སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི་བྱ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-15


        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས། ཆུ་གྲོན་ཆུང་ཅན་གྱི་ཞིང་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་པ་ལས་ཞིང་ཆུ་ལེབ་གཏོང་བྱེད་མི་རུང་བ་དང་། ཆུ་གྲོན་ཆུང་གི་བླང་བྱར་གཞིགས་ནས། ཆུ་ལ་བརྟེན་ནས་ཐོན་ཚད་གཏན་འཁེལ་བྱེད་པ་དང་། ཉུང་ཞིང་སྤུས་དག་པོ་ཡོང་གང་ཐུབ་བྱས་ཏེ། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ལས་ཞིང་ཆེན་ཆེ་གྲས་ཧོ་པེ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཆུ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་གི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ས་འོག་ཆུ་ཚད་བརྒལ་སྔོག་འདོན་བྱས་པའི་“ལྡུག་ཚགས་ཆེན་པོ”དེ་ནས་ཆུ་གྲོན་ཆུང་བྱས་ཏེ་“ཆུ་མཛོད་ཆེན་པོ”བཏོད་ཡོད།
        དབྱར་ཟླ་གསུམ་པར་སླེབས་ཙམ་ནས། གྲོ་ཞིང་གསེར་མདོག་ཅན་ཏུ་གྱུར་ཟིན། ཧོ་པེ་ཞིང་ཆེན་ཅིང་རྫོང་གི་འདེབས་འཛུགས་དུད་ཆེན་ཀའོ་ཀྲི་ཆིང་གི་གྲོ་ཞིང་ནང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་བྲེལ་འཚུབ་ངང་གྲོ་བརྔ་བསྡུ་བྱེད་བཞིན་ཡོད། ལའོ་ཀའོ་ཡིས་གསར་འགོད་པར། འདི་ལོ་འདེབས་འཛུགས་བྱས་པའི“ཧེང་གྲོ”ཞེས་ཆུ་གྲོན་ཆུང་ཐུབ་པའི་གྲོ་མུའུ2200ལྷག་ཙམ་ལ་ཞིང་ཆུ་འདྲེན་ཚད་དེ་སྔ་ལས་གཉིས་ཉུང་དུ་བཏང་བ་མ་ཟད། མུའུ་རེའི་ཐོན་ཚད་ཀྱང་རྒྱ་མ1200ཡན་ཟིན་གྱི་ཡོད་ཅེས་བཤད་ཡོད་པ་རེད།
        ཧྭ་བྱང་བདེ་ཐང་དུ་གནས་པའི་ཧོ་པེ་ཞིང་ཆེན་ནི་གྲོ་ཐོན་ཁུལ་གཙོ་བོ་ཡིན། འོན་ཀྱང་ས་འོག་གི་ཆུ་ལོ་ལྟར་ཚད་ལས་བརྒལ་ཏེ་སྔོག་འདོན་བྱས་ནས། ལོར་ཚད་བརྒལ་སྔོག་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར59.7ཟིན་གྱི་ཡོད། “ཞིང་ཆུ་དང་པོ་འདྲེན་སྔ་བ་དང་། ཞིང་ཆུ་གཉིས་པ་འདྲེན་མྱུར་བ། ཞིང་ཆུ་གསུམ་པ་དང་བཞི་པ་གཅིག་རྗེས་གཅིག་ལ་འདྲེན་པ། བཙས་མ་རྔ་འགོ་མ་ཚུགས་བར་དུ་ཆུ་འདྲེན”ཞེས་པའི་ཆུ་ཟད་གྲོན་ཆེ་བའི་ སྲོལ་རྒྱུན་གྱི་གྲོ་འདེབས་འཛུགས་རྣམ་པར་འགྱུར་བ་མ་གཏོང་ཀ་མེད་བྱུང་བ་དང་། “ཧེང་གྲོ”སོགས་ཆུ་གྲོན་ཆུང་ཐུབ་པའི་གྲོ་སྣ་ཁ་བཅུ་ཕྲག་ཁ་ཤས་དུས་བསྟུན་ཐོན་ཡོད།
