོང་གི་ཆ་ལུགས་སྤྲས་པའི་མི་དང་ས་གནས་དེ་གཉིས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་བཅས་ཨེ་མཐོང་གི་རེ་བས་མིག་ཟུང་བགྲད་དེ་བལྟས་ཀྱང་། མི་ཉག་དང་རྒྱལ་རོང་མ་ཟེར། བོད་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བས་མཚར་སྣང་དང་བཅས་སེམས་ནང་སྐྱུར་སིར་སིར་དང་སྐྱོ་ལྷང་ལྷང་ཞིག་འགོག་མེད་དུ་སྐྱེས་ཀྱང་། རེ་ཐག་མ་བཅད་ནས་མུ་མཐུད་དེ་འགྲོ་དུས། ས་བབ་ཇེ་མཐོར་འཕགས་ཏེ་དགོང་མོར་བབས་པའི་ཁ་བ་མཐུག་པོ་དཀར་སེང་སེང་དུ་བཀྲ་བས་བོད་ཡུལ་དུ་འགྲོ་སྣང་སྐྱེས། ལུང་པའི་སྟོད་ཙམ་ལ་སླེབས་དུས་ཐེན་ཝང་ཆུ་ནི་གཡས་གཡོན་གཉིས་ཀྱི་ལུང་པ་སོ་སོ་ནས་བཞུར་བའི་ཆུ་གཉིས་ལྷན་དུ་འདུས་པ་ཞིག་རེད་འདུག ཆུ་བོ་གཉིས་ཀྱི་འདུས་མདོར་ཟམ་པ་ཞིག་བཙུགས་ཡོད་པ་དེ་བརྒལ་ནས་གཡོན་ཕྱོགས་ཀྱི་ལུང་པར་འགྲོ་དུས་ལམ་འགྲམ་ལ་བ་མོ་དང་རྟོལ་ལེ་གཅིག་རྗེས་གཉིས་མཐུད་དུ་མཐོང་དུས། ད་ནི་བོད་རིགས་ཡོད་ས་ཞིག་ལ་སླེབས་པས་ཚ་ཁོག་བོད་རིགས་གྲོང་རྡལ་ཞེས་པའང་མིང་ཙམ་ལས་མེད་པ་ཞིག་རེད་མི་འདུག་བསམ། སྤྱི་ལེ་བཅུ་བཞི་ཙམ་སོང་མཚམས་ཡུལ་སྐོར་བའི་ས་ཚུགས་ཤིག་ལ་ཐུག  ས་ཚུགས་དེའི་བདག་པོ་ནི་མི་ཉག་པ་ཕོ་སར་ཞིག་རེད། མི་ཉག་ཡུལ་སྐད་དང་རྒྱ་སྐད་ལས་ཁམས་སྐད་ནི་ཤེས་བཞིན་མི་འདུག ཁོ་དང་ཁ་བརྡ་བྱེད་དུས་ས་ཆ་འདི་ནི་དར་མདོ་གྲོང་ཁྱེར་གངས་དཀར་རི་བོ་གྲོང་རྡལ་གྱི་མངའ་ཁོངས་ཡིན་ལ། འདིའི་ཡན་ལ་རྐང་ཐང་གིས་སྤྱི་ལེ་ལྔ་ཙམ་སོང་ན་དཔའ་དབང་མཚོ་ཞེས་པ་ཞིག་ཡོད། དེ་ནས་སོང་ན་འཚེ་མེད་གྲོང་དང་གངས་དཀར་རི་བོའི་ཕྱོགས་སུ་འགྲོ་ཐུབ་པ་དང་། ཟམ་པའི་གོང་གི་གཡོན་ཕྱོགས་ནས་དཔའ་དབང་མཚོ་ལས་འབབ་པའི་ཆུའི་བརྒྱུད་ནི་དར་མདོ་གྲོང་ཁྱེར་གྱི་ཁོངས་དང་། གཡས་ཕྱོགས་ནས་རི་གྲོང་མཚོ་ལས་འབབ་པའི་ཆུའི་བརྒྱུད་ནི་ཚ་ཁོག་ཤང་གི་མངའ་ཁོངས་ཡིན་ཞིང་། ཆུ་གཉིས་ལྷན་དུ་འདུས་ཏེ་ཚ་ཁོག་ལུང་པར་བཞུར་བ་ལ་ཐེན་ཝང་ཆུ་ཟེར་བ་གཞི་ནས་ཤེས།

ལོ་རྒྱུས་ཀྱི་ཐལ་རྡུལ་ཁྲོད་ཡིབ་པའི་ཡིག་འབྲུ། 

        དགོང་མོར་ཁ་བ་བབས་ཏེ་མཐུག་པོར་ཆགས་འདུག་པས་སྟོད་ན་ཡོད་པའི་དཔའ་དབང་མཚོ་མཇལ་སར་འགྲོ་མ་ཐུབ་ཀྱང་། རྗེས་སུ་ས་འདི་ནས་གངས་དཀར་རི་བོ་དྲང་སྐོར་བྱེད་ཐུབ་པའི་སྨོན་ལམ་ཡང་ཡང་བཏབས་རྗེས། ད་ཅི་ཡར་འོངས་སའི་ལམ་ལ་ཕྱིར་ལོག་སྟེ་ཚ་ཁོག་གྲོང་རྡལ་གྱི་ཧི་ཕིང་གྲོང་སྡེ་བཞི་པར་སླེབས། ཁ་བ་བབས་པས་གྲང་ངར་ཆེ་བས་ཡིན་ནམ། ཡར་འགྲོ་མར་འོང་གི་རླངས་འཁོར་ལ་བྱོལ་བ་ཡིན། དུད་ཁ་སོ་སོའི་སྒོ་ཁ་ན་རྩེད་མོ་རྩེ་བའི་བྱིས་པ་གཅིག་ཀྱང་རིག་རྒྱུ་མི་འདུག རྒྱ་ཁང་ལེབ་ལེབ་འགའ་ཡི་ཁང་ཐོག་ནས་ཆད་ལ་མ་ཆད་ཙམ་གྱི་དུ་བ་འཕྱུར་བཞིན་སྣང་། ཚོད་ཚོད་ཀྱིས་དུད་ཚང་ཞིག་གི་སྒོ་ཁ་རུ་སོང་སྟེ་བོས་དུས། ལོ་ན་ལྔ་བཅུ་ཙམ་གྱི་བུད་མེད་ཅིག་གིས་སྒོ་ཕྱེས་བྱུང་། ངས་མོ་ཚང་བོད་རིགས་ཡིན་མིན་དང་བོད་སྐད་ཤེས་མིན། ས་གནས་འདིའི་རི་ཆུའི་མིང་དང་། དེ་དག་ལ་དམངས་ཁྲོད་ཀྱི་ངག་རྒྱུན་ཡོད་མེད་བཅས་དྲི་བ་མང་པོ་བཏོན་མ་ཐག མོས་ཅུང་དོགས་མ་བདེ་བའི་ངང་ནས་ང་ཚོ་བོད་པ་ཡིན་ཡང་ཕ་མའི་རིང་ལ་བོད་སྐད་ཅུང་ཤེས་པ་མ་གཏོགས་ང་ཚོས་བོད་སྐད་ཚིག་གཅིག་ཀྱང་མི་ཤེས་ཞེས་ཟེར་བཞིན་རུམ་ནང་ལག་ཁྱེར་ཐོབ་ཐང་བླངས་ཏེ་བསྟན། ལག་ཁྱེར་ཐོབ་ཐང་ཐོག་ལ་མི་རིགས་ནི་བོད་རིགས་ཞེས་བྲིས་པ་ཙམ་ལས་མིང་ནི་རྒྱ་མིང་རེད་འདུག་ལ། ས་གནས་འདིའི་རི་ཆུའི་མིང་དང་དམངས་ཁྲོད་ཀྱི་བཤད་སྲོལ་ནི་ཅི་ཡང་གོ་བཞིན་མེད་པས་ཅུང་ཡིད་ཕངས་པའང་དགོད་ཤོར་ཡང་། དེ་འདྲའི་ངོ་མདོག་བསྟན་ན་གཞན་ལ་གུས་བཀུར་མ་ཤེས་པའི་རྟགས་ཙམ་ལས་གོ་ཅི་ཡང་མི་ཆོད་པས་མུ་མཐུད་དེ་དུད་ཚང་གཞན་ཞིག་གི་ནང་ལ་སོང་དུས། ལོ་ལོན་གཅིག་དང་ཕོ་སར་གཉིས་བཅས་ཀྱིས་ཇ་ཁང་ཐབས་ཆག་ཅིག་ནང་མེ་ལྡེ་བཞིན་འདུག ཁོང་ཚོས་ང་མཐོང་མ་ཐག་ཁ་འཇམ་ཚིག་འཇམ་གྱིས་ནང་ལ་བསུས་ཏེ་ཐབ་ཀའི་འགྲམ་དུ་བསྡད་བཅུག་པར་མ་ཟད་འཁྱག་ལྟོགས་ཡོད་མེད་ཀྱི་འཚམས་འདྲི་བྱས་པས་བོད་མིའི་མགྲོན་རྩིས་ཆེ་བའི་སྲོལ་བཟང་ད་དུང་ཉམས་མི་འདུག་སྙམ་སྟེ་སེམས་པའང་དྲོ་ལྷང་ལྷང་དུ་གྱུར།

        ཁོ་མོར་ཚེ་རིང་སྒྲོལ་མ་ཟེར་ཞིང་ལོ་བརྒྱད་ཅུར་སོན་འདུག ལོ་ཆུང་དུས་སུ་མི་ཉག་ཕྱོགས་ནས་གནས་འདིར་མནའ་མར་འོངས་པས་ད་ལྟར་མི་ཉག་གི་སྐད་མང་པོ་བརྗེད་ཚར་ལ་ཕོ་སར་གཉིས་ནི་མོའི་བུ་ཆེ་ཆུང་གཉིས་ཡིན་ཡང་བོད་སྐད་ཚིག་གཅིག་ཀྱང་ཤེས་བཞིན་མི་འདུག

ཚ་ཁོག་བོད་མིའི་གྲོང་རྡལ།

        མི་རིགས་ཤིག་གཞན་དུ་འགྱུར་ཡོད་མེད་ནི་སྐད་ཡིག་མ་ཚད་རིགས་དེའི་མི་རྣམས་ཀྱི་ཤ་གསེང་རུས་གསེང་དུ་ཟིན་པའི་དད་མོས་དང་འཛེམ་བྱ། བསྲུང་བྱ་སོགས་འགྱུར་ཡོད་མེད་ལ་ལྟ་དགོས་པས་ངས་ཨ་ནེ་ཚེ་རིང་སྒྲོལ་མ་ལ་ཁྱིམ་ནང་མཆོད་ཁང་ཡོད་མེད་དང་། དུས་རྒྱུན་ཁ་ཏོན་དགེ་སྦྱོར་དང་ཕྱག་འཚལ་བསྔོ་སྨོན་བྱེད་སྲོལ་ཡོད་མེད་དྲིས་པར། མོས་ཅུང་ཡིད་ཕངས་པའམ་ངོ་ཚ་བའི་སྒོ་ནས་སྔོན་མར་འདོན་སྲོལ་ཡོད་པས་མ་ཚད་རྒྱལ་བ་ཀརྨ་པའི་སྐུ་ཞིག་ཀྱང་ཡོད་མོད། རྗེས་སུ་འདོན་གྲངས་ཇེ་ཉུང་དུ་གྱུར་ལ་སྐུ་པར་དེའང་གར་སོང་མི་ཤེས་ཟེར། དགའ་ཕྱོགས་དང་དད་མོས་ཕྱོགས་གཅིག་ཏུ་མཐུན་པའི་ཁོར་ཡུག་ནང་མི་བུ་གཅིག་གིས་རང་ཉིད་ཀྱི་དད་མོས་སྲུང་སྐྱོང་བྱེད་དགོས་པ་ནི་དཀའ་ཁག་ཅན་ཞིག་ཡིན་པ་ངས་ཤེས་མོད། ཚོད་ལྟའི་སྒོ་ནས་ཨ་ནེ་ཁྱེད་རང་ལོ་མཐོན་པོར་ཆགས་འདུག་པས་གལ་སྲིད་ཚེ་མཇུག་ལ་དད་ས་དང་སྐྱབས་སུ་འགྲོ་ས་ཞིག་ཡོད་ན་ཞེས་ཟེར་མ་ཐག མོས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་འདུག་ས་ནས་ལངས་ཏེ། ངེད་གཉིས་ཀྱིས་སྐུ་པར་དེ་འཚོལ་དུ་འགྲོ་ཞེས་ང་ཁྲིད་དེ་ཁང་པའི་བརྩེགས་གཉིས་པར་སོང་། ཕར་སློག་ཚུར་སློག་བྱེད་དུས་ཁང་པའི་ཟུར་གྱི་གད་སྙིགས་སྤུངས་ས་ཞིག་ནས་དེ་སྔོན་གྱང་ལ་བཀར་བའི་ཆུ་ཚོད་འཁོར་ལོའི་སྒྲོམ་བུ་གྲུ་བཞི་མ་ཞིག་རྙེད་བྱུང་། ངོས་ལ་འདམ་པ་དང་ཐལ་བ་འགོས་ཡོད་པས་དེའི་ནང་ལ་སྐུ་པར་གང་འདྲ་ཞིག་ཡོད་པ་ཟུར་ཙམ་ཡང་མཐོང་མི་ཐུབ། ངས་ལམ་སང་གཙང་ཤོག་ལ་ཆུ་བསྐུས་ཏེ་ཡང་ནས་ཡང་དུ་ཕྱིས་པས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དགུང་ལོ་ཆུང་དུས་ཀྱི་སྐུ་པར་ཞིག་རིམ་བཞིན་གསལ་པོར་མཐོང་བྱུང་། ཨ་ནེ་ཚེ་རིང་སྒྲོལ་མ་ངའི་འགྲམ་དུ་ལངས་ཏེ་སྐུ་པར་དེ་སླར་ཡང་མཇལ་བས་གསོལ་བ་ཡང་ཡང་འདེབས་བཞིན་འདུག་མོད་གསལ་པོ་ཞིག་གོ་མ་ཐུབ། དེ་ནས་ངས་རླངས་འཁོར་ནང་དར་སེར་པོ་ཞིག་བླངས་ཏེ་སྐུ་པར་དང་མཉམ་དུ་མོ་ཉལ་སའི་སྔས་འགོའི་གྱང་ལ་བཀལ་དུས། མོའི་ཞལ་ངོར་དགའ་མགུ་ཡི་རངས་ཀྱི་འཛུམ་མདངས་རྒྱས་བཞིན་རྒྱ་སྐད་ཀྱིས་ཡང་ནས་ཡང་དུ་བཀའ་དྲིན་ཆེ་ཞེས་ཟེར།
        ང་ཚོ་སྒོ་ཁ་ནས་བུད་དུས་ཨ་ནེ་ཚེ་རིང་སྒྲོལ་མས་གྲོང་པའི་སྟོད་ལ་ཡོད་པའི་རི་བོ་མཐོན་པོ་དེར་མཛུ་གུ་བཙུགས་ནས། རི་དེའི་སྐེད་པ་ནས་འབབ་པའི་ཆུ་དེ་ནི་རྒྱལ་བ་ཀརྨ་པ་གནས་འདིར་ཕེབས་དུས་ཁ་སྐོམ་པས་བྲག་ཕུག་ནས་ཆུ་བཏོན་ཏེ་ཇ་བསྐོལ་ནས་བཞེས་པ་དང་། རྗེས་སུ་དེའི་ཤུལ་ན་ཇ་ཤིང་ཞིག་འཁྲུངས་ཏེ་ད་ལྟར་ཇ་ལོ་སྔོ་སེང་སེང་ཡོད་ལ། བྲག་ཕུག་ནང་ཟངས་དེམ་ཞིག་ཀྱང་སྦས་ཡོད། རི་བོ་དེའི་རྒྱབ་ན་བླ་མ་ལུང་ཞེས་པར་ཀརྨ་པའི་མཚམས་ཁང་ཡོད་པས་མ་ཚད་བྲག་ངོས་སུ་བོད་ཡིག་ཀྱང་མང་པོ་མཇལ་རྒྱུ་ཡོད་ཟེར། མོས་བསྟན་ཕྱོགས་སུ་ལྟ་དུས་དངོས་གནས་དར་དཀར་པོ་ཐུར་དུ་དཔྱངས་པ་འདྲ་བོའི་ཆུ་ཕྲན་ཞིག་བཞུར་ཡོད་ལ་འགོ་ཁུངས་སུ་ཤིང་སྡོང་ཞིག་ཀྱང་མཐོང་ཐུབ།

མེས་པོའི་ཞབས་རྗེས། 


        མོས་མུ་མཐུད་དེ་ཀརྨ་པ་གངས་དཀར་རི་བོ་ཕྱོགས་ནས་ཕེབས་ཏེ་ཧེ་ཕིང་གྲོང་སྡེ་གཉིས་པར་སླེབས་དུས། ཁྱིམ་ཚང་ཞིག་གི་བུ་སྤུན་གཉིས་ཀྱིས་ས་ཞིང་དང་རྒྱུ་ནོར་འཕྲོག་རྩོད་བྱེད་བཞིན་ཡོད་པ་དང་འཕྲད་པས་དེ་འདུམ་འགྲིག་མཛད་རྗེས་བུ་སྤུན་གཉིས་ཀྱིས་རྒྱུ་ནོར་གྱི་འབུལ་བ་ཕུལ་ཡང་། ཁོང་གིས་ང་ལ་རྒྱུ་ནོར་མི་དགོས། ཁྱིམ་ནང་གི་ཐབ་རྡོ་དེ་དགོས་ཞེས་པ་ལྟར་ཐབ་རྡོ་དེ་ཀརྨ་པ་ལ་ཕུལ། ཐབ་རྡོ་དེའི་ནང་ཀརྨ་པའི་ཡུམ་གྱི་སྐྱེ་བར་བླངས་པའི་གྲོག་མ་ཡོད་པས་ཁོང་གིས་ཐབ་རྡོ་བཀས་ཏེ་ཕྱི་ལ་བཏང་བ་རེད་ཟེར། དེ་ནས་ཡར་ཕེབས་ཏེ་ཧེ་ཕིང་གྲོང་སྡེ་གསུམ་པའི་ཕར་རོལ་དུ་སྔོན་མའི་འགྲོ་ལམ་རྙིང་པའི་བྲག་རྩར་སྐུ་ངལ་གསོ་དུས་ཀྱི་ཕྱག་རྗེས་དང་ཞབས་རྗེས་ཡོད་ཀྱང་། ད་ལྟར་རྩྭ་ལྡུམ་གྱིས་བཀབ་སྟེ་ཧ་ཅང་རྙེད་དཀའ་ཞེས་ཟེར།
        ངག་རྒྱུན་སྙན་མོ་དེས་ས་ཆ་འདིའི་རི་ཆུ་དང་རྩྭ་རྩི་ཤིང་ཚང་མ་གློ་བུར་དུ་མིག་ནང་འོངས་ལ་སེམས་ནང་འཕྲོད་པ་ལྟ་བུར་བསྒྱུར་སོང་། ཨ་ནེ་ཚེ་རིང་སྒྲོལ་མས་ངའི་དགའ་བའི་རྣམ་འགྱུར་མཐོང་སྟེ་ཆུའི་ཕར་རོལ་དུ་ད་དུང་མ་ཎི་བརྐོས་ཡོད་པའི་རྡོའང་ཡོད་ཅེས་ཟེར། ང་འདུག་བཟོད་མེད་པར་མགྱོགས་མྱུར་དུ་དུད་ཚང་གཅིག་ཡོད་པ་དེའི་ཕྱོགས་སུ་སོང་རྗེས་ཇི་ལྟར་བཙལ་ཡང་མ་ཎི་རྡོ་འབུམ་གྱི་གྲིབ་མ་ཙམ་ཡང་མ་མཐོང་བས་ཕྱིར་ལོག་གྲབས་བྱེད་དུས། འཕྲུལ་རྟ་བཞོན་པའི་ཕོ་སར་ཞིག་དང་ཐུག ཁོས་མཛུབ་སྟོན་ལྟར་ད་ཅི་སོང་མྱོང་སར་སླར་ཡང་བཙལ་དུས་རྩྭ་ལྡུམ་དང་ཤིང་སྡོང་གི་ཁྲོད་ན་ས་འབུར་འབུར་ཞིག་འདུག མགོ་བོ་བསྒུར་ནས་ལག་པས་རྩྭ་ལྡུམ་རྣམས་འབལ་ཏེ་ཐལ་རྡུལ་རྣམས་གཙང་མར་ཕྱིས་མ་ཐག་མ་ཎི་བརྐོས་ཡོད་པའི་རྡོ་འབུམ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མིག་ལམ་དུ་མངོན་བྱུང་། རྡོ་འབུམ་གྱི་ཆགས་ཚུལ་ལ་བལྟས་ན། རྒྱ་ལམ་མ་ལས་གོང་འདི་ན་ནི་དད་ལྡན་རྣམས་ཀྱི་ཕྱག་སྐོར་བྱེད་ས་ཞིག་ཡིན་ཐག་ཆོད་མོད། དུས་ཀྱིས་དེད་པས་བོད་མི་རྣམས་རིམ་བཞིན་རྒྱང་དུ་བཀྱེས་ཏེ་རྡོ་འབུམ་ནི་ཁེར་རྐྱང་དུ་ལྷག