༄༅།།བཙན་པོ་རིམ་བྱོན་ལས་སྟོད་ཀྱི་སྟེང་གཉིས་དང་བར་གྱི་སྟེང་གཉིས་ཞེས་པའི་མཚན་དོན་ལ་དཔྱད་པ།

པད་མ་དབང་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 07-24



པད་མ་དབང་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་སྔོན་གྱི་ལོ་རྒྱུས་ཟིན་ཐོ་དང་དབྱངས་གསལ་རྣམས་བརྗོད་པ་གང་བདེར་འབྲི་བའི་ཆོས་ཉིད་གཞིར་བཟུང་ནས་སྟོད་ཀྱི་སྟེང་གཉིས་དང་བར་གྱི་སྟེང་གཉིས་ཀྱི་མཚན་དོན་དང་དེའི་འབྲི་སྟངས་ལ་དཔྱད་པ་བཏང་ཡོད།
[གནད་ཚིག] སྟེང་གཉིས། མཚན་དོན། དཔྱད་པ།
          བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་བཙན་པོ་རིམ་བྱོན་གྱི་མཚན་བགྲང་སྐབས་གྲི་གུམ་བཙན་པོ་ཡབ་སྲས་ལ་སྟོད་ཀྱི་སྟེང་གཉིས་དང་འབྲོང་གཉན་ལྡེའུ་ཡབ་སྲས་ལ་བར་གྱི་སྟེང་གཉིས་ཞེས“སྟེང”ཞེས་འབྲི་བ་དང་། གཞན་དུ། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ》ཞེས་ཡོངས་གྲགས་སུ《ལྡེའུ་ཆོས་འབྱུང》ཞེས་པ་ལས“སྟོད་ཀྱི་སྟེངས་གཉིས”དང“སྨད་ཀྱི་སྟེང་གཉིས”ཞེས་ཡང་འཇུག་ས་ཞུགས་ཡོད་མེད་གཉིས་ཀ་བཀོད་ཡོད་པ་དང་། 《 དེབ་ཐེར་དམར་པོ》ལས“སྟོད་ཀྱི་ལྟེངས་གཉིས”དང“བར་གྱི་ལྟེངས་གཉིས”ཞེས་མགོ་ཅན་ལ་ཡིག་དང་ཡང་འཇུག་ས་ཡིག་གཉིས་ཀ་བྲིས་ཡོད། གདགས་གཞི་གཅིག་ཏུ་འབབ་ཀྱང་འབྲི་ལུགས་མི་འདྲ་བ་འགའ་རེ་བྱུང་བ་འདིས་བཙན་པོ་རྣམས་སོ་སོར་ངོས་འཛིན་བྱེད་པར་གོ་འཛོལ་བ་དང་ལོ་རྒྱུས་ཀྱི་ནང་དོན་བློ་ངོར་འཁྲུལ་བ། མ་དག་རྒྱུན་འབྱམས་སོགས་ཀྱི་སྐྱོན་ངང་ངམ་ཤུགས་ཀྱིས་འབྱུང་སླ་བས། ཁོ་བོས་འདིར་ལོ་རྒྱུས་ཀྱི་ནང་དོན་དངོས་དང་བྱུང་བ་སོགས་ལ་གཞིར་བཅོལ་ཞིང་འབྲི་ལུགས་མི་འདྲ་བ་འདི་དག་ཕན་ཚུན་གཤིབ་སྡུར་བྱས་ནས་བཙན་པོ་ཡབ་སྲས་དེ་དག་ལ་མཚན་གྱི་རྣམ་གྲངས་མི་འདྲ་བ་ཡོད་པའི་རྒྱུ་མཚན་དང་འབྲི་སྟངས་སོགས་ལ་དཔྱད་པ་བཏང་ནས་རང་གི་ལྟ་ཚུལ་མདོ་ཙམ་འདོན་རྒྱུ་ཡིན།
དང་པོ། ལོ་རྒྱུས་ཀྱི་བསྟན་བཅོས་དངོས་ལས་དཔྱད་པ།
          བོད་ཀྱི་བཙན་པོ་རིམ་བྱོན་ལས་གྲི་གུམ་བཙན་པོ་ཡབ་སྲས་གཉིས་ལ་སྟོད་ཀྱི“སྟེང་གཉིས”ཞེས་པ་དང་། འབྲོང་གཉན་ལྡེའུ་ཡབ་སྲས་ལ་བར་གྱི“སྟེང་གཉིས”ཞེས་འབོད་དོན་ཅི་ཡིན་ཅེ་ན།《ལྡེའུ་ཆོས་འབྱུང》ལས། “སྟེང་གཉིས་ཏེ། ཡབ་སྟེངས་བ་དང་སྲས་སྟེངས་བའོ། དེ་ལ་ཡབ་སྟེངས་བ་ནི། སྲིབས་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ།”[1]དང་། “ཡབ་ཀྱི་གོ་བགྱིས་ཏེ་ལྷ་སྲས་རྒྱལ་སར་བཅུག་པ་ནི་བྱ་ཁྲི་སྤུ་བོའི་ཡུལ་ནས་སྤྱན་དྲངས་པས་སྤུ་དེ་གོང་རྒྱལ་དུ་གྲགས་སོ། །”[2]ཞེས་ཡབ་གྲི་གུམ་བཙན་པོ་གྲོངས་རྗེས་སྲས་བྱ་ཁྲི་ཡང་མཐར་སྤྱུགས་ནས་དུས་ཡུན་རིང་པོ་ཞིག་ལ་ཆབ་སྲིད་སྟོང་བས་སྟོད་ཀྱི“སྟེངས”གཉིས་སུ་གསོལ་བར་བཀོད་འདུག