༄༅།།ཕ་མ་ནི་བྱིས་པའི་མེ་ལོང་ཡིན།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-05


ཀན་ལྷོ། ཀྱེ་ཕུར་མཆོག་གསུམ།
        དྲིན་ཆེན་གྱི་ཕ་མ་གཉིས་ནི་བྱིས་པའི་གནམ་ས་གཉིས་ཡིན་ཏེ། དེ་ཡི་འཇིག་རྟེན་ནས་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་དགོས། དེས་ན་བྱིས་པ་ཅི་ལྟ་བུ་ཞིག་གསོ་སྐྱོང་བྱ་མིན་ནི་ཐད་ཀར་ཁྱིམ་ཚང་དེའི་ཕ་མ་གཉིས་ཀྱི་ལུས་ངག་གི་སྤྱོད་པ་ལས་འབྱུང་ངེས། གནའ་མི་བོད་ཀྱི་གཏམ་དཔེ་ལ་གྲགས་པ་ནང་བཞིན་ཕ་རྒོད་པོ་ཤ་གཟན་ཞིག་ལ་བུ་ཁྭ་ཏ་སྐྱག་གཟན་ཞིག་མི་སྐྱེས་ཟེར་བ་བཞིན། ཕ་མ་གཉིས་ནི་རང་གི་བུ་ཕྲུག་གི་ཚད་གཞི་དང་དཔེ་སྟོན་ཡིན། ངག་རྒྱུན་ལ་ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་དགེ་ཕྲུག་ཟེར་སྲོལ་ཞིག་ཀྱང་ཡོད་པ་མིན་ནམ། ཕ་མའི་སྤྱོད་ལམ་གྱི་ཉི་ཟེར་གྱིས་བུ་ཕྲུག་གི་མེ་ཏོག་འཚར་སྐྱེ་འབྱུང་དུ་འཇུག་དགོས་ཤིང་། ཕ་མའི་སྐད་ཆ་དང་སྤྱོད་ལམ་རེ་རེ་ནི་དྭངས་གཙང་གི་ཆུ་མོ་བཞིན་བྱིས་པའི་རྐང་འཐུང་གི་རྩ་བ་བརླན་དགོས་ཤིང་། བྱིས་པའི་བདེ་ཐང་གི་ཆ་ཤས་རེ་རེའང་དཔྲལ་བའི་མིག་ལྟར་གཅེས་ཤིང་ཁོག་པའི་སྙིང་ལྟར་རུམ་དགོས་ཨང་།
        བྱིས་པ་ཨ་མའི་མངལ་དུ་ཞུགས་ཏེ་ཟླ་བ་གསུམ་འགོར་བ་ནས་བཟུང་ཕྱི་རོལ་གྱི་སྐད་ཆ་དང་རོལ་དབྱངས་སོགས་ལོངས་སུ་སྤྱོད་པའི་དབང་ཤེས་འབྱོར་ཡོད་ཟེར་བ་བཞིན་དུ། བྱིས་པ་བཙས་ཏེ་ཟླ་བ་འགའ་ཤས་འདས་རྗེས་ནས་ངག་གི་སྐད་ཆ་དེ་ཙམ་མི་ཁྲོལ་ཡང་བྱ་དངོས་བསྡུ་ལེན་དང་བསམ་གཞིག་གི་ནུས་པའང་རིམ་བཞིན་འཚར་ལོངས་འབྱུང་ཚད་ཤིན་ཏུ་མགྱོགས་ངེས་ཟེར། དེ་བས་ན་ཕ་མའི་ངག་གི་སྨྲ་བརྗོད་མཐའ་དག་དང་གོམ་པའི་འདེགས་འཇོག་རེ་རེ་བཞིན་བྱིས་པའི་རང་གཟུགས་མཐོང་བའི་མེ་ལོང་ཡིན་ངེས།
        ཕ་མ་དུ་འཐེན་དང་ཆང་འཐུང་ཡིན་ན་བྱིས་པའང་དུ་འཐེན་ཆང་འཐུང་ཞིག་སྐྱེད་སྲིང་བྱ་ངེས་ལ། ཕ་མ་ཇག་རྐུན་དང་རྫུན་གཏམ་ལ་གོམས་པ་ཞིག་གིས་བུ་ཕྲུག་ཀྱང་ཇག་རྐུན་དང་རྫུན་སྐྱལ་ཞིག་སྐྱེད་སྲིང་བྱ་སྲིད།
