༄༅།།རྩོམ་རིག་ལོ་ཙཱའི་རང་འགྱུར་དང་གཞན་འགྱུར་ཅུང་ཟད་གླེང་བ།

བན་དེ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-09




བན་དེ་བཀྲ་ཤིས། *
[གནད་བཏུས] རྩོམ་རིག་བརྩམས་ཆོས་སྒྱུར་བར་གཅིག་ནས་མ་རྩོམ་གྱི་ནང་དོན་ལྟར་བསྒྱུར་དགོས་པ་དང་། གཉིས་ནས་མ་རྩོམ་གྱི་ནང་དོན་དང་མཚོན་སྟངས་ཀྱི་ཉིང་བཅུད་མི་འདོར་བར་བྱེད་པ། གསུམ་ནས་འགྱུར་མའི་ཚིག་སྦྱོར་རང་སྐད་ཀྱི་སྦྱོར་ལུགས་དང་མཐུན་པར་བྱེད་པ། བཞི་ནས་འགྱུར་རྩོམ་ཀློག་པ་པོའི་བསམ་ཚུལ་ནི་མ་རྩོམ་ཀློག་པ་པོའི་བསམ་ཚུལ་དང་གཅིག་མཐུན་ཡོང་བར་བྱེད་པ་བཅས་གལ་ཆེའོ། །
[གནད་ཚིག] རྩོམ་རིག ལོ་ཙཱ། རང་འགྱུར། གཞན་འགྱུར།
        བོད་ཀྱི་ཡིག་སྒྱུར་ལོ་ཙཱའི་རྩ་དོན་ནམ་ཚད་གཞི་ནི། 《སྒྲ་སྦྱོར་བམ་གཉིས》 སུ་བཀོད་པའི“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལའང་གར་བདེ་བར་གྱིས་ཤིག”ཅེས་པ་གཙོར་བཟུང་ནས་བསྒྱུར་ཞིང་། སྒྱུར་བའི་ཐབས་ལ་སྒྲ་སྒྱུར་དང་། དོན་སྒྱུར། ཐད་སྒྱུར། ཐད་ལོག་སྒྱུར་བཅས་གཙོ་བོ་རིགས་བཞི་ཡོད་པ་དང་། བསྒྱུར་བའི་ལུགས་ལའང་དགེ་ཆོས་ཀྱིས་གསུངས་པའི་ཚིག་ཟིན་ལ་བསྒྱུར་བ་དང་།དོན་ཐོབ་གཙོ་བོར་བསྒྱུར་བ་སྟེ། ད་ལྟ་ཡོངས་གྲགས་སུ“རང་འགྱུར”དང“གཞན་འགྱུར”ཞེས་འབོད་པ་རིགས་གཉིས་ཡོད། དེས་ན་འདིར་བརྗོད་འདོད་པའི་རྩོམ་རིག་བརྩམས་ཆོས་ཀྱི་ལོ་ཙཱའི་སྒྱུར་ལུགས་འདི་གཉིས་ནི་ཅུང་དམིགས་བསལ་ཞིག་ཡིན་ཏེ། སྒྱུར་ལུགས་འདི་གཉིས་ལ་སྒྱུར་ཐབས་ཙམ་གྱིས་མི་ཆོག་པར། སྒྱུར་ལུགས་ཀྱི་རྩ་དོན་དང་ཁྱད་ཆོས་ཡོད་དེ། དེ་ལ་རྒྱའི་རྩོམ་པ་པོ་མའོ་ཏོང་གིས《རྩོམ་རིག་བརྩམས་ཆོས་ཀྱི་བྱ་གཞག་འཕེལ་རྒྱས་དང་འགྱུར་མའི་སྤུས་ཀ་ཇེ་ལེགས་སུ་གཏོང་བར་འབད་པ》ཞེས་པར།“རྩོམ་རིག་ལོ་ཙཱ་ནི་སྐད་རིགས་ཤིག་གིས་མ་རྩོམ་གྱི་ནང་དོན་དང་སྒྱུ་རྩལ་བསམ་བློ་མཚོན་པར་བྱས་ནས། འགྱུར་རྩོམ་ཀློག་སྐབས་མ་རྩོམ་ཀློག་པ་ནང་བཞིན་ཀློག་པ་པོར་བློ་སྐྱེད་དང་སེམས་འགུལ། མཛེས་ཚོར་བཅས་ཐོབ་པར་བྱེད་ཐུབ་པ་ཞིག་ཡིན་དགོས།”ཞེས་གསུངས་པ་བཞིན། རྩོམ་རིག་ལོ་ཙཱ་ནི་མ་རྩོམ་གྱི་ནང་དོན་ཁོ་ན་གོ་བརྡ་སྤྲོད་པ་ཙམ་གྱིས་མི་ཆོག་པར། ལོ་ཙཱ་བས་རྩོམ་རིག་བརྩམས་ཆོས་སྒྱུར་སྐབས་རང་སྐད་ཀྱི་སྐད་བརྡའི་ཁྲོད་ནས་ངེས་པར་དུ་ཀློག་མཁན་དག་ལ་སེམས་ཁམས་གཅིག་འདྲ་འབྱུང་ནུས་པའི་སྐད་དོད་དོ་མཉམ་ཞིག་བཙལ་ནས་བསྒྱུར་བྱའི་སྐད་ལས་བྱུང་བའི་བརྡ་འཕྲིན་ཇི་ལྟ་བ་བཞིན་ཡང་བསྐྱར་མཚོན་དགོས་པ་ཡིན། དེ་ནི་དོན་དངོས་སུ་འགྱུར་རྩོམ་དེ་མ་རྩོམ་དང་གཅིག་མཚུངས་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་སུ་བསྒྱུར་དགོས་པ་ཡིན་པས། རྩོམ་རིག་ལོ་ཙཱ་ནི་མདོར་ན་རྩོམ་རིག་གསར་རྩོམ་བྱེད་པ་དང་ཕལ་ཆེར་འདྲ་ཞེས་བརྗོད་ཆོག