དེ་ཡང་བཙན་པོ་ཡབ་སྲས་དེ་གཉིས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དང་རྒྱབ་ལྗོངས་དངོས་ནི། ཏུན་ཧོང་ཡིག་རྙིང་ལས་འདི་ལྟར་བཀོད་ཡོད་དེ། “དྲྀ་གུམ་བཙན་པོར་མཚན་ཐོག་ཤིག་ཆེས་མཆི་ནས། དྲྀ་གུམ་བཙན་པོར་བཚན་བཏགས་ནས། མཚན་བཏགས་ནོངསྟེ། ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱྀ་འི་མྱི་ཚུལ་ཏེ། མངོན་བར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱྀན་ཆེད་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། །བཙན་འདྲན་བདའ་ནས། ཡབ་འབངས་ཕ་དགུའ་དང་། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ། གཡག་དུ་དྲུང་ཕོད་དམ་ཞེས་བཀའ་སྩལ་ན། སོ་སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་གསོལ་ཏོ། །”[3]ཞེས་གྲི་གུམ་བཙན་པོ་ནར་སོན་ནས་རང་ལ“གྲི་གུམ”ཞེས་པའི་མཚན་བཏགས་པར་ཐུགས་དགོངས་མ་དགྱེས་པས་ཡབ་འབངས་དང་ཡུམ་འབངས་རྣམས་ལ་འགྲན་བསླངས་ཀྱང་དེ་དག་གིས་མ་ཕོད་པས་མཐར་རྒྱལ་ཕྲན་གྱི་རྗེ་བོ་ལོ་ངམ་ལ་འགྲན་བསླངས་པ་ནི། “ལོ་ངམ་རྟ་རྫིས་ཀྱང་མི་ཕོད་ཆེས་གསོལ་པ་ལས་མ་གནང་སྟེ། འུང་ནས་ལོ་ངམ་གྱྀས་གསོལ་པ། དེ་ལྟར་མྱྀ་གནང་ན། ལྷའི་དཀོར་མདུང་རང་འདེབས་དང་། རལ་གྱྀ་རང་གཅོད་དང་། ཁྲབ་རང་གྱོན་དང་། ཕུབ་རང་བཟུར་ལ་སྩོགས་པ། འཕྲུལ་གྱི་དཀོར་ཆེད་པོ་མངའ་བ་འྀ་རྣམས་བདག་ལ་སྩལ་ན་ཕོད་ཅེས་གསོལ་ཏོ། དེ་ནས་ལྷ་འྀ་དཀོར་ཐམ་ཤད་སྩད་ཏོ། འུང་ནས་ལོ་ངམ་རྟ་རྫི་ཡང་།མཁར་མྱང་རོ་ཤམ་པོར་སྔར་མཆྀས་སོ། ། ”[4]ཞེས་པ་ལྟར། ལོ་ངམ་གྱིས་འགྲན་མི་ཕོད་པའི་ཕུ་དུད་བྱས་ཀྱང་བཙན་པོའི་བཀའ་ཁྲིམས་དང་ཨུ་ཚུགས་ལྡོག་མ་ནུས་པར་མི་འགྲན་ཐབས་མེད་དུ་གྱུར། དེ་ནས་ཁོས་བཙན་པོར་ཡིན་གཅིག་མིན་གཉིས་སུ་རྒྱལ་ཕམ་གྱི་ཆོ་ལོ་རྩོད་དགོས་ན་མདུང་རང་འདེབས་དང་རལ་གྲི་རང་གཅོད། ཁྲབ་རང་གྱོན། ཕུབ་རང་བཟུང་ལ་སོགས་གནང་དགོས་པའི་ཆ་རྐྱེན་བཏོན་ཏེ་དེ་ལྟར་གནང་རྗེས་མྱང་རོ་ཐལ་བ་ཚལ་དུ་ཁྱོད་ཤི་ང་གསོན་གྱི་གཡུལ་བཤམས་ཁར།“རྟ་རྫིའི་མཆིད་ནས། དབུའ་འབྲེང་ཟང་ཡག་ཀྱང་གཆད་དུ་གསོལ། དབུའ་སྐས་སྟེན་དགུའ་ཡང་ཁ་ཐུར་དུ་བསྟན་དུ་གསོལ་ནས། དེ་རྣམ་གཉིས་ཀྱང་དེ་བཞིན་གནང་ངོ་། །འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་གྱྀ་མདུང་རྩེ་ཉིས་བརྒྱའ་རྭ་ལ་བཏགས་ཏེ། རྒྱབ་དུ་ཐལ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེ་འྀ་ནང་དུ་ལོ་ངམ་གྱིས་བརྒལ་ཏོ། བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱྀས་མཆན་ནས་སྤེ་འུ་པྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕངས་སྟེ་གཤེགས་སོ། །བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་བརྒྱའ་ཁ་སྤྲོད་གྱི་ནང་དུ་བཅུག་སྟེ་རྩང་ཆུ་འྀ་གཞུང་ལ་བཏང་ངོ་། །”[5]ཞེས་པ་བཞིན་རྒྱལ་ཕྲན་གྱི་རྗེ་བོ་ལོ་ངམ་གྱིས་གཡོ་ཐབས་ཟུང་སྦྲེལ་གྱིས་བཙན་པོ་བཀྲོངས་ནས་སྲས་རྣམས་མཐར་རུ་སྤྱུགས་ཏེ་རང་ཉིད་བཙན་པོའི་གདུང་རྒྱུད་ཀྱི་རྒྱལ་སར་བཞུགས་ནས་དུས་ཡུན་རིང་པོར་དབང་བསྒྱུར་ཏོ། །ཕྱིས་སུ་རུས་བསྒྲགས་ཅན་གྱི་བུ་རུ་ལས་སྐྱེས་ནར་སོན་ནས་ལོ་ངམ་གྱི་འཁོར་དང་བཅས་པ་རྨེག་མེད་དུ་བཏང་ནས་བཙན་པོའི་ཁྲི་ལ་སྲས་སྤུ་དེ་གུང་རྒྱལ་སྤྱན་དྲངས་ནས་བཞུགས། ལོ་རྒྱུས་ཀྱི་དོན་རྐྱེན་དང་བྱུང་བ་དངོས་ལ་གཞིགས་ན་གྲི་གུམ་བཙན་པོ་ལོ་ངམ་གྱིས་བཀྲོངས་པ་དང་སྲས་རྣམས་ས་མཐར་སྤྱུགས་པས་རྒྱལ་སྲིད་བཙན་པོའི་གདུང་རྒྱུད་དངོས་ཀྱིས་སྐྱོང་མ་ཐུབ་པར་སྟོང་བར་ལུས། དེ་ཡང《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 ལས།“ དེར་དགུང་ལོ་བཅུ་གསུམ་དུ་གདུང་སྟོངས་ཏེ” [6]ཞེས་ལོ་འཁོར་བཅུ་གསུམ་ལ་རྒྱལ་སྲིད་སྟོང་པར་གསུངས་པ་དང་། 《ལྡེའུ་ཆོས་འབྱུང》ལས་ཀྱང་།“དེའི་སྲས་སྤུ་དེ་གུང་རྒྱལ། དེའི་བློན་ཁུང་སྨོན་ཟུང་གཅིག་མ་སྐྱེས་ཀྱི་བར་དུ་ལོ་བསྐོར་གཅིག་སྟེངས་དེའི་རྒྱུ་མཚན་ནི་རྒྱལ་གྲི་གུམ་བཙན་པོ་རྒྱལ་ཕྲན་ལོ་ངམ་རྟ་རྫི་དང་ཙད་ནས་གྲི་གུམ་བཙན་པོ་སྐྲོངས་ཏེ་སྤུར་ཟངས་སུ་བཅུག་ནས་གཙང་པོ་ལ་བསྐུར་སྲས་གསུམ་ནི་ཤ་ཁྲི། བྱ་ཁྲི། ཉ་ཁྲི་གསུམ་ཏེ། གསུམ་ཀ་མྱང་ཀོང་དུ་བཅུགས་སོ། ། ”[7]ཞེས་ལོ་འཁོར་བཅུ་ཙམ་ལ་ཆབ་སྲིད་སྟོང་བ་བཀོད་ཡོད། དེ་ལྟར་གྲི་གུམ་བཙན་པོ་ཡབ་སྲས་འདི་གཉིས་ཀྱི་དུས་སུ་རྒྱལ་སྲིད་སྟོང་ནས་ཡུན་རིང་སོང་བས་འབངས་མི་རྣམས་ཀྱི་ཟེར་སྒྲོས་སུ་གདུང་སྟོངས་པའི་ཡབ་སྲས་སུ་གྲགས་སོ། །
          འབྲོང་གཉན་ལྡེའུ་དང་སྟག་རི་གཉན་གཟིགས་ཡབ་སྲས་འདི་གཉིས་ལ་ཆོས་འབྱུང་ཕལ་མོ་ཆེར་མིང་གི་འདོགས་ཚུལ་རང་མཚན་པ་ཅི་ཡང་མེད་ལ། 《ལྡེའུ་ཆོས་འབྱུང》དང《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས“ བར་གྱི་སྟེང་གཉིས”སུ་འབོད་པ་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“ ཡབ་སྲས་འདི་གཉིས་བར་གྱི་སྟེངས་ཞེས་གྲགས། ”[8]ཞེས་ཡང་འཇུག་ས་བསྣན་ཏེ་བྲིས་ཡོད། བཙན་པོ་འདི་གཉིས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དང་རྣམ་པའི་ཆ་ནས་སྟོད་ཀྱི་སྟེང་གཉིས་དང་ཅུང་ཙམ་འདྲ་བའི་ཆ་ཡོད་དེ། 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། “འགྲོ་གཉན་ལྡེའུ་སྟེ་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་ཁབ་ཏུ་བཞེས་པའི་དེ་ཀླུའི་རིགས་ཡིན་པས་སྦལ་པའི་རོ་མར་ཁུར་བཙོས་པའི་ཟ་མའི་རིགས་མཛོད་ཕུགས་སུ་བཞག་པ་གཟིགས་པས་རྣམ་པར་རྟོག་པའི་དབང་དུ་གྱུར་ནས་སྙུན་དུ་ཀླུ་ནད་ཀྱིས་ཐེབས་ཤིང་སྲས་ཀྱང་དམུས་ལོང་ཞིག་བྱུང་བས་མིང་དམུས་ལོང་དཀོན་པ་བཀྲ་ཞེས་བཏགས་པ་ལ་ཞལ་ཆེམས་སུ། ཁྱོད་ཡབ་མེས་ཀྱི་གཉན་པོ་གསང་བར་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ། མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ནུབ་ཅིག་འགྲོགས་པའི་ཤག་མོ་ཙམ་པ་ལ་སྐྱེས་པའི་སུམ་རི་རིང་མོ་བྱ་བ་ཡོད་པས་དེ་བོས་ལ་གཅན་ཆོལ་རྒྱལ་སར་ཆུག་གསུངས་ནས་བང་སོ་ཞང་མདར་བརྩིགས་པར་ཡབ་ཡུམ་གསོན་པོར་བཞུགས་སྐད་དོ། དེ་ནས་སྲས་ཀྱིས་ཡབ་ཀྱི་གསུང་བཞིན་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། ”[9]ཞེས་གསུངས་པ་ལྟར། ཡབ་ལ་རྣམ་རྟོག་དབང་གིས་སྙུན་གྱིས་ཟིན་པ་དང་དེའི་རྐྱེན་གྱིས་བུ་སྐྱེས་པའང་དམུས་ལོང་དུ་སོང་བས་རྒྱལ་སྲིད་གྱི་བྱ་བ་རེ་ཞིག་ཡབ་སྲས་གང་གིས་ཀྱང་འཛིན་སྐྱོང་བྱེད་མ་ནུས། དེ་ཡང《ལྡེའུ་ཆོས་འབྱུང》ལས།“ཡབ་སྙུན་གྱིས་ཁྱེར་བས་སྲས་རྨས་ལོང་དུ་སོང་པས་ཞག་ཉི་ཤུ་རྩ་ཅིག་ཏུ་རྒྱལ་ས་ཤོར་ཏེ་སྨད་དུ་ལྟེངས་སོ། །”[10]ཞེས་པ་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“ སྲས་སྤྱན་མ་བྱེ་བའི་བར་ཞག་ཉེར་གཅིག་རྒྱལ་པོ་མེད་པས་གདུང་སྟོངས་སྐད། ”[11] ཞེས་རྒྱལ་པོ་འབྲོང་གཉན་ལྡེའུ་གྲོངས་པ་ནས་སྲས་སྟག་རི་གཉན་གཟིགས་ཀྱི་སྤྱན་ཕྱེ་རག་བར་དུ་རྒྱལ་སྲིད་སྐྱོང་མ་ནུས་པར་སྟོང་བར་ལུས་པས་བར་གྱི་སྟེང་གཉིས་སུ་འབོད། གོང་གི་ལོ་རྒྱུས་དེ་གཉིས་ཀྱི་བྱུང་བ་དངོས་ལ་གཞིགས་ན་སྟེང་དང་སྟེངས་ཞེས་པ་ནི་སྟོང་དང་སྟོངས་ཀྱི་བྲི་ལུགས་མི་གཅིག་པ་ཙམ་ཏེ་མཐའ་ཟད་པའམ་སྟོང་པར་ལུས་པའི་དོན་ཡིན་ལ་ད་ལྟ་སྟོང་དང་སྟོངས་ཞེས་མི་འབྲི་བར་སྟེང་ཞེས་འབྲི་དོན་ནི་ཡི་གེ་འཕེལ་འགྱུར་གྱི་རྒྱུ་རྐྱེན་ལས་བྱུང་བ་ཡིན།
གཉིས་པ། དབྱངས་ཡིག་ཨེ་ཨོ་གཉིས་ཀྱི་འགྱུར་བ་ལས་བཤད་པ།
