ཟླ་7ཚེས་29ཉིན་དཀར་མཛེས་མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


      ཟླ་7ཚེས་20ཉིན། གསར་འགོད་པས་2020ལོའི་སི་ཁྲོན་དཀར་མཛེས་མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “2020ལོའི་སི་ཁྲོན་དཀར་མཛེས་མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན”ཟླ་7ཚེས་29ཉིན“ནམ་མཁའི་གྲོང་ཁྱེར”ལི་ཐང་རྫོང་དུ་འགོ་འཛུགས་རྒྱུ་རེད།

     ཚོགས་འདུའི་ཐོག དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས། ད་ལྟའི་བར་དུ“སི་ཁྲོན་དཀར་མཛེས་མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན”སྐབས་བཞི་ལེགས་འགྲུབ་བྱུང་ཡོད། ལི་ཐང་རྫོང་དུ་སྐབས་ལྔ་པ་སྤེལ་རྒྱུ་ཡིན་ལ། ཁུལ་བཙུགས་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་བའི་རིག་གནས་ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོའི་གཙོ་གནད་ཀྱི་གྲས་ཤིག་ཀྱང་ཡིན། དེ“དྭངས་གཙང་དཀར་མཛེས”ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཁུལ་བཙུགས་ནས་ལོ་70སོང་རིང་ཞིང་འབྲོག་ཁུལ་དུ་བྱུང་བའི་འགྱུར་ལྡོག་གཏིང་ཟབ་མངོན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།


     ལི་ཐང་རྫོང་གི་རྫོང་དཔོན་ཀྲེང་ཞན་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དུས་ཆེན་གྱིས“1+N”གྱི་ཚོགས་འདུའི་བསམ་ཕྱོགས་སྤྱད་པ་རེད། ཚོགས་ར་གཙོ་བོའི་མུ་འབྲེལ་བྱེད་སྒོ་གཅིག་དང་ཡན་ལག་ཚོགས་ར་ལེ་ལག་ཚང་བའི་བྱེད་སྒོ་Nལས་གྲུབ་པ་དང་། ཚོགས་ར་གཙོ་བོའི་བྱེད་སྒོ་ཡང་བྱེད་སྒོ་གཙོ་གྲས12དང་རྗེས་མཐུད་མུ་འབྲེལ་བྱེད་སྒོ་ལས་གྲུབ་པ་རེད། ལི་ཐང་རྫོང་གི་ཚོགས་ར་གཙོ་བོ་ལི་ཐང་རྫོང་འབུམ་ནག་རྩྭ་ཐང་དུ་བཙུགས་ཡོད། ཟླ་7ཚེས་29ཉིན་ནས་བྱེད་སྒོ་གཙོ་གྲས12འགོ་བཙུགས་ནས་ཉིན་3འཚོགས་རྒྱུ་རེད། “རྟ་རྒྱུག་ལ་བལྟ་བ་དང་། གླུ་གར་ལ་རོལ་བ། ཕོ་ཡག་འདེམས་པ། རི་ཐང་དུ་རྩེ་བ”སོགས་ཀྱི་བྱེད་སྒོའི་ནང་དོན་འདུས་ཡོད། “གསུམ་ཅན་བཞི”ཞེས་པར་བསྡུས་ཆོག་སྟེ། “གསུམ”དང་པོ་ནི་འཁྲབ་སྟོན་གསུམ་ལ་ཟེར་བ་སྟེ། འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་ཆེ་གྲས་དང་། ཚངས་དབྱངས་རྒྱ་མཚོའི་ཟློས་གར། “ཏང་ལ་སླར་ཡང་གླུ་ཞིག་འབུལ་པའི”གླུ་གཞས་དགོང་ཚོགས་བཅས་སོ༎ “གསུམ”གཉིས་པ་ནི་དབུ་ཚོགས་གསུམ་ལ་ཟེར་བ་སྟེ། ཧི་མ་ལ་ཡའི་ཁེ་ལས་འབྲིང་ཆུང་གི་དབུ་ཚོགས་དང་། མཐོ་སྒང་རིག་གནས་ཡུལ་སྐོར་དབུ་ཚོགས། སྙན་ངག་རིག་གནས་དབུ་ཚོགས་བཅས་སོ༎ “གསུམ”གསུམ་པ་ནི་འགྲེམས་ཚོགས་གསུམ་ལ་ཟེར་བ་སྟེ། ཧི་མ་ལ་ཡའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དང་། མི་རིགས་ཚོང་དོན་འགྲེམས་སྟོན། རི་ཐང་ལུས་རྩལ་སྒྲིག་ཆས་འགྲེམས་སྟོན་བཅས་སོ༎ “གསུམ”བཞི་པ་ནི་རྟ་རྒྱུག་འགྲན་བསྡུར་དང་། མིའི་འགྲན་བསྡུར། རླངས་འཁོར་འགྲན་བསྡུར”བཅས་འགྲན་བསྡུར་ཆེན་པོ་གསུམ་ལ་ཟེར། རྟ་རྒྱུག་འགྲན་བསྡུར་ནང་འགྲན་རའི་འགྲན་བསྡུར་དང་། ཀྲུང་གོའི་རྟ་རྩལ་གྱི་ཐེག་ཤུགས་འགྲན་བསྡུར།(ལི་ཐང་ས་ཚིགས།) སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བཅས་ཚུད་ཡོད། མིའི་འགྲན་བསྡུར་ནི་ཁམས་པའི་ཕོ་གསར་འདེམས་པའི་འགྲན་བསྡུར་ཆེ་ཤོས་ཏེ་ཧི་མ་ལ་ཡའི་ཕོ་སར་བརྒྱའི་ཤོམ་སྟོན་འགྲན་བསྡུར་ལ་ཟེར། རླངས་འཁོར་འགྲན་བསྡུར་ནི་ཀྲུང་གོའི་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་ཡིན། བྱེད་སྒོ་ཧྲིལ་པོའི་ནང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། རྩོམ་རིག་སྤེལ་རེས། སྒྱུ་རྩལ་འགྲེམས་སྟོན། རྩལ་འགྲན་འགྲན་བསྡུར། ཡུལ་སྐོར་བློ་འདྲི། སྲོལ་རྒྱུན་གྱི་ཞིམ་ཟས། རྒྱལ་གཅེས་བྱ་སྤྱོད། དབུལ་སྐྱོར་ཟོག་འདྲེན། རིམས་ནད་ཐོན་རྗེས་ཀྱི་སླར་གསོ་སོགས་གཞི་རྒྱུ་མང་པོ་འདུས་ཡོད། “རིག་གནས་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་པ་ཐོབ་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཚོགས་འདུ་གཉེར་བའི་བསམ་ཕྱོགས་དང“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ལུས་རྩལ་དང་ཡུལ་སྐོར་མཉམ་སྐྱོད། སྒྱུ་རྩལ་དང་ཡུལ་སྐོར་མཉམ་འགུལ། ཞིང་ལས་དང་ཡུལ་སྐོར་མཉམ་སྐུལ། ཚོང་དོན་དང་ཡུལ་སྐོར་མཉམ་གྲོས”སོགས་ཕྱོགས་ལྔ་གཞི་གཅིག་གི་ཚོགས་འདུ་གཉེར་བའི་ཁྱད་ཆོས་མངོན་ཡོད། བྱེད་སྒོ་གཙོ་གྲས་མཇུག་འགྲིལ་རྗེས་ད་དུང་2020ལོའི་མཁའ་དབྱིངས་གྲོང་ཁྱེར་ལི་ཐང་གི་ལི་ཐང་ཆུ་བོའི་ཆུ་ཁར་གཡེང་བའི་འགྲན་བསྡུར་དང་2020ལོའི་ཀྲུང་གོར་རྐང་ཐང་སྐྱོད་པའི་རྒྱལ་ཡོངས་ཀྱི་གོམ་བགྲོད་ཚོགས་ཆེན(དཀར་མཛེས་ལི་ཐང་ས་ཚིགས)སོགས་ཀྱི་རྗེས་མཐུད་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད།