དེ་བས་རྩོམ་རིག་ལོ་ཙཱ་ནི་རིག་ཚན་གཞན་པ་ནང་བཞིན་ལས་སླ་མོའི་སྐད་ཡིག་ཕབ་བརྗེ་བྱེད་པ་ཙམ་མིན་པར་གསར་རྩོམ་རང་བཞིན་ལྡན་པ་དང་། རྩོམ་ཧྲིལ་བོའི་སྐད་ཆའི་ཉམས་འགྱུར་དང་། རྩོམ་སྟངས། རིག་གནས་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་དགོས་པའི་རིགས་ཤིག་ཡིན་པས། དེའི་སྒྱུར་ཐབས་དང་སྒྱུར་ལུགས་ལའང་ཐབས་རྩལ་སྣ་ཚོགས་འདོན་དགོས་པ་ཡིན། རྩོམ་རིག་བརྩམས་ཆོས་ཀྱི་ལོ་ཙཱའི་གནད་གཙོ་བོ་ནི་གཞན་འགྱུར་དང་རང་འགྱུར་གཉིས་ཀྱི་སྒྱུར་ལུགས་འདེམ་ཚུལ་ཡིན་ཏེ། སྒྱུར་ལུགས་འདི་གཉིས་བར་ད་ལྟའང་རྩོད་གླེང་མང་པོ་འབྱུང་གིན་ཡོད། དེ་ནི་གཙོ་བོ་སྐད་ཆ་བསྒྱུར་བའི་གོ་རིམ་ཁྲོད་བོད་རྒྱ་སྐད་རིགས་གཉིས་ཀྱི་ཡི་གེའི་སྒྲིག་གཞིའི་ཁྱད་པར་ལས་བྱུང་བའི་བརྗོད་སྟངས་ཀྱི་ཁྱད་པར་དང་། སྐད་ཆ་ལས་མཚོན་པའི་རིག་གནས་ཀྱི་ཁྱད་པར་མི་འདྲ་བའི་ཐད“གཞན་འགྱུར”སྨྲ་བ་ཡིས་མ་རྩོམ་གྱི་སྐད་ཆའི་ཤོད་སྟངས་ཐད་སྒྱུར་བྱས་ཏེ། མ་ཡིག་གི་སྐད་ཆའི་ཤུགས་བསྟན་གྱི་རིག་གནས་ཁྱད་ཆོས་རང་སོར་འཇོག་དགོས་སྙམ་པ་དང་།“རང་འགྱུར”སྨྲ་བ་ཡིས་རང་སྐད་གཤའ་མའམ་དེར་མཚུངས་ཀྱི་རིག་གནས་ཁྱད་ཆོས་བཀོལ་ནས་བསྒྱུར་ཏེ། འགྱུར་རྩོམ་ལ་བོད་རང་གི་སྐད་བརྡ་དང་རིག་གནས་ཀྱི་ཁྱད་ཆོས་ཐོན་དགོས་སྙམ་པ་དེ་ཡིན། རྩོམ་རིག་ལོ་ཙཱའི་སྒྱུར་ལུགས་འདི་གཉིས་ལ་བདག་གིས་ཀྱང་ཅུང་ཟད་གླེང་ན།

དང་པོ། རྩོམ་རིག་ལོ་ཙཱའི་རང་འགྱུར་དང་གཞན་འགྱུར།
        ཅི་ཞིག་ནི་རྩོམ་རིག་ལོ་ཙཱའི་རང་འགྱུར་དང་གཞན་འགྱུར་ཡིན་ཞེ་ན། མིང་བརྡ་འདི་གཉིས་ནི་དང་ཐོག་ཨ་མེ་རི་ཁའི་མིང་གྲགས་ཆེ་བའི་ལོ་ཙཱའི་གཞུང་ལུགས་པ་ལའོ་ལུང་སི་ཝེ་ནུའུ་ཐི(劳伦斯韦努蒂 Lawrence Venuti)ཡིས། 1995ལོར་ཁོའི་བརྩམས་ཆོས《译者的隐身》ཞེས་པར་བཏོན་པ་ཡིན་ཏེ། གཞན་འགྱུར་ཞེས་པ་ནི་སྒྱུར་མཁན་གྱིས་རྩོམ་པ་པོར་དཀྲོགས་རྐྱེན་མི་བཟོ་བར་ཀློག་པ་པོ་རྣམས་རྩོམ་པ་པོར་བསྟུན་ཐབས་བྱེད་པ་སྟེ། རྩོམ་པ་པོས་བཀོལ་བའི་སྐད་བརྡའི་མཚོན་ཚུལ་དང་མཚུངས་པའི་སྐད་དོད་དོ་མཉམ་པ་ཞིག་བཀོལ་ནས། མ་རྩོམ་གྱི་ནང་དོན་བརྒྱུད་སྤྲོད་བྱེད་པ་དེ་ཡིན། རང་འགྱུར་ཞེས་པ་ནི་སྒྱུར་མཁན་གྱིས་སྒྱུར་བྱེད་སྐད་རིགས་ཀློག་མཁན་གྱི་ཀློག་པ་པོར་བསྟུན་གང་ཐུབ་བྱས་ནས། ཁོ་ཚོ་གོམས་ལོབས་སུ་གྱུར་པའི་སྐད་བརྡ་བཀོལ་ནས་མ་རྩོམ་གྱི་ནང་དོན་བརྒྱུད་སྤྲོད་བྱེད་པ་དེ་ཡིན། གསལ་པོར་བཤད་ན་རང་འགྱུར་ནི་དོན་སྒྱུར་གྱི་སྒྱུར་ཐབས་དང་ཅུང་མཚུངས་པ་དང་།གཞན་འགྱུར་ནི་ཐད་སྒྱུར་གྱི་སྒྱུར་ཐབས་དང་ཅུང་མཚུངས་པ་ཡིན། དེར་ཀྲུང་གོའི་རྩོམ་པ་པོ་དང་ལོ་ཙཱ་པ་གྲགས་ཅན་ཆན་ཀྲོང་ཧྲུའུ་ཡིས་རང་འགྱུར་ལ“རྒྱ་འགྱུར”དང་གཞན་འགྱུར་ལ“ཨོ་འགྱུར(欧化)”ཟེར་ཆོག་ཅེས་ཀྱང་བརྗོད་ཡོད། རང་རེའི་བོད་ཀྱི་མཁས་དབང་ཆེན་མོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཡི་གེ་བསྒྱུར་བའི་རྩ་དོན་དང་། ཐབས་དམ་པ། དོ་སྣང་བྱེད་དགོས་པ་སོགས་ཀྱི་ནང་དོན་ཚང་མ“འབྲུ་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་བ་དང་། དོན་ཐོབ་གཙོ་བོར་བསྒྱུར་བ་གཉིས་ཀྱི་ནང་དུ་འདུ”ཞེས་པའི་མིང་བརྡ་གཉིས་བྱུང་ཡོད་པ་ནི། དེང་དུས་བརྗོད་པའི་གཞན་འགྱུར་དང་རང་འགྱུར་ཞེས་པ་དང་ཡོངས་སུ་མཚུངས་ཏེ། ཁོང་གིས་ཚིག་ཟིན་གཙོར་བཟུང་ནས་བསྒྱུར་ན་ཚིག་སྙན་པོ་ཡོང་ཡང་གོ་དཀའ་བ་ཙམ་འདུག་པ་དང་།དོན་ཐོབ་གཙོར་བཟུང་ནས་བསྒྱུར་ན་གོ་བདེ་བ་འབྱུང་ཚུལ་གསུངས་ཡོད་པ་མ་ཟད། བོད་ཀྱི་སྔ་འགྱུར་ལོ་ཆེན་རྣམས་ཀྱིས་དོན་ཐོབ་གཙོར་བཟུང་ནས་བསྒྱུར་བ་དང་། ཕྱིས་ཀྱི་ལོ་ཆེན་རྣམས་ཀྱིས་ཚིག་ཟིན་གཙོར་བཟུང་ནས་བསྒྱུར་ཚུལ་ཡང་གསུངས་ཡོད། བོད་ཀྱི་སྔ་འགྱུར་སྐབས་སུ་དོན་ཐོབ་གཙོར་བཟུང་ནས་བསྒྱུར་བའི་དམིགས་ཡུལ་ནི། མ་རྩོམ་གྱི་ནང་དོན་དག་ཤིན་ཏུ་གསལ་ཞིང་གོ་བདེ་བའི་ངང་འགྱུར་རྩོམ་ཀློག་མཁན་ལ་ངོ་སྤྲོད་བྱེད་པའི་ཆེད་ཡིན་པ་ལས། མ་རྩོམ་གྱི་རྩོམ་གཤིས་ལ་སོགས་པ་ཉམས་མེད་སོར་གནས་ཐུབ་པར་བྱ་རྒྱུ་དེ་མིན། ཕྱི་འགྱུར་གྱི་སྐབས་སུ་ཚིག་ཟིན་གཙོར་བཟུང་ནས་བསྒྱུར་བའི་དམིགས་ཡུལ་ཡང་མ་རྩོམ་གྱི་ནང་དོན་དག་འགྱུར་རྩོམ་ཀློག་མཁན་གྱིས་ཚེགས་མེད་དུ་རྟོགས་ཐུབ་མིན་ལ་མ་ལྟོས་པར། མ་རྩོམ་གྱི་ནང་དོན་ལས་གཞན་དེའི་ནང་གི་རྩོམ་ཉམས་དང་རིག་གནས་ཀྱི་ཆ་སོགས་ཆ་འཕྲིན་ཡོངས་རྫོགས་འགྱུར་རྩོམ་དུ་ཉམས་མེད་སོར་གནས་བྱེད་པའི་ཆེད་ཡིན་པ་ང་ཚོས་ཤེས་ཐུབ།
        རྩོམ་རིག་བརྩམས་ཆོས་སྒྱུར་བར་རང་རྒྱལ་གྱི་རྩོམ་རིག་ཞིབ་འཇུག་པ་དང་ལོ་ཙཱ་བ་གྲགས་ཅན་ཆན་ཀྲུང་ཧྲུའུ་ཡིས་ཁོའི《林纾的翻译》ཞེས་པར་བརྗོད་པའི“རྩོམ་རིག་ལོ་ཙཱའི་ཆེས་མཐོ་བའི་ཚད་གཞི་ནི། བརྩམས་ཆོས་དེ་མི་རིགས་གཞན་གྱི་ཡི་གེ་ནས་རང་སྐད་དུ་བསྒྱུར་བར། སྐད་བརྡའི་བརྡ་སྤྲོད་ཀྱི་གོམས་སྲོལ་མི་འདྲ་བའི་རྐྱེན་ལས་བྱུང་བའི་རྡོ་ཆག་བཙན་སྒྲིག་གི་རྗེས་ཤུལ་མཐོང་རྒྱུ་མེད་ལ། མ་རྩོམ་གྱི་རྩོམ་ཉམས་ཡོངས་སུ་སྲུང་ཉར་བྱ་ཐུབ་དགོས”ཟེར། དེ་འདྲ་ཞིག་ཡིན་པ་ལ་ང་ཚོས་མ་རྩོམ་གྱི་སྤྱི་ཁོག་ཧྲིལ་བོར་གོ་བ་བླངས་རྗེས། སྤྱི་ཁོག་ཧྲིལ་བོ་ཡང་བསྐྱར་གསར་བཞེངས་བྱེད་དགོས་པ་ཡིན་པས། དང་ཐོག་མ་རྩོམ་གྱི་རྩོམ་པ་པོ་དང་བརྩམས་ཆོས། ཀློག་པ་པོ་བཅས་གནད་སོ་སོར་རྒྱུས་མངའ་ཡོད་པར་བྱས་རྗེས། ཚིག་དུམ་རེ་རེ་སྒྱུར་སྐབས་བྱེ་བྲག་གི་ནང་དོན་དང་སྐད་ཆའི་གནས་སྐབས་ལ་བལྟས་ནས། མ་རྩོམ་གྱི་རྩོམ་པ་པོའི་བསམ་བློ་དངོས་དང་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་མཚོན་པར་དགོས་དབང་ལྟར་རང་འགྱུར་དང་། གཞན་འགྱུར་བྱེད་ཐབས་གང་འཚམ་སྤྱོད་རྒྱུ་ལས། བཙན་ཚུགས་ཀྱིས་རང་འགྱུར་རམ་གཞན་འགྱུར་གང་རུང་གཅིག་བདམས་ནས་བསྒྱུར་ན། རྩོམ་གཤིས་དང་རྩོམ་ཉམས་སོགས་ཕྱོགས་གང་ཅིའི་ཐད་ལ་གས་ཆག་ངེས་ཅན་ཞིག་ཤོར་ངེས་ཡིན།
        དེས་ན། རྩོམ་རིག་ལོ་ཙཱའི་གནས་སྐབས་གང་དག་ཏུ་རང་འགྱུར་དང་གནས་སྐབས་གང་དག་ཏུ་གཞན་འགྱུར་བྱས་ན་འཚམ་ཞེ་ན། རང་འགྱུར་དང་གཞན་འགྱུར་གཉིས་ནི་ལོ་ཙཱའི་འགྱུར་ལུགས་མི་འདྲ་བ་གཉིས་ཡིན་པའི་ཆ་ནས་བལྟས་ན། དེ་གཉིས་ལོ་ཙཱའི་ལག་ལེན་ཁྲོད་དུ་སྐབས་བསྟུན་གྱིས་གང་བདེར་སྤྱོད་པ་མ་གཏོགས་ལྟོས་མེད་ཀྱི་ཆོས་ཉིད་ཅིག་མེད། ལག་ལེན་ཁྲོད་དུ་སྒྱུར་མཁན་གྱིས་བྱེ་བྲག་གི་རྩོམ་རིག་སྐད་ཆའི་ཁྱད་ཆོས་དང་། རྩོམ་དེའི་དམིགས་ཡུལ། མ་རྩོམ་དང་འགྱུར་རྩོམ་གྱི་སྐད་ཆའི་ཁྱད་ཆོས། མི་རིགས་གཉིས་ཀྱི་རིག་གནས་དང་ཁོར་ཡུག་གི་ཁྱད་ཆོས། བསམ་པའི་འཁྱེར་སོ། རིན་ཐང་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་སོགས་གཞིར་བཟུང་ནས་ཕན་ཚུན་གཅིག་གིས་གཅིག་ལ་རམ་འདེགས་དང་ཕན་ཚུན་བསྣོལ་མར་སྤྱོད་དགོས་པ་ལས། དཔེར་ན། རྩོམ་རིག་བརྩམས་ཆོས་གཉིས་ཀྱི་མགོ་མཇུག་བར་གསུམ་དུ། གཅིག་རང་འགྱུར་དང་ཅིག་ཤོས་གཞན་འགྱུར་ཁོ་ན་བྱས་ཆོག་པ་ཞིག་མེད། སྤྱིར་བཏང་དུ་བྱ་དངོས་ཀྱི་ངོ་བོ་དང་གཤིས་ལུགས་རྣམས་དྲང་པོའི་ངག་གིས་བརྗོད་པ་རྣམས་གཞན་འགྱུར་བྱས་ན་ལེགས་པ་དང་། ཚིག་རྒྱན་སོགས་ལ་བརྟེན་ནས་བརྗོད་པ་རྣམས་རང་འགྱུར་བྱས་ན་ལེགས། སྐད་རིགས་གཉིས་ལ་ཐུན་མོང་གི་བརྗོད་སྟངས་ཡོད་པའི་སྐབས་སུ་གཞན་འགྱུར་ལེགས་པ་དང་། མ་རྩོམ་གྱི་བརྗོད་སྟངས་དེ་འདྲ་འགྱུར་རྩོམ་དུ་མེད་པའི་སྐབས་སུ་རང་འགྱུར་ལེགས། མ་རྩོམ་གྱི་ཚིག་སྦྱོར་སྤེལ་སྟངས་ཀྱི་ཁྱད་ཆོས་ནང་འདྲེན་བྱེད་པའམ་མ་རྩོམ་གྱི་རྩོམ་ཉམས་སོར་འཇོག་བྱེད་འདོད་ན་གཞན་འགྱུར་ལེགས་ལ། བརྗོད་བདེ་ཞིང་གོ་སླ་བ་དང་།རང་མི་རིགས་ཀྱི་རྩོམ་རིག་གི་ཁྱད་ཆོས་མངོན་པར་མཚོན་འདོད་ན་རང་འགྱུར་བྱེད་དགོས། ཆབ་སྲིད་ཀྱི་ཆེད་རྩོམ་དང་ཁྲིམས་ཡིག ཚན་རྩལ་སྐོར་གྱི་རྩོམ་ཡིག་སོགས་བསྒྱུར་བར་གཞན་འགྱུར་ལེགས། རྩོམ་རིག་གི་རྩོམ་ལུས་སྣ་ཚོགས་བསྒྱུར་བར་རང་འགྱུར་ལེགས་པ་དང་། མི་རིགས་གཞན་གྱི་རིག་གནས་ནང་འདྲེན་དང་ངོ་སྤྲོད། དར་སྤེལ་གཏོང་བར་གཞན་འགྱུར་ལེགས། འགྱུར་རྩོམ་དེ་ཡོན་ཏན་པའི་ཚོགས་སུ་བྲིན་འདོད་ན་གཞན་འགྱུར་ལེགས། འགྱུར་རྩོམ་དེ་ཤེས་རྒྱ་ཅུང་ཆུང་བའམ་དམངས་ཁྲོད་དུ་སྒྲོག་ན་རང་འགྱུར་ལེགས། དེ་བས་འགྱུར་ལུགས་འདི་གཉིས་ནི་སྐབས་བསྟུན་གྱིས་ཐག་གཅོད་དགོས་པ་ཞིག་ཡིན།

