ལི་ཁེ་ཆང་གིས་ཀོས་ཀྲིག་ཞིང་ཆེན་གྱི་ཐུང་རིན་དང་ཀོས་ཡང་གྲོང་ཁྱེར་གཉིས་ཀྱི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-09


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་དྲུག་དང་ཚེས་བདུན་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀོས་ཀྲིག་ཞིང་ཆེན་གྱི་ཐུང་རིན་དང་ཀོས་ཡང་གྲོང་ཁྱེར་གཉིས་ཀྱི་བྱ་བར་རྟོག་ཞིབ་མཛད།
        ལི་ཁེ་ཆང་གནམ་གྲུ་ལས་བབས་མ་ཐག་ཏུ་གནམ་གྲུ་ཐང་གི་ཉེ་འཁོར་དུ་ཡོད་པའི་པེ་དབྱི་ཐུང་ཀུང་སི་རུ་ཕེབས། ཁོང་གིས་དབུལ་སྐྱོར་བྱེད་ཡུལ་དང་ཞིང་བ་ལས་བཟོ་བའི་ལས་ཞུགས་བྱ་བར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད་ལ། ཁེ་ལས་ཀྱིས་ཀུང་ཟི་དེའི་ནང་དུ་དབུལ་སྐྱོར་བྱེད་ཡུལ་བརྒྱ་ཕྲག་འགའ་དང་ཕྱིར་ཕ་ཡུལ་དུ་ལོག་པའི་ཞིང་བ་ལས་བཟོ་བ་ཆིག་སྟོང་ལྷག་བསྡུ་ལེན་བྱས་པ་མཚམས་སྦྱོར་བྱས་པ་དང་། ལས་བཟོ་བ་རྣམས་ཀྱིས་ཙུང་ལི་ལི་ཁེ་ཆང་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག་ཁོ་ཚོ་ས་ཆ་གཞན་ལ་ཞོར་ལས་བྱེད་དུ་མ་སོང་བ་དང་ཕ་ཡུལ་ནས་ལས་ཞུགས་གནད་དོན་ཐག་བཅད་ཅེས་བཤད། ལི་ཁེ་ཆང་གིས་ཁེ་ལས་ཀྱིས་ཐོན་སྐྱེད་རྒྱ་བསྐྱེད་ཅིང་ཐོན་ལས་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ཞིང་བ་ལས་བཟོ་བར་ལས་གནས་མང་པོ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་། ཁོང་གིས་བསྟན་དོན། ལས་ཞུགས་ནི་དཔལ་འབྱོར་ཡིན་ལ་དམངས་ཚིས་ཀྱང་ཡིན་པ་དང་དམངས་ཚིས་ནི་གཞི་རྩ་ཡིན་པས། རིམ་པ་སོ་སོའི་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་ལས་ཞུགས་འགན་སྲུང་དང་ལས་ཞུགས་རྒྱ་བསྐྱེད་དགོས་ཟེར།
        ཀོས་ཀྲིག་ཞིང་ཆེན་དུ་ད་ལོར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས། ལི་ཁེ་ཆང་ཐུང་རིན་གྲོང་ཁྱེར་གྱི་བཀའ་ཁུག་སྡེ་བར་ཕེབས་ཏེ་ཆུ་ལོག་གི་གནོད་འཚེ་ཐེབས་པའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་གཟིགས་ཞིབ་གནང་བ་དང་། ས་གནས་ལས་བྱེད་པས་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། ཁོང་ཉིད་ད་དུང་དཀའ་ཁག་ཆེ་བའི་ཁྱིམ་ཚང་དུ་ཕེབས་ཏེ་གནོད་ཐེབས་རྗེས་ཀྱི་འཚོ་བའི་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་གནོད་ཐེབས་རྗེས་ཀྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པ་དང་ཆུས་ཁུར་བའི་བཟོ་སྐྲུན་སླར་གསོ་བྱེད་དགོས་པ་ནན་བཤད་བྱས། ཀོས་ཀྲིག་ཞིང་ཆེན་ཆུ་འགོག་གནོད་སེལ་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། ལི་ཁེ་ཆང་གིས་གསུངས་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ་ཀོས་ཀྲིག་དང་ལྷོ་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་ལ་ད་དུང་ཆར་བ་དྲག་པོ་འབབ་པའི་ཉེན་ཁ་ཡོད་པས། ས་གནས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཆུ་འགོག་གནོད་སེལ་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཆུ་ལོག་གི་གནོད་འཚེ་སེལ་བ་དང་འཕྲལ་སྒྲུབ་རྒུད་སྐྱོབ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།
        ཀོས་ཀྲིག་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ལི་ཁེ་ཆང་གིས་དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྒྲུབ་སྟངས་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད་ལས་སྒྲུབ་བྱེད་ས་གང་མང་དུ་ཕེབས་ཏེ་མང་ཚོགས་ལ་ལས་སྒྲུབ་སྟབས་བདེ་ཡིན་མིན་སྐོར་ཞིབ་འདྲི་བྱས། ལི་ཁེ་ཆང་གིས་གསུངས་རྒྱུར། ཁེ་ལས་ཆུང་འབྲིང་དང་ཚན་རྩལ་རང་བཞིན་གྱི་ཁེ་ལས་ཀྱིས་དངུལ་བསྡུ་དཀའ་བའི་གནད་དོན་ཅིས་ཀྱང་ཐག་བཅད་ནས། ཁོ་ཚོའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར།
        ལི་ཁེ་ཆང་གིས་ཀོས་ཀྲིག་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཐོག་མར་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་བྱེད་དགོས་པ་དང་། རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་པར་མ་ཟད། ཧུར་ཐག་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་དགོས་ཟེར། ཞའོ་ཅེ་དང་ཧི་ལིས་ཧྥུན་གྱིས་མཉམ་དུ་རྟོག་ཞིབ་བྱེད་རོགས་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1