        ཧོ་པེ་ཞིང་ཆེན་གྱི་དབུ་བཞུགས་གྲོ་གསོ་རིགས་གཅིག་མཁས་ཅན་ཀུའོ་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཧོ་པེའི་ཆུ་གྲོན་ཆུང་གི་གྲོ་འདེབས་རྒྱ་ཁྱོན་མུའུ་ཁྲི3270ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་གྲོ་འདེབས་རྒྱ་ཁྱོན་གྱི95%བཟུང་སྟེ། དཔྱིད་དུས་ཞིང་ཆུ་དང་པོ་འདྲེན་སྐབས་ཆུ་རྒྱ་མ་བརྒྱད་བརྒྱ་དང་། ཞིང་ཆུ་གཉིས་པ་འདྲེན་སྐབས་རྒྱ་མ་སྟོང་ཕྲག་བརྒལ་བའི་ཆུ་གྲོན་ཆུང་གི་འདེབས་འཛུགས་བྱེད་སྟངས་ཤིག་ཆགས་ཏེ། ཞིང་པར་འབབ་འཕར་ཡོང་བ་དང་དུས་མཚུངས་འབྱུང་ཁམས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཁོང་གིས། གྲོ་འདེབས་ཁྱོན་ཆེ་ལ། ཆུ་ཤིན་ཏུ་མང་པོ་བེད་སྤྱོད་གཏོང་དགོས། གལ་ཏེ་ཚང་མར་ཆུ་ཉུང་ཙམ་བླུགས་ན། གྲོ་ཞིང་མུའུ་བྱེ་བ་གསུམ་ནས་ཆུ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར15གྲོན་ཆུང་བྱེད་ཐུབ་ཅེས་གསུངས་ཡོད་པ་རེད།
        ཧོ་པེ་ཞིང་ཆེན་དུ་། ཞིང་ཆུ་འདྲེན་སྐབས79%ཡིས་འཕྲུལ་ཁྲོན་སྤྱོད་དགོས་སྟབས། ཞིང་ཆུ་ལེབ་གཏོང་བྱེད་པ་ནི་ཅུང་རྒྱུན་མཐོང་ཅན་གྱི་སྣང་ཚུལ་ཞིག་ཡིན་ཞིང་། ཆུའི་ཐོན་ཁུངས་འཕྲོ་བརླག་ཚབས་ཆེན་གཏོང་གི་ཡོད། ཉེ་བའི་ལོ་ཤས་རིང་། ཧོ་པེས་མདོང་ཆུ་འདྲེན་པ་དང་། ཐིགས་ཆུ་འདྲེན་པ། ཞིང་ཆུ་གཏོར་འགྲེམ་སོགས་ཆུ་ལུད་གཞི་གཅིག་ཅན་གྱི་ཞིང་ཆུ་འདྲེན་སྟངས་ལག་བསྟར་ཤུགས་ཆེན་བྱས་ནས། མུའུ་རེར་ཆ་སྙོམས་ཆུ་སྨི་རྒྱ་དཔངས་གྲུ་བཞི50ནས60བར་གྲོན་ཆུང་ཐུབ་པ་དང་། ལོ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3ཡས་མས་གྲོན་ཆུང་ཐུབ་ཡོད། ཆུས་ཀྲོའུ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅིན་ཁུང་གིས། ང་ཚོས་རྫོང་ཡོངས་སུ་ཆུ་ལུད་གཞི་གཅིག་ཅན་དུ་འགྱུར་བ་དང་། སྐྱེ་ལྡན་ལུད་མང་དུ་གཏོང་བ་སོགས་ཆུ་གྲོན་ཆུང་གི་ལག་རྩལ་བྱེད་ཐབས་ཁག་བཅུ་ལྷག་ཙམ་ཁྱབ་གདལ་བཏང་བ་དང་། རྫོང་ཡོངས་ཀྱིས་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི400ལྷག་ཙམ་གྲོན་ཆུང་བྱས་ཡོད་ཅེས་བཤད་ཡོད་པ་རེད།
        ཆུ་གྲོན་ཆུང་གི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྣ་ཁ་དང་ཆུ་འདྲེན་ལག་རྩལ་ཐད་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ད་དུང་ཚན་རིག་དང་མཐུན་པའི་དོ་དམ་ལ་ཕན་འབྲས་ཐོན་པ་བྱེད་དགོས། ད་ལོའི་ཟླ5པར། ཧོ་པེའི་ཞིང་ཆེན་རིམ་པའི་ཞིང་ལས་ཆུ་འདྲེན་ནུས་སྤྱོད་གཅིག་གྱུར་དོ་དམ་ལས་སྟེགས“ཞིང་འཕྲིན་ནོར་བུ”ཞེས་པ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། གློག་འདོན་དང་། ཆུ་བེད། ཞིང་ལས་ཀྱི་རྨང་གཞིའི་གྲངས་གཞི་བཅས་ཐེངས་དང་པོ་ས་ཁོངས་ལས་བརྒལ་ནས་མཉམ་འདྲེས་བྱུང་ཡོད། ཞིང་དུད་ཀྱིས“ཞིང་འཕྲིན་ནོར་བུ”ཡིAPPསྤྱད་ཚེ། ཞིང་ལ་ཆུ་ཇི་ལྟར