༄༅།།ཕྱུགས་ཟོག་གསོ་བ་ལ་དུག་སེལ་ཅི་ལྟར་བྱེད་དགོས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 07-08


གཅིག སྒོ་ཕྱུགས་མ་ཡོང་སྔོན་ལ་དུག་སེལ་བྱེད་པ།
        སྒོ་ཕྱུགས་རིགས་མ་ཉོས་པའི་སྔོན་གྱི་གཟའ་འཁོར་གཅིག་གི་ནང་ལ། ཕྱུགས་ཁང་གི་ལྷས་ར་དང་དེའི་ཉེ་འཁོར་དུ་དུག་སེལ་དཔྱིས་ཕྱིན་པ་ཞིག་བྱས་ཏེ་ནད་ཁུངས་སྐྱེ་དངོས་ཕྲ་རབ་ཚང་མ་གསོག་དགོས།
གཉིས། ཕྱུགས་རིགས་གསོ་བའི་སྐབས་ལ་དུས་ལྟར་དུག་སེལ་བྱེད་དགོས།
        ནད་ཁུངས་སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཕེལ་ནུས་པ་ཤིན་ཏུ་ཆེ་བས། གསོ་སྤེལ་ར་བ་ཆེ་རིགས་སུ་ནམ་རྒྱུན་གྱི་དུག་སེལ་ལམ་ལུགས་དང་བྱེད་ཐབས་ནན་མོ་ཡོད་དགོས། སྤྱིར་བཏང་དུ། ཟླ་རེ་ལ་དུག་སེལ་ཐེངས1ནས2ཙམ་བྱས་ན་ཆོག
གསུམ། ཕྱུགས་ཁང་གི་ཕྱི་ནང་ལ་དུག་སེལ་བྱེད་དགོས།
        སྒོ་ཕྱུགས་སོགས་ར་བ་ནས་བུད་རྗེས། ཕྱུགས་ཁང་གི་ཕྱི་ནང་དུ་ནད་ཁུངས་སྐྱེ་དངོས་ཕྲ་རབ་ཅུང་མང་བས། ངེས་པར་དུ་གཙང་འཁྲུད་དང་དུག་སེལ་ཐེངས་གཅིག་བྱེད་དགོས། གསོ་སྤེལ་ཡོ་བྱད་ཡོད་ཚད་གཙང་འཁྲུད་དང་དུག་སེལ་བྱེད་དགོས།
བཞི། ཚ་བ་ཆེ་དུས་དུག་སེལ་བྱ་བར་ཤུགས་སྣོན་བརྒྱག་དགོས།
        དབྱར་དུས་ཚ་བ་ཆེ་ཞིང་། ནད་གཞིའི་སྐྱེ་དངོས་ཕྲ་རབ་སྐྱེ་འཕེལ་བྱེད་སླ་བས། ངེས་པར་དུ་དུག་སེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ནུས་ཆེ་བའི་དུག་སེལ་སྨན་འདེམས་སྤྱོད་བྱེད་དགོས། སྤྱིར་བཏང་དུ་གཟའ་འཁོར་རེ་ལ་དུག་སེལ་ཐེངས1ལས་ཉུང་མི་རུང་།
ལྔ། རིམས་ནད་བྱུང་རྗེས་དུག་སེལ་བྱེད་དགོས།
        གལ་ཏེ་སྒོ་ཕྱུགས་སོགས་ལ་འགོས་བྱུང་བ་ཡིན་ན། འཕྲལ་མར་ལོགས་སུ་བཀར་ནས་སྨན་བཅོས་བྱེད་པ་དང་། དུས་མཚུངས་སུ་གཟན་ཆས་དང་འཐུང་ཆུ། བཤང་གཅི་སོགས་མྱུར་དུ་དོར་དགོས་པར་མ་ཟད། མགྱོགས་མྱུར་ངང་དུག་སེལ་བྱེད་དགོས། ཉེ་འགྲམ་གྱི་སྒོ་ཕྱུགས་སོགས་ལ་རིམས་ནད་བྱུང་སྐབས་ཀྱང་རིམས་འགོག་དང་དུག་སེལ་བྱ་བར་ཤུགས་སྣོན་རྒྱག་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1