        དཔེ་དེ་བཞིན་དུ་བཟའ་ཚང་གི་བརྩེ་བ་ཟབ་པ་དང་འདང་གི་འོ་མ་ཞོ་རུ་བསྙལ་ཐུབ་པ་ནི་ཁྱིམ་ཚང་དྲོད་ཁོལ་གྱིས་སྐྱོང་བའི་ཆ་རྐྱེན་ཡིན་ཡང་ཁྲེལ་དང་ངོ་ཚ་ཤེས་ཤིང་གཞུང་དྲང་ཞིང་རྩིས་ཐང་ལ་བརྩི་འཇོག་བྱ་ཤེས་པ་ནི་ང་ཚོ་བོད་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཏུ་བརྩི་བཞིན་པའང་ཀུན་ལ་གསལ་ངེས། དུས་རབས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་གཞོན་སྐྱེས་ཀྱི་ཕ་མ་མང་པོ་ཞིག་གིས་རང་གི་སྣང་བ་རི་ལ་ཤོར་བ་དང་། ཆགས་པ་རྒོད་ལ་ཤོར་བ་གང་ཡིན་ཆ་མི་འཚལ་ཡང་། བྱིས་པའི་མདུན་དུ་ཆགས་སྤྱོད་ལ་རོལ་བ་དང་མཆི་སྦྱོར་དང་སྒྲེན་གཟུགས་ཀྱི་རྣམ་པས་འགྲོ་བཞིན་པ་དང་།ཡང་ན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ་སོགས་གང་ལའང་མི་མཐུན་པའི་དུས་ཆེན་དང་། ནང་དོན་བདེ་ཐང་མ་ཡིན་པའི་རིག་གནས་ཀྱི་དུས་ཆེན་ལ་རོལ་རྒྱུར་གོམས་པ་འདི་ཡང་བྱིས་པའི་རྒྱུད་ན་བག་ལ་ཉལ་བའི་རིགས་ཀྱི་འདུ་ཤེས་ཀྱི་ས་བོན་བཅོམ་སྟངས་ཤིག་དང་། བྱིས་པ་དེ་མི་རིགས་ཀྱི་རིག་གནས་དང་གོམས་སྲོལ་ལ་དགའ་བའི་མེ་ལྕེ་རྨང་ནས་གཟིམ་པའི་རྒྱུ་ལས་མ་འདས་ཨང་།
        སྣང་བ་ལྷ་དང་མཉམ་རུང་སྤྱོད་པ་མི་དང་བསྟུན་དགོས་པའི་རྩ་དོན་དེར་ང་ཚོས་ནམ་ཡང་བརྩི་འཇོག་བྱ་དགོས་ལ།གདམས་ངག་དེའི་ཁོང་གསེང་མྱུལ་ནས་དོན་གྱི་འབྲས་བུ་སེམས་ཀྱིས་ལེན་དགོས།
        “བྱིས་པ་ནི་ང་ཚོའི་ཚེ་གཅིག་གི་ཆེས་ཆེ་བའི་མ་རྩ་རེད། ང་ཚོར་མཁོ་བ་སྙན་གྲགས་དང་རྒྱུ་འབྱོར་ལས། བྱིས་པའི་བསྙེན་པ་དང་བཀུར་བསྟི་ཡིན། སྙན་གྲགས་དང་རྒྱུ་འབྱོར་གྱིས་བྱིས་པའི་བསྙེན་པ་དང་བཀུར་བསྟིའི་དོ་ཟླ་མི་ཡོང་། བྱིས་པའི་འཚར་ལོངས་ཆེད། ང་ཚོའི་ལས་འགན་དང་པོ་ནི་བྱིས་པ་འཁྲིས་སུ་བཟུང་སྟེ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན”ཞེས་གསུངས་པ་ལྟར། བྱིས་པའི་འབྱུང་འགྱུར་དང་མི་ཚེ་ལ་དོ་ཁུར་བྱ་མཁན་གྱི་མི་ཞིག་ཡིན་ན་རང་ཉིད་ནི་ཕྱི་གསལ་ནང་གསལ་གྱི་མེ་ལོང་ཞིག་བྱ་དགོས། མེ་ལོང་དེ་ལས་བྱིས་པའི་འཚར་སྐྱེ་ཡི་གོ་རིམ་འཚོལ་དགོས་སྙམ། བྱིས་པ་ཡལ་བར་དོར་ནས་རང་གི་ཚོར་ཤེས་ཀྱི་ཆུ་ཁོལ་གདུ་བ་ནི་འགན་འཁྲི་མེད་པའི་ཕ་མ་ཡིན་ལ། རང་གི་དགའ་སྡུག་ཆགས་སྡང་གི་ཐོ་བ་སྤྱད་ནས་བྱིས་པ་འབུར་བཅོམས་གཏོང་བ་ནི་མི་ཚེའི་ངོ་མ་ཟིན་པའི་ཕ་མ་ཡིན། བྱིས་པས་པྲ་ཆལ་གྱི་བྱ་སྤྱོད་སྤེལ་ཏེ་གཞན་ལ་དམོད་མོ་གཏོང་བ་དང་འཚང་མིང་འདོགས་པ། གཞན་གྱི་ཅ་ལག་སོགས་འཛེམ་མེད་དུ་ལོངས་སུ་སྤྱོད་པ། གཞན་གྱི་བྱིས་པར་བརྙས་བཅོས་གཏོང་བ་སོགས་མཐོང་ན་ཧ་ཧ་ཞེས་གད་མོ་བགད་དེ།རང་གི་བྱིས་པའི་དཔུང་རོགས་སུ་འབུད་པ་དང་བྱིས་པར་སྐུལ་འདེད་གཏོང་བ་སོགས་ནི།ཐུན་མོང་གི་འདུ་ཤེས་བྲལ་ཞིང་སྒེར་སེམས་ཀྱི་མེ་ལྕེ་འབར་བའི་ཁྱིམ་བདག་རེད། དེ་དག་གི་བྱིས་པ་ནི་ནམ་ཡང་སྤྱི་སེམས་ཅན་དང་མིག་རྒྱང་རིང་བ་ཞིག་ཆགས་རྒྱུ་ཤིན་ཏུ་དཀའ།
        དེང་སྐབས་ཡང་དག་ཡིན་ལ་མ་ཡིན་པའི་སྣ་འདུས་ཀྱི་སློབ་གསོ་མང་པོ་ཞིག་བོད་ཀྱི་འཚོ་བར་འཛུལ་གྱིན་པའི་སྐབས་འདིར།མི་རིགས་ཀྱི་འདུ་ཤེས་དང་གོམས་སྲོལ་སོགས་གདོན་གྱི་ཚུལ་དུ་བརྩིས་ཏེ་རང་ཉིད་སྔོན་ཐོན་དང་དཀྱེལ་ཡངས། དཔྱོད་ཤེས་སོགས་ཀྱིས་མངའ་བརྙེས་ཚུལ་གྱིས་གན་ཡང་མི་དགོས་གཡུག་ཞོག འདི་ཡང་རྙིང་འདུག་འདོར་དགོས། ང་ཚོ་དུས་རབས་གསར་པའི་གཞོན་གསར་གྱི་རུ་དཔུང་ཡིན་ཟེར་མཁན་སྐོར་ཞིག་ཀྱང་འཚར་ལོངས་འབྱུང་བཞིན་འདུག ངས་ནི་དེ་དག་ལ་མི་འཐད་པའི་རྣམ་འགྱུར་བསྟན་པ་ཁྱོན་ནས་མིན་ཏེ། དུས་རབས་དང་མཐུན་པའི་སྒོ་ནས་ལྟ་བ་གསར་པ་བཏོན་ཏེ་འདོད་ཚུལ་གསར་པ་གླེང་བ་ནི་ཧ་ཅང་དགའ་འོས་པའི་དོན་ཞིག་རེད། ཡིན་ཡང་གསར་པ་གསར་པ་གླེང་གིན་གསར་པའང་སེམས་ངོགས་ན་མི་འདུག་པའི་ཧོལ་རྒྱུག་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་སྣང་བ་ཞིག་ནམ་ནམ་ཞར་ཞར་ལ་སྦྱིན་ཡོང་། ངས་འདི་དག་གླེང་དོན་ནི་འདི་འདྲའི་སྤྱི་ཚོགས་ཀྱི་ཁྲོད་དུ་དུས་ཀྱི་གཡའ་ཡིས་མ་གོས་པའི་དཀར་གཙང་གི་བྱིས་པ་གསོ་སྐྱོང་གནང་རྒྱུ་དེ་ལས་ཀྱང་དཀའ་བར་སྣང་ལ། དེ་ལས་འདི་ལྟ་བུའི་ཕ་མ་དག་གིས་སྐྱེད་སྲིང་བྱས་པའི་བྱིས་པའང་དེ་ལས་མ་འདས་སོ་སྙམ་མོ། །