་བཏབ་ན་ཆུ་གྲོན་ཆུང་བྱེད་ཐུབ་པ་ལམ་སེང་ཤེས་ཐུབ། རྒྱལ་ཁབ་གློག་དྲ་ཧོ་པེ་གློག་ཤུགས་ཀུང་སི་སྒྲིག་ཆས་འཚོལ་བསྡུ་སྤུས་ཚད་དོ་དམ་གྱི་ཆེད་དོན་འགན་ཁུར་བ་ལི་ཧྥེ་ཡིས། གནད་སྨིན་ཆུ་འདྲེན་ཇུས་གཞིར་བརྟེན་ནས་གྲངས་གཞིར་མཛུབ་ཁྲིད་བྱ་རྒྱུ་རེད། ཚོད་ལྟས་ར་སྤྲོད་བྱས་པ་བརྒྱུད། ཞིང་དུད་ཀྱིས་ལོ་ལྟར་ས་ཞིང་མུའུ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ60གྲོན་ཆུང་ཐུབ་པ་དེས། ཧོ་པེ་ཞིང་ཆེན་གྱི་ས་འོག་ཆུ་སྔོག་འདོན་དང་། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་འགན་ལེན། འབྲུ་རིགས་བདེ་འཇགས་འགན་ལེན་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བཤད་ཡོད་པ་རེད།
        ཧོ་པེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ2014ལོ་ནས་བཟུང་ས་འོག་ཆུ་ཚད་བརྒལ་སྔོག་འདོན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ཡོད་པ་དང་། སྤྱི་ལོ2019ལོའི་ལོ་མཇུག་བར་དུ། ཧོ་པེའི་ཞིང་ལས་སྤྱོད་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར139.1ནས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར114.6བར་ཆག་ཡོད་ཅིང་། ལོ་ལྔའི་དུས་ཚོད་ནང་ཚད་བརྒལ་སྔོག་འདོན་ཁུལ་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར24གྲོན་ཆུང་ཐུབ་ཡོད་པས། དེ་ཚད་ལྡན་ཆུ་མཛོད་ཆེ་གྲས་གཉིས་ཀྱི་ཆུ་གསོག་ཚད་དང་འདྲ་མཚུངས་ཡིན་པ་རེད།
        ཧོ་པེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་ཁྲུའུ་ཡི་ཝུའུ་ཅི་མིན་གྱིས། གོམ་སྟབས་རྗེས་མར། ཧོ་པེས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། སྤྱི་ལོ2022ལོར་སླེབས་སྐབས་ས་འོག་ཆུ་སྔོག་འདོན་ཁ་གསབ་དོ་སྙོམས་དང་། ས་འོག་ཆུ་གནས་བསྐྱར་འཕར་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས། ང་ཚོས་མིག་སྔར་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར15ལྷག་ཙམ་བཏང་ཡོད་ལ། ཕྱིན་ཆད་མུ་མཐུད་མ་དངུལ་མང་པོ་གཏོང་དགོས། རྒྱུ་མཚན་ནི་ཞིང་ལས་ནི་ཆུ་བེད་སྤྱོད་གཏོང་ས་གཙོ་བོ་ཞིག་རེད། འདེབས་འཛུགས་གྲུབ་གཞི་མུ་མཐུད་ལེགས་སྒྲིག་བྱས་ནས། ཞིང་ཆུ་འདྲེན་ཚད་ཉུང་དུ་གཏོང་རྒྱུ་དང་། གཙོ་གནད་ཐོག་གྲོའི་ཆུ་གྲོན་ཆུང་གི་གནད་དོན་ཐད་ཤུགས་བརྒྱབ་ནས་ས་འོག་ཆུ་སྔོག་འདོན་བྱ་རྒྱུ་མུ་མཐུད་ཉུང་དུ་གཏོང་རྒྱུ་དང་། ཞིང་ལས་ཀྱི་ཆུ་གྲོན་ཆུང་དང་སྔོག་འདོན་ལས་འགན་དུས་ཐོག་དང་བླང་བྱ་ལྟར་ལེགས་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1