          སྟོང”ལ“སྟེང”དང“སྟེངས”སུ་འབྲི་བ་སྔོན་ལུགས་ལྟར་སོར་བཞག་བྱས་པ་ཡིན། བསྟན་པ་ཕྱི་དར་ཡན་གྱི་བརྡ་རྙིང་འབྲི་སྟངས་དང་ད་ལྟ་ང་ཚོས་སྤྱོད་བཞིན་པའི་བརྡ་སྤྲོད་ཀྱི་གཞུང་འདི་གཉིས་བསྡུར་ནས་བརྟགས་ན། བརྡ་སྤྲོད་ཀྱི་གཞུང་གི་རྩ་དོན་དང་འགལ་ཟླར་གྱུར་པའི་སྣང་ཚུལ་འགའ་རེ་འདུག་མོད། དོན་དམ་དུ་དེང་གི་དུས་དང་སྐད་ཀྱི་འཕེལ་འགྱུར་དང་བསྟུན་ནས་སྐད་གསར་བཅད་ཀྱིས་བཅོས་ཤིང་གཏན་ལ་ཕབ་པའི་བརྡ་སྤྲོད་ཀྱི་གཞུང་དང་བརྡ་རྙིང་ཡིག་ཆའི་ཁྱད་པར་ཙམ་དུ་ཟད། དེ་ཡང་བརྡ་རྙིང་ཡིག་ཆར་དབྱངས་ཡིག་ཨི་ཨུ་ཨེ་ཨུ་བཞི་བརྗོད་པར་གང་བདེའམ་རེས་མོས་ལྟར་སྤྱོད་པའི་སྲོལ་མང་དུ་མཆིས་ཏེ། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ལས་རྒྱལ་ཕྲན་སིམ་མ་བཅུ་གཉིས་སྐབས་སུ། “ཞང་ཞུང་ངར་པའི་རྗོ་པོ་ལིག་སྙ་ཤར།”[12] ཞེས་རྒྱལ་ཕྲན་གྱི་རྗེ་བོ་ལ“རྗོ་པོ”ཞེས་འབྲི་བ་དང་། “ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔེགས་རྗེའྀ་ལ་བྲང་། བློན་པོ་སས་པ་དང་མྱང་ནད་གཉིས།” [13]ཞེས་རུས་རྒྱུད་རྔོག་ལ“རྔེགས”ཞེས་འབྲི་བ། གྲི་གུམ་བཙན་པོའི་ལོ་རྒྱུས་བརྗོད་སྐབས། “ འཕྲང་པོའི་བྲག་གཡའ་པོ་འདའ་ནས། ཕོ་ལ་ལྟསུ་བལྟས་ན་ལྟས་བཟང་སྟེ། ཡུལ་མྱང་རོ་ཤམ་པོ་དྲུང་དུ་ལྷགས”[14]ཞེས་ལུང་པའི་ཕུ་ལ“ཕོ”འབྲི་བ་དང་། ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་བརྗོད་ཚེ།“ལེགས་པ་ཞིན་པའི་བྱ་དགའ། གཡུ་འྀ་ཡི་གེ་ཆུ་ངུ་ནམ་ནམ་ཞར་ཞར་བྱོན་ནོ། ”[15]ཞེས་ཞེན་པ་ལ“ཞིན”འབྲི་བ། 《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཀྱི་རྣེལ་དྲྀ་འདུལ་བའི་ཐབས་ལས།“ཕ་དང་ཡབ་གྱྀ་མཚན། འགོས་རྗེ་འགོས་པོ་དང་། །མ་དང་ཡུམ་གྱྀ་མཚན། ཟ་ཟ་ཟངས་མོ་བཙུན། །བཤོས་དང་ནམས་གྱྀ་སྲས། བུ་བྱུང་བོ་མོར་བྱུང་།”[16]ཞེས་བུ་མོ་ལ“བོ་མོ”འབྲི་བ། གཞན་ད་དུང《བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང》ལས། འགྱོད་པ་ལ“འགྱེད་པ”གྲོ་བོ་ལ“གྲེ་བོ” འགྲོལ་བ་ལ“འགྲེལ་བ” འཚོད་ལ“འཚེད” མོའུ་འགལ་ལ“མེའུ་འགལ”སོགས་འབྲི་བ་ལྟ་བུ་མང་དུ་སྣང་།[17] སྤྱིར་བཤད་ན་དབྱངས་ཡིག་ཕན་ཚུན་བརྗེ་སྤོར་བྱས་ན་མིང་གཞི་ཡི་གེའི་ནང་དོན་གྱི་ཆ་ནས་ཡང་འགྱུར་བ་ཆེར་འབྱུང་། སྟེང་དང་སྟོང་གཉིས་ཀྱང་དོན་གྱི་བསྟན་བྱ་གཉིས་སུ་ངེས་མོད། འོན་ཀྱང་བརྡ་རྙིང་ཡིག་ཆའི་བརྡ་སྤྲོད་ཀྱི་ཁྱད་ཆོས་གཞིར་བྱས་ན་སྐབས་མང་པོར་ན་རོ་དང་འགྲེང་བུ་གཉིས་གང་བདེར་སྤྱད་ཆོག་པས། འདིར་ཡང་དེའི་ལུགས་བསྐྱངས་ཏེ་སྐབས་འགར་སྟེངས་སམ་སྟེང་དང་། སྐབས་འགར་སྟོང་ངམ་སྟོངས་སུ་བྲིས་པར་སྙམ། སྟོད་བར་གྱི་སྟེང་གཉིས་ཀྱི་བྲི་ལུགས་འདི་ཡང་ཐོག་མར་སྒྲའི་བརྗོད་