        མཐར་གཏུགས་ནས་བཤད་ན་བྱིས་པ་ནི་གནས་གསུམ་ནས་འཚར་ལོངས་འབྱུང་དགོས་ཏེ། དང་པོ་ལོ་གཅིག་ནས་དྲུག་བར་དུ་ཁྱིམ་ཚང་གི་སློབ་གསོ་མྱངས་ཏེ་ཕ་མའི་ཁོར་ཡུག་ནས་སྤྱོད་ལམ་གྱི་ས་བོན་ཐོག་མ་དེ་གདབ་དགོས། གཉིས་པ་ལོ་བདུན་ནས་ཉེར་ལྔ་བར་ཏེ། དགེ་རྒན་གྱི་གམ་ནས་ཀ་ཁའི་དབྱངས་རྟ་ངག་ལ་འདྲེན་དགོས་ཤིང་།ཡི་གེ་སྦྱོར་ཀློག་འབྲི་སྦྱོང་གི་མགོ་ཐོག་མར་བརྩམས་ཏེ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བརྒྱུད་དེ།རང་གི་ཤེས་རིག་གི་གཤོག་ཟུང་དང་གོ་རྟོགས་ཀྱི་མེ་ཁ་གསོ་དགོས། གསུམ་པ་ནི་དེའི་འཕྲོ་མའི་དུས་ཚོད་དག་སྟེ་རང་ཉིད་སྤྱི་ཚོགས་འཚོ་བར་ཞུགས་ཏེ་ཤེས་ནུས་འཇོན་གསུམ་རྒྱ་ཁར་བཞག་ནས་མྱི་ཁའི་དགྲ་སྟ་དང་མདུང་མོ། རྣོ་དབལ་ལྡན་པའི་སྤུ་གྲི་སོགས་ཀྱི་ཁ་གཏད་གཅོག་དགོས་པའི་དུས་རེད།
        མདོར་ན་དེ་དག་གི་ཐོག་མའི་རྨང་འདིང་ཡུལ་ནི་ཁྱིམ་གྱི་སློབ་གསོ་སྟེ། ཕ་མ་གཉིས་ཀྱི་གཤོག་འོག་ནས་ཐམས་ཅད་ལྗང་མྱུག་བཞིན་གསར་དུ་འབུས་དགོས་པའི་དུས་སྐབས་དེ་རེད་སྙམ། ང་ཚོས་བྱ་བ་ཅི་དང་གང་བསྒྲུབས་ཀྱང་ཐོག་མའི་མགོ་རྩོམ་པ་དང་མཐའ་མའི་མཇུག་བསྡུ་བ་ནི་ཤིན་ཏུ་དཀའ་བའི་གནས་བཞིན་བྱིས་པ་སྙོར་སྐྱོང་གི་འགན་ཡང་དེ་བཞིན་ཏེ། ཐོག་མའི་བག་ཆགས་ལ་རག་ལས། དེ་བས་དྲིན་ཆེན་གྱི་ཕ་མ་སུ་དང་གང་ཞིག་ཡིན་ཡང་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལ་མི་གཅེས་པ་དང་།དེ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་མི་འདོད་པ་ཧ་ཅང་དཀོན་པོ་རེད། ཡིན་ཡང་རང་རང་གི་སྐབས་ཐོག་གི་ཚོར་ཤེས་འཁྱམ་པོའི་དབང་དུ་གྱུར་ཏེ་བྱིས་པར་འདང་གང་ཡང་མི་རྒྱག་པར་བྱིས་པའི་གམ་ནས་འདོད་རྩེད་ལ་རོལ་རྒྱུ་དང་མཆུ་སྦྱོར་བྱ་བ། གློག་བརྙན་སེར་པོའི་རིགས་ལ་ལྟ་བ་སོགས་ནི་གཏན་འགོག་བྱ་དགོས་པའི་གནས་རེད།
        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུའང་ནར་མ་སོན་པའི་མིས་འཆལ་བོའི་གློག་བརྙན་སེར་པོར་ལྟ་བ་དང་།དྲ་ཁང་དང་བརྙན་འཕྲིན་ཟློས་གར་ཁང་སོགས་སུ་འགྲོ་བར་གཏན་འགོག་བྱེད་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །
        དེ་བས། ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་རང་ཉིད་བྱིས་པའི་མིག་མདུན་གྱི་ཕྱི་གསལ་ནང་གསལ་གྱི་མེ་ལོང་ངོ་མ་ཞིག་བྱེད་པར་འབད་པར་བྱ། །


རྩོམ་ཡིག་རྗེས་མ།
སྤྱིའི་དེབ་35པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1