རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་གྲོལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 06-28


        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་གྲོལ། ཐེངས་འདིའི་གྲོས་ཚོགས་ནས་སྤུས་ཚད་མཐོ་བའི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་བལྟོས་བཅས་དབུལ་ཕོངས་ཐག་གཅོད་བྱེད་པའི་ནུས་ལྡན་རྐྱེན་སྲོལ་འཛུགས་པ་བརྗོད་སྙིང་དུ་བྱས་ནས་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་བསྡུའི་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 
        ཝང་དབྱང་གིས་སྤྱི་བསྡོམས་གསུང་བཤད་གནང་སྐབས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་མཇུག་མཐའི་གནད་འགག་གི་དུས་སྐབས་སུ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་བརྗོད་སྙིང་དུ་བྱས་ཏེ་གྲོས་མོལ་བྱས་པ་ནི། སྤུས་ཚད་མཐོ་བའི་དབུལ་མཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་རམ་འདེགས་བྱེད་པ་དང་། བལྟོས་བཅས་དབུལ་ཕོངས་ཐག་གཅོད་བྱེད་པའི་ནུས་ལྡན་རྐྱེན་སྲོལ་འཛུགས་པར་བློ་འདོན་ཇུས་འབུལ་བྱས་ཡོད། དེ་ནི་མི་དམངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། སྙིང་བོར་དམིགས་ནས་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཅིག་རེད། གྲོས་མོལ་བྱེད་སྐབས་ཚང་མས་བརྗོད་སྙིང་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས་ཤིང་། བསམ་འཆར་དང་གྲོས་གཞི་བཟང་བོ་མི་ཉུང་བ་བཏོན། ཁོ་ཚོས་བལྟས་ན་དམིགས་འབེན་མངོན་འགྱུར་བྱེད་པར་སེམས་འདུན་བརྟན་པོ་ཡིན་དགོས་པ་དང་། སྤུས་ཚད་ལ་འགན་སྲུང་བྱེད་པར་སྔར་བཞིན་འབད་འབུངས་བྱེད་དགོས། གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་ལ་བརྟེན་དགོས་ལ། ནུས་ལྡན་རྐྱེན་སྲོལ་བཙུགས་པ་དངོས་གཉེར་སྤྱོད་སྒོ་ལྡན་པ་ཞིག་ཡིན་དགོས། གྲོས་མོལ་བྱས་པ་བརྒྱུད་དེ་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལོ་རྒྱུས་བརྒྱུད་རིམ་དང་རྒྱབ་ལྗོངས་ཀྱི་ལམ་ལུགས་ཁྱད་སྟོབས་ལ་ངེས་ཤེས་གསལ་བོ་རྙེད་པ་དང་། སྲིད་སྐྱོང་ཐད་བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་ལྟ་ཚུལ་གཅིག་ཏུ་འདྲིལ་བའི་དམིགས་ཡུལ་དུ་སླེབས་ཡོད། 
        ཝང་དབྱང་གིས་མི་དམངས་སྲིད་གྲོས་ཀྱིས་དུས་ཡུན་རིང་བོར་དབུལ་སྐྱོར་དབུལ་ཐར་གྱི་ལས་དོན་ལ་དམིགས་ནས་མུ་མཐུད་འབད་འབུངས་བྱེད་པའི་ལག་ལེན་ཁྲོད་ནས། ལམ་ལུགས་ཅན་གྱི་བྱེད་ཐབས་སྤྱི་བསྡོམས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པར་དཔྱད་འཇོག་བཟང་བོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། 
        ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཚོགས་སྲོལ་དང་རིག་གནས་དར་སྲོལ་ལེགས་བཅོས་བྱས་ཏེ། བྱ་བའི་གསར་གཏོད་ལ་ཡར་སྐུལ་དང་འགན་འཁྲིའི་ལག་བསྟར་ནུས་པ་མཐོར་འདེགས་བྱེད་དགོས། སྲིད་གྲོས་གྲོས་མོལ་བྱ་བའི་སྒྲིག་སྲོལ་སོགས་ལམ་ལུགས་རྐྱེན་སྲོལ་གཙོ་བོའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རིམ་བཞིན་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་རིམས་འགོག་རེ་བར་འཚམ་པར་རྟོག་ཞིབ་རྣམ་པ་གསར་གཏོད་བྱས་ནས། འཐབ་ཇུས་རང་བཞིན་གྱི་གྲོས་གཞིའི་ཞིབ་འཇུག་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་སྟེགས་བུ་གསར་གཏོད་བྱས་ཏེ། སྲིད་གྲོས་ཨུ་ཡོན་དག་གིས་མཐུན་སྒྲིལ་ལ་བརྟེན་ནས་ལས་རིགས་གཞན་པའི་མང་ཚོགས་ལ་སྣེ་ཁྲིད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་དགོས། ཞང་ཀང་ས་ཁུལ་གྱི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དག་གིས་ཞང་ཀང་གི་སྤྱི་ཚོགས་ལས་རིགས་སོ་སོའི་མང་ཚོགས་བར་འབྲེལ་འདྲིས་རྒྱ་ཆེར་བྱས་ཏེ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ་དྲང་ཕྱོགས་ཀྱི་ནུས་ཚད་ཆེན་པོ་ལྡན་པར་བྱེད་དགོས། 
        མཇུག་བསྡུའི་གྲོས་ཚོགས་ཀྱི་སྔོན་ལ། ཀྲུང་གོའི་བརྡ་འཕྲིན་འཕྲིན་གཏོང་ཞིབ་འཇུག་གླིང་གི་ཡོན་ཀྲང་ལིའུ་ཏའོ་ཡིས་གདན་ཞུས་ལྟར5Gདུས་རབས་དང་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཅེས་པའི་སློབ་སྦྱོང་འཆད་ཁྲིད་སྤེལ། 
        སྔ་དྲོར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། ཡུས་ཀོང་ཀྲིག་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཧོང་ལོས་ཡུན། ཉིག་རོའུ་ཅི། ཝང་ཅན། ཝང་ཐེན་ཀི། སུང་ཏུང་ཧྲིན། ཚེ་ཆི་ཧྭ། ལིའུ་ཏུང་ཧྲིན། ཀའོ་ཧྥུན། སུང་ཆན། ཀྲང་ཞིན་ཁའེ་སོགས་རྒྱུན་ལས་ཨུ་ཡོན་བཅུ་གཉིས་ཀྱིས་གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམིགས་ནས་ཚོགས་ཐོག་ནས་གཏམ་བཤད་སྤེལ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1