པ་གཞིར་བཟུང་ནས་བཀོད་པ་ལ་ཕྱིས་སུ་རྒྱུན་འབྱམས་སུ་གྱུར་པ་ཡིན། དེ་ལྟར་བརྗོད་ན་ང་ཚོས་བཙན་པོའི་གདུང་རྒྱུད་འདྲེན་སྐབས་གནམ་གྱི་ཁྲི་བདུན་རྗེས་ཀྱི་སྟོད་ཀྱི་སྟེང་གཉིས་དང་བར་གྱི་སྟེང་གཉིས་སུ་བརྗོད་པའི་ནང་དོན་དང་བརྡ་སྤྲོད་སོགས་ལ་གོ་འཛོལ་བར་མི་འགྱུར་བར་མ་ཟད། མཚན་གྱི་འབྲི་སྟངས་ཡང་དག་རྒྱུས་ལོན་བྱེད་ཐུབ་ངེས་རེད།
གསུམ་པ། མགོ་ཅན་ལ་ས་གཉིས་ཀྱི་འགྱུར་བ་ལས་དཔྱད་པ།
          《དེབ་ཐེར་དམར་པོ》ལས།“སྟོད་ཀྱི་ལྟེངས་ཞེས་བྱ་སྟེ།ལྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ།”[18]ཅེས་མགོ་ཅན་ལ་ཡིག་བྲིས་ཡོད། དོན་གྱི་གདགས་གཞི་གཅིག་ལ་དབྱངས་ཡིག་དང་མགོ་ཅན། ཡང་འཇུག་སོགས་ཀྱི་བྲི་སྣོན་དང་འགྱུར་བ་སྣ་ཚོགས་ཀྱི་འབྲི་ལུགས་འདི་ལ་མགོ་བོ་འཐོམས་བྱེད་ཀྱི་རྒྱུ་ལས་མེད་པ་འདྲ།“སྟེང”ཡིག་གི་མགོ་ཅན“ལ་ས”གཉིས་གང་དགར་སྤྱོད་པ་འདི་ཡང་གོང་གི་དབྱངས་ཡིག་ཨེ་ཨོ་གཉིས་ཀྱི་སྦྱོར་ཚུལ་དང་འདྲ་བར་བརྗོད་བྱའི་དོན་ལ་འགྱུར་བ་མེད་པར་སྒྲའི་བརྗོད་པ་གཞིར་བཟུང་ནས་ཡི་གེར་བཀོད་པ་ཡིན། སྔོན་གྱི་བཙན་པོ་དུས་སྐབས་ཀྱི་ཡིག་ཆ་དག་ལས་མགོ་ཅན་ར་ལ་ས་གསུམ་སྦྱོར་སྐབས་དོན་གྱི་བསྟན་དོན་དངོས་ལ་མ་གཞིགས་པར་སྒྲའི་བརྗོད་པ་གང་བདེ་ལྟར་བྲིས་པ་ཤིན་ཏུ་མང་སྟེ། ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་ལས།“ཕྱིས་ཡབ་དང་གཅེན་ཐུགས་ནོངས་བརྟུད་པར་བྱུང་བའྀ་རྗེས”[19]ཞེས་བསྟུད་མར་གྱི་བསྟུད་ལ“བརྟུད ”དང་། རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ་ལས། “འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན་གྱི་རིང་ལ།།དམ་པའི་ཆོས་ཡུན་ཏུ་བརྟན་པར་གཙིགས་བརྣན་པ། ”[20]ཞེས་ཁ་བསྣན་པའི་བསྣན་ལ་ནན་ཏན་གྱི“བརྣན”པ་བྲིས་ཡོད་པ། 《འོ་ལྡེ་སྤུ་རྒྱལ་པའི་བློན་པོ་རྩལ་ཅན་གྱི་རིམ་བྱུང》ལས། “འདི་ཡན་ཆད་ཀྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ” [21] ཞེས་བློ་སེམས་འགྱུར་མེད་ཀྱི་རྟག་བརྟན་ལ“ལྟག་བརྟན”དང་། ཏུན་ཧོང་ལས་ཐོན་པའི《ར་མ་ཎའི་རྟོགས་བརྗོད》དུ།ར་མགོའི་ཚབ་ཏུ་ས་མགོ་བྲིས་པའང་མང་དུ་འདུག་སྟེ། “གཉིད་ལོག་ནས། དབྱར་དང་པོ་སྐྱེས་པ་འྀ་སྩྭ་གཞི་ལ་ཁྲིས་པ་རྣར་ཟུག་པ་དང་སད་དེ། །ཡང་རྨད་འདོར་ཞིང་འདོར་ཞིང་འདི་སྐད་གསུངས་སོ།”[22]ཞེས་རྩྭ་ལ“སྩ”དང་། “ སྲྀན་པོ་འྀ་སྐྱེད་མོ་ཚལ་དུ་སོང་སྟེ། ཤྀང་ཀུན་ཀྱང་སྩ་བ་ནི་གནམ་དུ་བསྟན། སྩེ་མོ་ནི་ས་ལ་བཙུགས་པ་ལ་སྩོགས་པ། །”[23]ཞེས་རྩ་བ་དང་རྩེ་མོ་དག་གི་མགོ་ཅན་ལ་ས་བྲིས་ཡོད། ད་དུང་ཡིག་ཆ་གཞན་དུ་རྐུ་མ་ལ“ལྐུ་མ།” རྩོད་པ་ལ“སྩོད་པ།” མཐུ་རྩལ་ལ“མཐུ་སྩལ།” ལྐོག་མ་ལ“སྐོག་མ”ལྟ་བུ་མང་པོ་མིག་མཐོང་ལག་ཟིན་ཏུ་ཡོད། བྲིས་རྒྱུན་འདི་དག་གཙོ་བོ་མགོ་ཅན་ནང་ཕན་ཚུན་སྒྲ་གདངས་ཉེ་བར་ཡོད་པས་ཡི་གེ་བཀོད་དུས་སྒྲའི་འབྱིན་སྟངས་གང་བདེ་ལྟར་བྲིས་པ་ཡིན། ཕྱིས་སུ་དུས་དང་སྐད་ཀྱི་འགྱུར་བ་དང་བསྟུན་ནས་བརྡ་སྤྲོད་ཀྱི་གཞུང་ལུགས་འཐུས་ཇེ་ཚང་དང་ཡི་གེའི་སྦྱོར་བ་ཚད་ལྡན་དུ་གྱུར་རྗེས། སྔོན་གྱི་འབྲི་སྟངས་དེ་ལ་ངེས་ཤེས་གསལ་པོོ་བསྐྱེད་མི་ཐུབ་པ་དང་བརྗོད་བྱའི་དོན་འཁྲུལ་བ་ལྟ་བུའི་གནད་དོན་ངང་ངམ་ཤུགས་ཀྱིས་འབྱུང་སྲིད་ཀྱང། བརྡ་གསར་རྙིང་གི་འཕེལ་འགྱུར་ལ་ངེས་ཆ་ཅུང་ཙམ་ཡོད་ན་དཀའ་གནད་འདིའི་མདུད་པ་གྲོལ་སླའོ། །
བཞི་པ། སྐད་སྒྲའི་འཕེལ་ཕྱོགས་ལས་དཔྱད་པ།
          གནའ་དེང་གི་བོད་ཀྱི་སྐད་སྒྲ་གཤིབ་བསྡུར་བྱས་ནས་བརྟགས་ན། སྐད་སྒྲའི་འཕེལ་ཕྱོགས་སྤྱི་ནི་སྒྲ་ལྕི་བ་ནས་ཡང་བ་དང་། ཡང་བ་ནས་བརྗོད་བདེའི་ཕྱོགས་སུ་འཕེལ་གྱིན་ཡོད། གསལ་བཤད་ཉིས་བརྩེགས་སམ་ཡང་འཇུག་ཏུ་ད་དྲག་འཇུག་པ། མ་ལ་ཡ་འདོགས་པ་སོགས་སྒྲ་གདངས་ལྕི་བ་དག་ཡང་བར་འཕོས་ཚུལ་ནི《དབོན་ཞང་རྡོ་རིང་ཡི་གེ》ལས། “ཐུགས་རྗེ་ཆེན་པོས་ནྀ། །བཀའ་། དྲིན་གྱིས་དགབ་པ་ལ་ཕྱྀ་ནང་མྱེད་པར།”[24] ཞེས་དགག་སྒྲ་མང་ཤོས་ལ་ཡ་བཏགས་ཡོད་པ་དང་། “མཇལ་དུམ་ཆེན་པོ་འདྀ་ལྟར་མཛད་པས། །དབོན་ཞང་དགྱེས་པའི་བཀའ་ཕྲིནད་སྙན་པས་ཀྱང་འདྲུལ་དགོས་ཏེ།”[25]ཞེས་རྗེས་འཇུག་ན་ཡིག་འཕྲོར་ད་དྲག་སྦྱོར་པ། “ལྷོ་ཕྱོགས་ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱང་ཕྱོགས་ཀྱྀ་དྲུ་གུ་ནེ་སྨེལ་ལ་སྩོགས་པ། ”[26] ཞེས་རྨང་གཞི་ཙ་ལ་ས་མགོ་བཏགས་ནས་ཉིས་བརྩིགས་སུ་འབྲི། ཕྱིས་སུ་སྒྲ་གདངས་ལྕི་བ་དེ་དག་ཡང་བར་འཕེལ་ནས་གོང་གི་འབྲི་ལུགས་འདི་རིམ་གྱིས་ཉམས་ཏེ། མྱེད་ལ“མེད།” བཀའ་ཕྲིནད་ལ”བཀའ་འཕྲིན།”ལ་སྩོགས་པར“ལ་སོགས་པ། ” གཞན་ད་དུང་ཞལ་ལྕེར“ཞལ་ཅེ།”སྤྲིན་པར“སྲིན། ”སྤུན་ལ“སུན། ” སྩོད། བསྩལ། བསྩགས། གསྩུག་ནོར། བསྩོག་སོགས་ལ་སོད། བསལ། བསགས། གཙུག་ནོར། བསོག་བཅས་སུ་འབྲི་བ།འགྱུར་བ་འདི་དག་ཡི་གེ་སྐྱེ་གནས་མཚུངས་པར་བཤད་ཀྱང་དོན་ལ་བརྗོད་པ་གང་བདེ་གཞིར་བཟུང་ནས་སྒྲ་གདངས་ཀྱི་དབུགས་རྒྱུའི་རྩོལ་པ་ལྕི་ཡང་གྱི་འགྱུར་བ་ཙམ་དུ་སེམས། དེ་བས་སྔོན་གྱི་ཡི་གེའི་འབྲི་སྟངས་ནི་དབྱངས་ཡིག་དང་མགོ་འདོགས་ཀྱི་སྦྱོར་བ་དེ་སྒྲ་གདངས་ཉེ་བ་ལྟར་འབྲི་བ་གཙོ་རྒྱུགས་ཀྱི་ཤུགས་ཆེ་བ་ཤེས་རྟོགས་ཐུབ་བོ། །