ངས་རྡོ་རེ་རེའི་སྟེང་གི་སྔོ་དྲེག་རྣམས་བཀོག་སྟེ་ལག་པས་འབྲུ་དྲུག་གི་ཡིག་གཟུགས་ལ་བྱིལ་བྱིལ་བྱེད་དུས། དད་པ་རིས་སུ་བརྐོས་ཏེ་བསྔོ་སྨོན་ས་གཞིར་བཅོལ་བའི་གནའ་མི་ཚོ་ལ་ལག་འཇུ་བྱེད་པ་དང་འདྲ། རྡོ་འབུམ་གྱི་གཟུངས་སྔགས་རེ་རེ་ཕྱི་ལ་མངོན་དུས་གྲོང་སྟོད་དུ་ཆགས་པའི་རི་འགོ་ནས་ཁ་རྦབ་ཆད་དེ་འབྲུག་གྲག་པ་ལྟ་བུའི་ལྡིར་སྒྲ་ལན་དུ་མར་གྲག་པ་ནི། ཡུལ་དུས་གཉིས་ཀྱིས་བསྒྲིབས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བོད་མི་ཞིག་དང་ཐོག་མར་འཕྲད་པའི་རྟེན་འབྲེལ་ཡིན་ལ། ཆུ་བོའི་ཕར་རོལ་དང་རི་བོའི་རྒྱབ་ཕྱོགས་སུ་སོང་བའི་རིགས་རྒྱུད་ཅིག་ལ་འབོད་སྐུལ་བཏང་བའང་ལོས་ཡིན།
        ལུང་པའི་ནང་བཞུར་བའི་ཆུ་རྒྱུན་ལྟར་ལྡོག་ཏུ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་གནའ་མི་ཚོ་ཕྱིར་བལྟས་མི་ཁོམ་པར་རྒྱང་དུ་དེད་ཀྱང་། ངས་ལམ་འགྲམ་ལ་ཁེར་རྐྱང་དུ་སྦས་པའི་མ་ཎི་རྡོ་འབུམ་ལ་ཕྱིར་བལྟས་ཡང་ཡང་བྱེད་བཞིན་ཁ་བྲལ་དགོས་བྱུང་།
        རྡོ་འབུམ་དང་བྲལ་ཏེ་ཧེ་ཕིང་གྲོང་སྡེ་གསུམ་པར་སླེབས་དུས། ད་ཅི་ཨ་ནེ་ཚེ་རིང་སྒྲོལ་མས་བཤད་པ་ལྟར་ཀརྨ་པའི་ཕྱག་རྗེས་དང་ཞབས་རྗེས་ཡོད་ས་དེ་འདྲི་རྩད་བྱེད་ཆེད་ལམ་ལྟག་ལ་གནས་པའི་དུད་ཚང་ཞིག་ནང་སོང་། ཁྱིམ་ནང་ཕ་རྒན་ལོ་བདུན་ཅུ་ལྷག་ཙམ་དང་བུ་ལོ་བཞི་བཅུ་ཙམ་ལ་ཟིན་པ་ཞིག་འདུག ཁོ་ཚོའང་གཞན་དང་འདྲ་བར་ཕ་མེས་རིང་ནས་བོད་པ་ཡིན་ཡང་ད་ལྟར་བོད་སྐད་ཚིག་གཅིག་ཀྱང་བཤད་མི་ཐུབ། གྲོང་པ་དེའི་ཕར་རོལ་གྱི་རི་འདབས་སུ་ལམ་རྙིང་པ་ཞིག་མག་མོག་ཙམ་མཐོང་ཐུབ། རི་བརྒྱུད་དེའི་འདབས་ལ་བྲག་སྒང་སྒང་ཞིག་ཡོད་པ་དེ་ལ་ཡུལ་མི་ཚོས་བླ་མ་སྒང་ཞེས་འབོད། ཀརྨ་པའི་ཕྱག་རྗེས་དང་ཞབས་རྗེས་དེ་ན་ཡོད་ཀྱང་། དུས་ད་ལྟར་རྩྭ་ལྡུམ་གྱིས་ཁེབས་ཏེ་བཙལ་ནའང་རྙེད་དཀའ་ཞེས་པས་ངའང་འགྲོ་ཐག་མ་ཆོད།
        ས་ཆ་འདིའི་རྒན་པ་རྣམས་ཀྱིས་བཤད་པའི་ཀརྨ་པའི་གཏམ་རྒྱུད་ལས་ཀརྨ་པ་ཞེས་པ་ཡང་སྙིང་གང་ལ་ངོས་འཛིན་དགོས་ཞེ་ན། སྤྱིར་གངས་དཀར་རིན་པོ་ཆེའི་སྐུ་རབས་རིམ་བྱོན་ལ་སྐུ་རབས་གསུམ་པ་ཀརྨ་ཆོས་ཀྱི་འོད་ཟེར་དང་བཞི་པ་ཀརྨ་ཀུན་དགའ་དཔལ། ལྔ་པ་ཀརྨ་བྱང་ཆུབ་བསྟན་འཛིན་ཞེས་མཚན་གྱི་མགོ་ནས་ཀརྨ་ཞེས་བྲིས་པས་དེ་ལྟར་འབོད་སྲིད་མོད། མི་ཉག་ཕྱོགས་ནས་གངས་དཀར་རིན་པོ་ཞེས་པ་ལས་ཀརྨ་པ་ཞེས་འབོད་སྲོལ་མི་འདུག