གཉིས་པ། རྩོམ་རིག་ལོ་ཙཱ་བར་འཛོམ་དགོས་པའི་ཆ་རྐྱེན།
        རྩོམ་རིག་ལོ་ཙཱ་ནི་སྤྱིར་བཏང་གི་ལོ་ཙཱ་དང་མི་འདྲ་བ་ཡིན། སྤྱིར་བཏང་གི་སྤྱི་ཚོགས་རིག་ཚན་དང་རང་བྱུང་རིག་ཚན་སོགས་ཀྱི་ལོ་ཙཱ་ནི་མ་རྩོམ་གྱི་དོན་མ་ནོར་ཞིང་ཚིག་གི་སྦྱོར་བ་བདེ་བ་དང་ཁ་གསལ་བ། ཀློག་པ་པོར་མ་རྩོམ་དང་ཕལ་ཆེར་མཚུངས་པའི་ཚོར་སྣང་འབྱུང་ཐུབ་པར་བྱས་པས་ཆོག རྩོམ་རིག་བརྩམས་ཆོས་ནི་སྤྱིར་བཏང་གི་རྩོམ་ཡིག་དང་མི་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། སྒྱུ་རྩལ་གྱི་ཐབས་རྩལ་ལ་བརྟེན་ནས་བྱུང་རིམ་གྱི་ནང་དོན་དང་། ལུས་ཀྱི་རྣམ་འགྱུར། བསམ་བློའི་བརྩེ་དུང་། ཡིད་ཀྱི་འགྱུ་བ། ངག་གི་བརྗོད་པ་སོགས་ཞིབ་ཆའི་གནས་མཐའ་དག་མཚོན་པ་ཞིག་ཡིན་པས། འགྱུར་རྩོམ་དུ་མ་རྩོམ་གྱི་ནང་དོན་གོ་བརྡ་སྤྲད་པ་ཙམ་གྱིས་གཏན་ནས་མི་ཆོག་པར། རང་གི་ཁྱད་ཆོས་དང་མཐུན་པའི་སྒྱུར་ཐབས་ཤིག་བཀོལ་ནས་དེའི་ནང་གི་བསམ་བློའི་བརྩེ་དུང་དང་ཡིད་ཀྱི་འགྱུ་བ། ངག་གི་བརྗོད་པ། ལུས་པོའི་རྣམ་འགྱུར། རྩོམ་ཉམས་སོགས་གང་ནུས་ཀྱིས་སོར་འཇོག་བྱེད་དགོས་པས། རྩོམ་རིག་བརྩམས་ཆོས་ནི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པ་ལ། འགྱུར་རྩོམ་དེའང་ངེས་པར་དུ་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་དགོས་པ་དང་། དེ་ནི་སྐད་རིགས་གཞན་ཞིག་གིས་མ་རྩོམ་གྱི་སྒྱུ་རྩལ་བསམ་བློ་མཚོན་པར་བྱེད་དགོས་པ་ཡིན། འདི་འདྲའི་རྩོམ་རིག་བརྩམས་ཆོས་ཤིག་ལོ་ཙཱ་ཡག་པོ་ཞིག་བྱེད་དགོས་ན། སྐད་ཡིག་གཉིས་ཀར་བྱང་ཆུབ་པ་དང་། མ་རྩོམ་གང་དེའི་མི་རིགས་ཀྱི་རིག་གནས་ལ་རྒྱུས་མངའ་ལེགས་པོ་ཡོད་དགོས་ཏེ། མི་རིགས་དེའི་ཆོས་ལུགས་དད་མོས་དང་། འཚོ་བའི་གོམས་གཤིས། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་ལ་རྒྱུས་མངའ་ཡོད་ལ། ལྷག་པར་དུ་འགྱུར་རྩོམ་གྱི་ཚིག་རྒྱན་དང་ཚིག་གི་སྡེབ་སྦྱོར་ལ་བྱང་ཆུབ་པ། གཏན་ཚིགས་ཀྱི་བསམ་གཞིག་དང་གཟུགས་སྣང་གི་བསམ་གཞིག། ཚོར་འདུའི་བསམ་གཞིག་གིས་ཕྱུག་པ། དེ་ཡང་དཔེ་དང་དཔེ་ཅན་སོ་སོའི་སྦྱོར་ཚུལ་དང་། གཟུགས་དང་གཟུགས་ཅན་སོ་སོའི་བཀོད་སྟངས། རབ་རྟོག་གི་རྒྱན་དང་། ཟློས་བརྗོད་ཀྱི་རྒྱན། སྐོར་རྒྱན། སྒྲ་རྒྱན། གབ་ཚིག་སོགས་རྒྱ་བོད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚིག་དང་རྒྱན་གྱི་སྦྱོར་ཚུལ་ལ་སྦྱངས་པ་ཆེ་ཞིང་། སྒྱུར་བྱེད་སྐད་ཡིག་གི་བརྡ་སྤྲོད་ལ་བྱང་ཆུབ་པ། ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པ། ཚིག་གི་སྡེབ་སྦྱོར་དང་རྩོམ་འབྲིའི་ལག་ལེན་ལའང་བྱང་ཆུབ་པ་ཞིག་ཡིན་དགོས་པར་མ་ཟད། ད་དུང་ཤེས་བྱ་སྤྱི་ལ་རྒྱུས་མངའ་ཡོད་དགོས་པ་ཡིན། དེ་འདྲའི་ལོ་ཙཱ་བ་ཞིག་ཡིན་ཚེ། ཚིགས་བཅད་རྩོམ་རིག་དང་། ལྷུག་རྩོམ། བརྩམས་སྒྲུང་། ཟློས་གར། བརྙན་འཕྲིན་རྩོམ་རིག་སོགས་རྩོམ་ལུས་གང་གི་ལོ་ཙཱའི་ལས་ལ་ཞུགས་ཀྱང་ཐོགས་མེད་དུ་སྒྱུར་ཐུབ་པ་ཡིན།

གསུམ་པ། རང་འགྱུར་ཐབས་དང་གཞན་འགྱུར་ཐབས་བླང་དོར་བྱེད་ཚུལ།
        སྐད་ཆས་ནི་རིག་གནས་ཤིག་མཚོན་པ་དང་རིག་གནས་ཀྱིས་ཕྱིར་སྐད་ཆར་ཚོད་འཛིན་ཐེབས་ཀྱིན་ཡོད་པ་ལ། མི་རིགས་སོ་སོའི་རིག་གནས་ལ་ཐུན་མོང་གི་རང་བཞིན་དང་རང་གི་དམིགས་བསལ་གྱི་ཁྱད་ཆོས་གཉིས་ཀ་ལྡན་པ་ཡིན། དེ་བས་མི་རིགས་ཤིག་གི་རྩོམ་རིག་བརྩམས་ཆོས་ནི་རྒྱུན་པར་མི་རིགས་དེའི་སྲོལ་རྒྱུན་རིག་གནས་ལ་འབྲལ་ཐབས་མེད་ལ། དེར་རིག་གནས་ཀྱི་གོ་དོན་ཟབ་མོ་ཞིག་འདུས་ཡོད་པས། སྐད་ཆ་ཚིག་གཅིག་ལ་གོ་བ་ལེན་སྐབས་མ་རྩོམ་དང་འགྱུར་རྩོམ་བར་གྱི་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་གོ་དོན་དང་ཚིག་ནུས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། དེ་ལྟར་བྱས་ན་ད་གཟོད་འགྱུར་རྩོམ་གྱི་དམིགས་བསལ་གྱི་རྩོམ་ཉམས་དང་དེ་ལས་མཚོན་པའི་རིག་གནས་ཀྱི་རྒྱབ་ལྗོངས་གསལ་པོར་མཚོན་ནས། རིག་གནས་ལས་བརྒལ་བའི་སྤྱི་ཚོགས་གོམས་སྲོལ་དང་འཚམ་པ་ཡིན། དེ་འདྲའི་འགྱུར་རྩོམ་ལེགས་པོ་ཞིག་བཀླགས་ན་རང་ལ་ཤེས་བྱ་གང་རུང་ཞིག་ཐོབ་ཐུབ་པ་མ་ཟད། ད་དུང་བསམ་བློའི་འགྱུར་བ་སྣ་ཚོགས་བྱུང་ནས། མཛེས་དཔྱོད་ཀྱི་དགའ་སྣང་ཐོབ་ཐུབ། རྩོམ་རིག་བརྩམས་ཆོས་ལ་ཡོད་པའི་དམིགས་བསལ་གྱི་ཁྱད་ཆོས་འདིས། རྩོམ་རིག་ལོ་ཙཱ་ཡིས་ཀློག་པ་པོར་མ་རྩོམ་གྱི་མཛེས་དཔྱོད་ནུས་པ་དང་ཡོངས་སུ་མཚུངས་པའི་མཛེས་དཔྱོད་བྱ་ཡུལ་ཤིག་བསྩལ་ནས། འགྱུར་རྩོམ་ཀློག་མཁན་རང་གི་ཤེས་བྱ་དང་ཉམས་མྱོང་ལས་ཁོར་བརྩམས་ཆོས་ཀྱི་མཛེས་དཔྱོད་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་པར་མ་ཟད། ད་དུང་ཀློག་པ་པོར་མ་རྩོམ་གྱི་བརྗོད་སྙིང་དང་བརྗོད་སྟངས་ཐད་ཀྱི་ཁྱད་ཆོས་ཉམས་ལེན་བྱེད་དུ་འཇུག་ཐུབ། འགྱུར་རྩོམ་དེ་ཆུ་ཚད་ཚད་འདི་འདྲ་ཞིག་ལ་བསླེབས་ཚེ། རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱེད་སྐབས་ལོ་ཙཱ་བས་རང་འགྱུར་ཐབས་དང་གཞན་འགྱུར་ཐབས། རྩོམ་སྟངས་དང་རྩོམ་ཉམས། མ་རྩོམ་དང་དམ་དུ་འབྲེལ་བའམ་ཡང་ན་གསར་རྩོམ་བྱེད་པ་གང་ཞིག་བཀོལ་རུང་། ཚང་མ་འགྱུར་རྩོམ་ལེགས་ཤོས་སུ་རྩིས་ཆོག