          མདོར་ན་བོད་ཀྱི་བཙན་པོ་རིམ་བྱོན་ལས་གྲི་གུམ་བཙན་པོ་དང་དེའི་སྲས་སྤུ་དེ་གུང་རྒྱལ་ལ་སྟོད་ཀྱི“སྟེང་གཉིས”དང“སྟེངས་གཉིས”་སམ།“ལྟེངས་གཉིས”སུ་བརྗོད་པ་དང་། འབྲོང་གཉན་ལྡེའུ་དང་སྟག་རི་གཉན་གཟིགས་ཡབ་སྲས་ལ་བར་གྱི“སྟེང་གཉིས”དང“སྟེངས་གཉིས”སམ། “ལྟེངས་གཉིས”ཞེས་འབྲི་སྟངས་མི་འདྲ་བ་འགའ་བྱུང་བ་ནི་དུས་སྐབས་སོ་སོའི་སྐད་ཀྱི་འཕེལ་འགྱུར་དང་བསྟུན་ནས་དབྱངས་བཞི་པོ་དང་གསལ་བྱེད་རྣམས་རང་སྡེ་པའི་ནང་གསེས་སུ་བརྗོད་པར་གང་བདེར་བྲིས་པའི་ཐོབ་འབྲས་ཡིན་པ་ལས། དེ་དག་སོ་སོར་དོན་མི་འདྲ་བ་རེ་སྟོན་དུ་ཡོད་པས་མ་ཡིན་ཏེ། སྟོང་ཞེས་པའི་དོན་ཡིན་པར་སྙམ་ན་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ། །
          ཟུར་བལྟའི་དཔྱད་གཞི།
          [1][2][7][10] ལྡེའུ་ཇོ་སྲས། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ་བཞུགས་སོ། །[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:103.103.103.108.
          [8][11] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 1986:171.171.
          [9] རྒྱལ་དབང་ལྔ་པ་ཆེན་མོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 1988:16.
          [18] ཚལ་བ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ།[M] མི་རིགས་དཔེ་སྐྲུན་ཁང་། 1981:34.
          [6] མཁས་པ་ལྡེའུ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1987:246.
          [5][12][13][14][15][21][22][23] གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། [Z] ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་།1995:16.3.4.103.18.33.424.
          [17] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་བཤད་ལི་ཤིའི་གུར་ཁང་།[M] མི་རིགས་དཔེ་སྐྲུན་ཁང་། 2012.
          [19][20][24][25][26] བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བཀོད་པ། བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། [Z] མི་རིགས་དཔེ་སྐྲུན་ཁང་། 1984: 85.106.23.24.29.
          [16]པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས། གཏའ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། [Z] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2007: 40.

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1