        མི་ཉག་མགོན་པོས་འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་ནང་ལ་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་ནི་གངས་དཀར་བླ་མ་སྐུ་རབས་གཉིས་པ་ཡིན་ལ། སྤྱི་ལོ་1372ལོར་རྟེན་འབྲེལ་བཟང་པོར་གཟིགས་ནས་དེང་སང་གངས་དཀར་རི་བོ་གྲོང་རྡལ་གྱི་རྨུ་རྒྱུ་ཁྲི་འཛི་ལུང་པའི་རྒྱབ་རི་གར་མིའི་སྐེད་པར་དགོན་པ་ཞིག་བཏབས་པ་དེར་ཐོག་མར་མིང་དགོན་ཞེས་པ་དང། རྗེས་སུ་རྨ་སེ་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་ཞེས་གྲགས། གནས་དེར་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀ་བཙུགས་པས་བསྟན་པ་རྒྱས། བླ་མ་ཁོང་གིས་གངས་དཀར་དགོན་རྙིང་དང་རྨ་སེ་དགོན་གཉིས་ཀྱི་བདག་པོ་མཛད། སྐབས་དེ་དུས་ཀརྨ་པ་རོལ་པའི་རྡོ་རྗེ་གནས་འདི་གར་ཕེབས་ཏེ་དད་ལྡན་སེར་སྐྱ་རྣམས་ལ་ཆོས་ཀྱི་གནང་བ་བྱིན་པས་མ་ཚད་མི་ཉག་རབ་སྒང་གི་འཁྲུགས་པ་མང་པོ་ཞི་བར་མཛད་དེ་བློ་ཁ་ཆོས་ལ་བསྒྱུར་ཞེས་པ་དང། དུང་དཀར་ཚིག་མཛོད་ནང་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་སྤྱི་ལོ་1360ལོར་པེ་ཅིན་ཕོ་བྲང་ཆེན་པོར་ཕེབས་ཏེ་བོད་ཕྱོགས་སུ་ཕྱིར་ཕེབས་གནང་བའི་ལམ་ཀན་སུའུ་དང་མཚོ་སྔོན་བརྒྱུད་ནས་མདོ་ཁམས་ལྷོ་བརྒྱུད། འབའ་ཐང་། ཀོང་པོ། ཙཱ་རི་སོགས་གནས་ཐམས་ཅད་དུ་ཕེབས་པས་ལམ་བར་ལོ་བཅུ་ཙམ་ཐོགས་འགོར་བྱུང་ཞེས་པ་ལས་མི་ཉག་ཕྱོགས་ལ་ཕེབས་ཚུལ་བྲིས་མི་འདུག་མོད། དེང་སང་གངས་དཀར་དགོན་པའི་མཐའ་སྐོར་ལ་དམ་པ་ཁོང་གི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད་པ་དང་། འབའ་ལ་ཕེབས་ན་མི་ཉག་ཕྱོགས་ཀྱི་ཀརྨ་པའི་དགོན་གནས་གཙོ་བོ་ལའང་ཕེབས་ངེས་པས་དེ་ནི་རྒྱལ་བ་ཀརྨ་པ་རོལ་པའི་རྡོ་རྗེའི་ངག་རྒྱུན་ཞིག་མིན་ནམ་སྙམ།
        ལུང་པ་འདིར་ཀརྨ་པའི་སྐོར་གྱི་གཏམ་རྒྱུད་དུམ་བུ་དེ་ཙམ་ལས་དེ་མིན་རི་ཆུའི་སྐོར་ལ་བཤད་རྒྱུན་ཅི་ཡང་མི་སྣང་མོད། ཚ་ཁོག་གྲོང་རྡལ་ནི་དེ་སྔོན་མི་ཉག་པ་འདུས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་པས་མ་ཚད། ཆོས་བརྒྱུད་ཀརྨ་བཀའ་བརྒྱུད་ཡིན་པ་ནི་བསྙོན་དུ་མེད་དོ། །