རང་འགྱུར་དང་གཞན་འགྱུར་བླང་དོར་བྱེད་ཚུལ་ནི་བྱེ་བྲག་གི་སྐད་ཆའི་གནས་སྐབས་དང་། ལོ་ཙཱའི་དམིགས་ཡུལ། འགྱུར་མའི་སྐད་ཆ་དང་མཐུན་མིན། རྩོམ་རིག་བརྩམས་ཆོས། རྩོམ་པ་པོ། འགྱུར་མ་ཀློག་མཁན་གྱི་དང་ལེན་ནུས་པ། མི་རིགས་ཀྱི་བསམ་གཞིག་གོམས་སྲོལ། རིག་གནས་མི་འདྲ་བའི་བར་བྱུང་བའི་གནས་ཚུལ་བྱེ་བྲག་པ་སོགས་ཀྱིས་ཚོད་འཛིན་ཐེབས་པ་ཡིན་ཏེ། དཔེར་ན། རྒྱ་བོད་གཉིས་ཀྱི་རིག་གནས་ཁྲོད་མཚོན་དཔེ་འདྲ་བའི་ཚིག་སྟེ། དཔེར་ན།“了解她的人都知道她是一个像狐狸一样的人”ཞེས་པ་ལྟ་བུ་ཞིག“ཁོ་མོར་རྒྱུས་མངའ་ཡོད་པའི་མི་ཚོས་མོ་ནི་ཝ་མོ་དང་འདྲ་བ་ཞིག་ཡིན་པ་ཤེས་ཡོད”ཅེས་བསྒྱུར་ན། རྒྱའི་རིག་གནས་ཁྲོད་དུ་ཝ་མོ་ནི་གཡོ་སྒྱུ་ཆེ་བ་དང་རིག་པ་རྣོ་བ། མཛེས་ཤིང་གཡོ་ཟོལ་ལྡན་པའི་དཔེ་མཚོན་དུ་འགོད་པ་དང་། བོད་ཀྱི་རིག་གནས་ཁྲོད་དུའང“ཝ་དམར་པོའི་གྲ་ཁ་རླུང་གིས་སྐྱོད”ཅེས་དངོས་སུ་མི་དང་ལྐོག་ཏུ་འདྲེ་བྱེད་མཁན་གྱི་མི་ངོ་གཉིས་མ་དང་སྡར་མ་གཉིས་ཀའི་དཔེ་མཚོན་དུ་འགོད་པས། སྐད་རིགས་གཉིས་སུ་ཐུན་མོང་དུ་ཡོད་པའི་བརྗོད་སྟངས་འདི་ལྟ་བུ་གཞན་འགྱུར་བྱས་ན་འགལ་ཆ་ཅི་ཡང་མེད། འོན་ཀྱང་མི་རིགས་གཉིས་ཀྱི་རིག་གནས་ཁྲོད་དུ་གོ་དོན་ཡེ་ནས་མི་འདྲ་བ། དཔེར་ན།“火红的太阳从东山升起”ཞེས་པ་ལྟ་བུ། རྒྱའི་རིག་གནས་སུ་ཁ་དོག་དམར་པོ་ནི་རྒྱུན་པར་བཀྲ་ཤིས་པ་དང་། དགའ་སྤྲོ། དབང་གྲགས། རེ་སྨོན་སོགས་མཚོན་བྱེད་ཡིན་པས།“མེ་ལྟར་དམར་པོའི་ཉི་མ་ཤར་རིའི་རྩེ་ནས་འཕགས”ཞེས་སུ་གཞན་སྒྱུར་བྱས་ཏེ། དྲོད་ཁོལ་འཛོམ་པ་དང་བཀྲ་ཤིས་པའི་ཉི་མ་མཚོན་པར་བྱས་ན་ཚིག་དོན་གྱི་དག་ཆ་ལ་འགལ་ཆ་ཅི་ཡང་མེད་མོད། འོན་ཀྱང་བོད་ཀྱི་རིག་གནས་སུ་དམར་པོ་ནི་སྡིག་པ་དང་མི་སྲུན་པ་སོགས་མཚོན་བྱེད་དུ་འགོད་པས། ཁ་དོག་ལས་མཚོན་པའི་བསམ་བློའི་རིག་གནས་མི་འདྲ་བ་དང་། མ་ཡིག་གི་བརྗོད་སྟངས་དེ་འདྲ་འགྱུར་ཡིག་ཏུ་མེད་པས།“གསེར་མདོག་ཉི་མ་ཤར་རིའི་རྩེ་ནས་འཕགས”ཞེས་སུ་རང་སྒྱུར་བྱས་ན། སྐད་ཆའི་མཚོན་ནུས་དེ་གཞན་འགྱུར་ཐབས་ལས་གསལ་ཞིང་། རང་རེའི་ཀློག་པ་པོའི་བསམ་བློ་དང་སྐད་ཆའི་གོམས་སྲོལ་ལའང་དེ་བས་ཀྱང་མཐུན་པ་རེད། ཡང་དུས་ཆེན་གྱི་ནང་དོན་ཡེ་ནས་མི་འདྲ་བ་སྟེ། རྒྱའི་རིག་གནས་སུ་ཐང་རྒྱལ་རབས་ནས་བཟུང་ད་ལྟའི་བར་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ་ནི་མཚན་མོར་ལྒང་ཞུ་ལ་བལྟ་བའི་སྲོལ་ཡོད་པའི“元宵节”ལྟ་བུ་རྒྱ་བོད་མིང་མཛོད་དུ།“དང་པོའི་བཅོ་ལྔའིདུས་ཆེན”ཞེས་སུ་བསྒྱུར་ཡོད་པ་ལ། དེ་བོད་ཁུལ་གྱི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་སྨོན་ལམ་ལ་འཁྲུལ་སླ་བས།“ལྒང་ཞུའི་དུས་ཆེན”ཞེས་གཞན་འགྱུར་བྱས