     དཀར་མཛེས་ཁུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དང་པོ་དེ་ཡིན། ད་ལོ་ཁུལ་བཙུགས་ནས་ལོ་70འཁོར་བ་རེད། དེའི་ཁོངས་སུ་རྫོང(གྲོང་ཁྱེར)18ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་15.3ཟིན་ཡོད། རང་བྱུང་རྩྭ་ར་དང་ནགས་ཚལ་ཁེབས་ཚད་97.1%ཟིན་ཡོད། ས་ཁོངས་ནང་གི་རང་བྱུང་ཡུལ་ལྗོངས་ནི་བརྗིད་ཉམས་ཆེ་ཞིང་ཡིད་དུ་འོང་བ་དང་། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་མིག་དབང་འཕྲོག་པ། སྐྱེ་ཁམས་ཀྱི་གནམ་གཤིས་ཕུན་སུམ་ཚོགས་པ་བཅས་རེད། དེ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཀྲུང་གོའི་འཁྱག་རོམ་ནགས་ཚལ་སྤྱི་གླིང་མཛེས་ཤོས་དུང་དཀར་ལུང་པ་དང་། ཀྲུང་གོའི་གྲོང་གསེབ་ཀྱི་གནའ་གྲོང་མཛེས་ཤོས་རོང་བྲག་གི་བོད་སྡེ། ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་མཛེས་ཤོསG318 གངས་རིའི་འདབས་ཀྱི་རིག་གནས་ནོར་མཛོད་སྡེ་དགེ་པར་ཁང་། འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་དར་མདོའི་མཛའ་གཞས། ས་གོ་ལའི་མཐའ་མཇུག་གི་དག་ཞིང་འདབ་པའི་ཉི་སྟེང་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པས། དེ་ནི་ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་མཐོ་སྒང་ཡུལ་སྐོར་སྣོད་བཅུད་དང་སྣ་མང་མི་རིགས་རིག་གནས་ཕུན་སུམ་ཚོགས་པོའི་ས་ཁུལ་གྱི་གྲས་ཤིག་རེད།


     ལི་ཐང་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས། རི་བོ་ཆེན་པོ་དང་ཆུ་ཆེན་པོས་ས་གནས་དེ་གའི་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཡུལ་ལྗོངས་གྲུབ་ནས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གིས“རིག་གནས་དང་ཡུལ་སྐོར། ལུས་རྩལ། ཞིང་ལས། ཚོང་ལས”མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ“ཡུལ་སྐོར་+ཞིང་ལས”དང་། “ཡུལ་སྐོར་+ནགས་ལས” “ཡུལ་སྐོར་+འབྲོག་ལས”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ནས། “ཉིང་རྡུལ་གསུམ་གྱིས་སྐུལ་འདེད་དང་། གྲོང་ཁྱེར་གཅིག་ཡར་རྒྱས། ལམ་གཉིས་ནས་མཉམ་སྐྱོད”བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད་ལ། མཐོ་སྒང་གི་ཡུལ་སྐོར་བྱ་ཡུལ་བསྐྲུན་བཞིན་ཡོད་པས། དཀར་མཛེས་ཁུལ་དང་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཐད་རྗེས་སུ་འཚར་ལོངས་བྱུང་བའི་གནས་མཆོག་ཞིག་ཏུ་གྱུར་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1