        ལམ་བར་དུ་ཡིའུ་ཨའེ་གྲོང་སྡེ་ལའང་མ་ཎི་རྡོ་འབུམ་འགའ་ཡོད་ཚུལ་གོ་བས་རི་ངོས་སུ་ཆགས་པའི་གྲོང་སྡེ་དེར་སོང་། རི་སྒང་སྒང་ཞིག་ཏུ་སྨྱུག་མའི་ནགས་ཚལ་ནང་དུད་རྐྱང་ཞིག་ཡོད་པ་དེའི་སྒོ་ཁར་སླེབས་དུས། བདག་པོས་བསྟན་པ་ལྟར་རྒྱ་སྒོའི་འགྲམ་ལ་ཕྱུར་བུར་སྤུངས་པའི་རྡོ་ལེབ་མང་པོའི་ཐོག་ལ་ཤེལ་དམ་དང་བྱིས་པའི་རྩེད་ཆས་རྙིང་པ་སོགས་གད་སྙིགས་ཀྱིས་གང་འདུག ངས་གད་སྙིགས་རྣམས་རེ་རེ་བཞིན་བླངས་ཏེ་ཞིབ་ཀྱིས་བལྟས་དུས་དེ་ནི་མ་ཎི་བརྐོས་ཡོད་པའི་རྡོ་འབུམ་རེད་འདུག ལ་ལ་མགོ་ཐུར་བསྒྱུར་ནས་བཞག་ཡོད་ཅིང་། ཡིག་གཟུགས་ཀྱང་རབ་རིབ་ཙམ་ལས་གསལ་པོར་མཐོང་མི་ཐུབ། ངས་མགོ་ཐུར་བསྒྱུར་བ་རྣམས་དྲང་པོར་བཞག་རྗེས་ཐོག་ནས་མར་བལྟས་དུས། དེ་ནི་སྤྱིར་བཏང་གི་རྡོ་འབུམ་ཞིག་ལས་མི་མཐོང་ཡང་། འོག་ནས་ཡར་བལྟས་ན་མ་གཞིར་བང་རིམ་ལྔ་ཅན་གྱི་མཆོད་རྟེན་གྱི་བཟོ་ལྟ་ཞིག་རེད་འདུག་པས་དོན་དུ་འདི་ནི་མཆོད་རྟེན་གཟུགས་ཀྱི་རྡོ་འབུམ་ཞིག་ཡིན་ནམ། ཡང་ན་ཕྱི་ལ་རྡོ་འབུམ་བརྩིགས་པའི་མཆོད་རྟེན་ཞིག་ཡིན་པ་གསལ་ཐག་མ་ཆོད། སྐབས་དེར་བདག་པོས་ད་དུང་ཁང་ཞབས་ཀྱི་བྲག་ཕུག་ནང་འདམ་པའི་བྱིས་པ་ཡོད་ཅེས་ཟེར། འདམ་པའི་བྱིས་པ་ཞེས་པ་ནི་འདམ་པས་བཞེངས་པའི་ལྷ་སྐུ་འདྲ་མིན་ནམ་སྙམ་སྟེ་སོང་ནས་བལྟས་དུས། སྨྱུག་མའི་ནགས་ཚལ་ནང་པོ་ཏི་འདྲ་བའི་བྲག་རྡོ་བརྩེགས་མ་ཅན་ཞིག་གི་འོག་ལ་ཚ་ཚ་མང་པོ་གཏོར་འདུག མང་ཆེ་བ་ནི་མགོ་ཆད་མཇུག་རྡུམ་ལས་ཆ་ཚང་བ་ཞིག་ཕལ་ཆེར་མེད་པ་ནི་དུས་ཡུན་རིང་པོ་འགོར་བ་དང་བྱིས་པ་བསམ་མེད་རྣམས་ཀྱིས་རྩེད་ཆས་བྱས་པས་ཡིན་རྒྱུ་རེད།
        བདག་པོས་འདི་ཚོ་ནི་ཁོ་རང་ཆུང་དུས་ནས་ཡོད་ཟེར་བ་ཙམ་ལས་ཚ་ཚ་ཞེས་མིང་ཡང་མི་ཤེས་པར་འདམ་པའི་བྱིས་པ་ཞེས་དགོད་ཤོར་བའི་མིང་གིས་འབོད་བཞིན་ཡོད་པས། འཇིག་རྟེན་གྱི་དངོས་པོ་མང་པོ་མིང་མེད་པ་ནས་འགོ་ཚུགས་ཏེ་རིམ་བཞིན་དོན་གྱིས་སྟོང་པ་དང་། མཐར་རྗེས་མེད་ཤུལ་མེད་དུ་ཆགས་འགྲོ་བའི་གནས་ལུགས་ལ་བདེན་ཁ་མི་སྟེར་རང་སྟེར་རེད་བསམ།
