ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན་ཁི་ལ་མ་དབྱི་སློབ་ཁུལ་གྱི་མཐར་ཕྱིན་སློབ་མར་འཕྲིན་ལན་བསྐུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན་ཁི་ལ་མ་དབྱི་སློབ་ཁུལ་གྱི་མཐར་ཕྱིན་སློབ་མར་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་མཐའ་མཚམས་གཞི་རིམ་དུ་བྱ་བ་བསྒྲུབ་རྒྱུ་གདམ་གསེས་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་རྒྱ་ཆེའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་རེ་བ་ནན་མོ་བཏོན།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར།  མཐར་ཕྱིན་སློབ་མ་བརྒྱ་དང་བཅོ་བརྒྱད་སློབ་མཐར་ཕྱིན་རྗེས་ཞིན་ཅང་གཞི་རིམ་ལ་བྱ་བ་བསྒྲུབ་ཏུ་སོང་སྟེ་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་འབད་འཐབ་བྱེད་པ་དང་། ཧུར་ཐག་སྒོས་ནུས་པ་འདོན་པའི་རིན་ཐང་ལྡན་པ་དང་ལས་འགན་ལྗིད་མོ་ཁག་ཁུར་བྱེད་ཕོད་པའི་ནུབ་རྒྱུད་འཛུགས་སྐྲུན་མཁན་དུ་འགྱུར་པ་དེ་ལ་བདག་གིས་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་མི་ལེགས་པའི་ཤུགས་རྐྱེན་ཁྱད་སེལ་བྱེད་དགོས་ལ། ཐབས་བརྒྱ་ཇུས་སྟོང་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་རོགས་རམ་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་རང་གི་བྱ་བའི་ལས་གནས་སུ་ཏང་དང་མི་དམངས་ལ་བྱས་རྗེས་ཆེན་པོ་འཇོག་པར་རྒྱབ་སྐྱོར་བྱེད་དགོས་ཟེར།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད་པ་དང་། ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་། ཀྲུང་གོ་རྡོ་སྣུམ་སློབ་ཆེན་ཁི་ལ་མ་དབྱི་སློབ་ཁུལ་གྱིས་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་སློབ་མ་བསྡུ་ལེན་བྱེད་མགོ་བརྩམས་པ་དང་། སྐབས་དང་པོའི་མཐར་ཕྱིན་སློབ་མ་བཞི་བརྒྱ་དང་སོ་ལྔ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུ་དྲུག་ནས་ཡོང་ཡིན་ལ། མིག་སྔར་སྤྱིའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་ལྔ་ལ་སླེབས་ཤིང་། དེའི་ནང་གི་མཐར་ཕྱིན་སློབ་མ་བརྒྱ་དང་བཅོ་བརྒྱད་ཀྱིས་ཞིན་ཅང་གཞི་རིམ་ལ་བྱ་བ་བསྒྲུབ་ཏུ་འགྲོ་རྒྱུ་གདམ་གསེས་བྱས། ཉེ་ལམ། མཐར་ཕྱིན་སློབ་མ་བརྒྱ་དང་བཅོ་བརྒྱད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོ་རྡོ་སྣུམ་སློབ་ཆེན་དུ་ལོ་བཞི་ལ་སློབ་སྦྱོང་དང་བསམ་བློའི་སྟེང་དུ་ཐོབ་པའི་གྲུབ་འབྲས་ཡར་ཞུ་བྱས་པ་དང་། ནུབ་རྒྱུད་དུ་རྐང་འཛུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1