་ན། དུས་ཆེན་ལ་གོ་ནོར་ཐེབས་མི་སྲིད་པ་དང་། དོན་གྱི་ཟུར་ཙམ་ཡང་གོ་ཐུབ་པ་ལྟ་བུ་རེད། དེ་བས་རྩོམ་རིག་ལོ་ཙཱའི་ཁྲོད་དུ་རང་འགྱུར་དང་གཞན་འགྱུར་ལྟོས་བཅོས་ཀྱིས་བཀོལ་ནས་བསྒྱུར་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་ཡིན་པ་དེ་འདྲ་རེད།ཡིན་ཡང་གཟབ་དགོས་པ་ཞིག་ནི། ལོ་ཙཱའི་ཁྲོད་དུ་མིང་དང་ཚིག་གང་རུང་ལ་གཞན་འགྱུར་ཐབས་བཀོལ་བ་མང་དྲགས་ན། མིང་དང་ཚིག་ཡ་མ་གཟུགས་ཅན་ཇེ་མང་དུ་འགྲོ་སྲིད་དེ། དཔེར་ན།“扎西老师”“用粉笔写字”“从水中钓鱼”ཞེས་པར་མཚོན་ན། “དགེ་རྒན་བཀྲ་ཤིས”དང་།“ས་སྨྱུག་གིས་ཡི་གེ་འབྲི”“ཆུ་ལས་ཉ་འཛིན”ཞེས་པ་སོགས་སུ་མི་བསྒྱུར་བར“བཀྲ་ཤིས་དགེ་རྒན”དང་།“ཆུའི་ནང་ནས་ཉ་འཛིན”།“ས་སྨྱུག་བཀོལ་ནས་ཡི་གེ་འབྲི”ཞེས་པ་ལྟ་བུའི་རྒྱ་སྐད་ཀྱི་རྗེས་སུ་འགྲོ་བའི་ཚིག་གྲུབ་ཇེ་མང་དུ་འགྲོ་སྲིད་པས། སྤྱིར་བཏང་གི་སྐད་ཆ་འདི་ལྟ་བུ་དག་ཀྱང་གཞན་འགྱུར་བྱེད་པ་ནི་བོད་ཀྱི་སྐད་ཆའི་གྲུབ་ཚུལ་དང་འགལ་ནས། རྒྱ་སྐད་ཀྱི་སྐད་ཆའི་རྣམ་པའམ་ཚིག་གྲུབ་ཐད་ཀར་བོད་སྐད་དུ་གནས་སྤར་བ་ཡིན་པས། དེས་རང་རེའི་སྐད་ཡིག་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་མི་ཐུབ་པ་དང་། མི་རིགས་གཞན་གྱི་རིག་གནས་སྒྲོག་སྤེལ་བྱེད་པའི་དམིགས་འདུན་ཡང་འགྲུབ་མི་ཐུབ་པའི་ཁར། བོད་ཀྱི་གནའ་ནས་ཡོད་པའི་རང་སྐད་གཤའ་མའི་མིང་དང་ཚིག་གི་ཐོན་ཁུངས་སྔོག་འདོན་བྱེད་མ་ཐུབ་པའམ་ཡང་ན་ཕྱིར་དོར་བས། ཆེ་ས་ནས་བཤད་ན་སྒྱུར་སྟངས་འདི་ལྟ་བུ་གོམས་ལོབས་སུ་གྱུར་ཚེ། མི་རིང་བར་བོད་སྐད་གཤའ་མ་འདིའང་ཉམས་ནས་སྐད་རིགས་ཡ་མ་གཟུགས་སུ་འགྱུར་འགྲོ་བ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད། དེ་བས་རྩོམ་རིག་ལོ་ཙཱའི་ཁྲོད་དུ་གཞན་འགྱུར་ཐབས་དང་རང་འགྱུར་ཐབས་གཉིས་ལས། སྒྱུར་ཐབས་གང་ཞིག་བཀོལ་རྒྱུ་ནི་གནས་ཚུལ་དངོས་ལ་གཞིགས་ནས་བྱེ་བྲག་གིས་དབྱེ་ཞིབ་བྱས་ཏེ། སྒྱུར་ཐབས་འདི་གཉིས་ཕན་ཚུན་རམ་འདེགས་ཀྱིས་སྤེལ་མར་བཀོལ་དགོས་པ་དང་། སྒྱུར་ཐབས་གང་ཞིག་བཀོལ་རུང་། གཅིག་ནས་མ་རྩོམ་གྱི་ནང་དོན་ལྟར་བསྒྱུར་རྒྱུ་དང་། གཉིས་ནས་མ་རྩོམ་གྱི་ནང་དོན་དང་མཚོན་སྟངས་ཀྱི་ཉིང་བཅུད་མི་འདོར་བར་བྱ་རྒྱུ། གསུམ་ནས་འགྱུར་རྩོམ་གྱི་ཚིག་སྦྱོར་རང་སྐད་ཀྱི་སྦྱོར་ལུགས་དང་མཐུན་པར་བྱ་རྒྱུ། བཞི་ནས་འགྱུར་རྩོམ་ཀློག་པ་པོའི་བསམ་ཚུལ་ནི་མ་རྩོམ་ཀློག་པ་པོའི་བསམ་ཚུལ་དང་གཅིག་མཐུན་ཡོང་བར་བྱ་རྒྱུ་ནི་གནད་ཀྱིི་དམ་པ་རེད་སྙམ། །


* དབང་ཆེན་བཀྲ་ཤིས། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོར་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1