        མུ་མཐུད་དེ་བདག་པོ་དང་ཁ་བརྡ་བྱེད་དུས། ཁོས་ངའི་བུ་དང་བུ་མོ་ཚང་མས་སྤྱི་ཚོགས་ཐོག་གོ་ཆོད་པས་མ་ཚད་ཕ་མའི་དྲིན་ལན་ཡང་དྲན་ཤེས་པ་ཁོ་ན་ཡིན་ཞེས་ཟེར། ངས་ཁྱིམ་ཚང་གི་དབང་ཐང་དར་ལ་རྗེས་རབས་པ་ཚོའི་མགོ་འཕང་མཐོ་བ་ནི་གཅིག་བྱས་ན་འདི་ཚོས་མགོན་ཞིང་སྐྱབས་པ་ཡིན་སྲིད་པས་ཅིས་ཀྱང་འདི་དག་ལ་གཙང་སྒྲ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ལས་བཙོག་གྲིབ་ཕོག་པ་དང་གཏོར་བཤིག་གཏོང་མི་རུང་ཞེས་པས་བདག་པོས་ཀྱང་མོས་མཐུན་གྱིས་ཁ་ནས་ཡཱ་ཡཱ་ཞེས་མགོ་བོ་གུག་གུག་བྱས།
        རྒྱུས་ལོན་བྱས་པ་ལྟར་གྲོང་སྡེ་འདི་ལ་དེ་སྔོན་འབྲོག་ས་ཞེས་འབོད་ཅིང་ད་ལྟའང་གྲོང་པའི་རི་འགོར་ཕྱུགས་ནོར་འཚོ་སའི་མཚེར་ས་ཡོད་ཟེར། དེ་ནང་བཞིན་ཧེ་ཕིང་གྲོང་སྡེ་ཞེས་པའང་རྗེས་སུ་བཏགས་པའི་རྒྱ་མིང་ཙམ་ལས་དེ་སྔོན་བོད་མིང་ཞིག་ཡོད་སྲིད་མོད། དེང་སང་ཧ་གོ་མཁན་གཅིག་ཀྱང་མི་འདུག རྩོམ་འདིའི་འགོ་ལ་བཤད་པ་ལྟར་ལ་ལས་ཚ་ཁོག་ནི་རྒྱལ་རོང་གི་ཚ་ཁོ་ཞེས་པ་དང་འབྲེལ་བ་ཡོད་ཟེར་བ་ནི་མིང་གི་སྒྲ་གདངས་འདྲ་བ་ཙམ་ལ་བརྟེན་ནས་རང་ཚོད་ཀྱིས་བཤད་པ་ཙམ་ལས་ཁུངས་ལུང་ཅི་ཡང་མེད་དེ། རྒྱལ་རོང་གི་ཚ་ཁོ་ཞེས་པ་ནི་བོད་ཀྱི་བཙན་པོས་ཁོ་འཕན་ཞེས་པའི་བློན་པོ་ཞིག་རྒྱལ་རོང་ས་ཆ་རྫི་འགག་ཕྱོགས་སུ་འགོ་དཔོན་དུ་མངགས་རྗེས། བཙན་པོས་བཏང་བའི་བཀའ་ཤོག་ཐོག་ལ་རྒྱལ་མོ་ཚ་བ་རོང་གི་ཁོ་འཕན་ལ་ཞེས་བྲིས་པ་དེ་རྗེས་སུ་ཚ་ཁོ་ལ་ཞེས་བསྡུས་པས་འགོ་དཔོན་ལ་ཚ་ཁོ་ཞེས་ཐོགས་པ་དང་། དེ་ནས་ཡུལ་ལའང་ཚ་ཁོ་ཞེས་འབོད་པ་རེད། འདི་ན་ཡི་ཚ་ཁོག་ཅེས་པ་ནི་ཚ་ཆུ་འབེལ་སའི་ཁོག་ལུང་ཡིན་པས་དེ་སྐད་ཐོབ་པར་སྙམ།
        སྔ་མོ་ནས་བཟུང་རི་གྲོང་ན་ཕར་འདྲི་ཚུར་འདྲི་དང་ཡར་རྒྱུག་མར་རྒྱུག་བྱས་ཏེ་མུན་རུབ་པར་ཟས་ཁ་གང་ཡང་ལྟོ་བར་མ་སོང་མོད། བཀྲེས་ལྟོགས་ཀྱི་སྣང་བ་སྤུ་ཙམ་ཡང་མི་འདུག མུན་པའི་ཡོལ་རས་ཚ་ཁོག་གྲོང་པར་འཐེན་ཏེ་གློག་བཞུ་སྐར་ཚོགས་ལྟར་བཀྲ་དུས་ད་ནངས་སྔ་མོ་དང་མི་འདྲ་བར་ཡུལ་དེའི་རི་ཆུ་ཡིས་སྙིང་རྗེ་བ་དང་བག་ལྷོད་པའི་ཚོར་བ་ཐན་ཐོན་ཞིག་སྐྱེས་པས། ཕྱིར་ལོག་པའི་ལམ་བར་ལ་ཟིན་བྲིས་སུ། ལོ་སར་རན་དུས། མི་ཚོས་བཟའ་རྒྱུ་དང་འཐུང་རྒྱུ་ཉོས་ནས་ཡུལ་ལ་ཁྱིམ་དུ་ལོག་གྲབས་བྱེད་ཀྱང་། ངས་ད་དུང་རི་གྲོང་ནང་སྨྱོ་རྒྱུག་བྱེད་བཞིན་ཡོད། དོན་དུ་བསམ་བློ་ཞིག་བཏང་ན། གང་ན་རང་སྡེའི་རིག་གནས་ཀྱི་རྗེས་དྲན་ཡོད་ན་དེ་ནི་ངའི་ཕ་ཡུལ་དང་། གང་ན་དབྱངས་གསལ་གྱི་དྲོད་འཁོལ་འཁྱིལ་ན་དེ་ནི་ངའི་ཁྱིམ་གཞིས་ཡིན་ཞེས་བཀོད་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1