༄༅།།བཞུར་རྒྱུན་ཆད་པའི་ལོ་ཟླ།

ཉྭ་སྲིན་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-27



——ཇ་ལ་རེ་བའི་སློབ་ཆུང་དང་བདག་གི་བྱིས་དུས།

མཚོ་ལྷོ། ཉྭ་སྲིན་པོ།



        སྤྱི་ལོ1997ལོར་ང་རང་ལོ་བདུན་ཡིན།རྩྭ་ཐང་གི་བྱིས་པ་ཞིག་ལ་མཚོན་ན་ལོ་བདུན་ནི་ར་རྫི་བེའུ་རྫིའི་ལས་སུ་གར་འཕང་གི་མདའ་བཞིན་སྐྱེན་དུས་ཡིན་པས།ང་ཡང་ཨ་ཅེ་དང་ཕ་སྤུན་ཕུ་བོ་གཉིས་ཀྱི་རྗེས་སུ་འབྲངས་ནས་ཉིན་རྒྱུན་ཕྱུགས་རྗེས་སྙེག་གིན་ཡོད།
        ལོ་དེའི་དབྱར་མཇུག་གི་ཞོགས་པ་ཞིག་ལ།ཕུ་བོ་ཆོས་མཆོག་སྐྱབས་ངེད་ཚང་དུ་སླེབས་བྱུང་། ཚང་མས་དགེ་རྒན་ཐོན་ཐལ་ཟེར་གྱིན་འདུག དེ་དུས་ཁོ་རང་མཚོ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་དུ་ལོག་མ་ཐག་རེད། ཉིན་དེར་ཁོ་རང་ཆེད་དུ་ཁྱིམ་སྒོ་ཉུལ་ནས་སློབ་སྐུལ་བྱེད་དུ་ཡོང་བ་ཡིན་པས་ང་ཡང་ཉིན་དེ་ནས་བཟུང་སློབ་གྲྭ་ཞེས་པ་དེའི་རི་ར་བ་ཁང་ཁྱིམ་གྱི་གྲིབ་མའི་ནང་ཚུད་པར་གྱུར། དུས་སྐབས་དེར་ཉྭ་ནག་ཚོ་བའི་སྡེ་བ་གསུམ་དང་བཅས་པའི་ཡུལ་ཕྱོགས་དེར་ས་གནས་ཀྱི་སློབ་གྲྭ་མེད་པས། ཆ་རྐྱེན་བཟང་ཤོས་དང་མིག་རྒྱང་རིང་ཤོས་ཀྱི་ཁྱིམ་བདག་རེ་འགས་བྱིས་པ་གཅིག་རེ་ཁ་ཐག་རིང་བའི་ཐང་རྒན་སློབ་གྲྭ་རུ་སྐྱེལ་བ་མ་གཏོགས། གཏན་སྡོད་ཀྱི་སློབ་གྲྭ་མེད་པའི་ང་ཚོ་རྩྭ་ཐང་གི་ཕྱུགས་རྗེས་ཁོ་ན་བསྙེག་དགོས་པ་བྱུང་ཡོད།
        མི་ལོ་ཉེར་གསུམ་གྱི་སྔོན་ཏེ། རྩྭ་ཐང་གི་བྱིས་པ་ང་ཚོར་ཡི་གེ་སྦྱོང་སའི་གནས་མལ་ཞིག་ཤིན་ཏུ་མཁོ་བའི་དུས་སྐབས་དེར། ང་ཚོའི་ཁྱིམ་རྒྱུད་གཙོར་བྱས་ཏེ་ཡུལ་ཕྱོགས་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨ་ཁུ་མཁར་བྱམས་ལགས་ཀྱིས་རེ་ཞུ་བྱས་པ་ལྟར་ཇ་ལ་རེ་བའི་སློབ་ཆུང་ཞེས་པ་ཞིག་བཙུགས། ཇ་ལ་ནི་ཡུལ་གྱི་མིང་ཡིན་ལ་རྗེས་སུ་ཡུལ་དེར་གནས་པའི་སྡེ་བ་དང་སློབ་གྲྭ་ལ་ཡང་ཐོགས་པས་ཀུན་གྱིས་ཇ་ལ་སྡེ་བ་དང་ཇ་ལ་སློབ་ཆུང་། ཇ་ལ་ཚོང་ཁང་ཞེས་འབོད།
        ང་རང་མི་ཚེ་འདིའི་སློབ་གྲྭར་ཐོག་མར་འགྲོ་སའི་ཇ་ལ་རེ་བའི་སློབ་ཆུང་གླེང་དུས། ཨ་ཁུ་མཁར་བྱམས་ལགས་ནི་མ་གླེང་ཐུ་མེད་ཀྱི་མི་ཞིག་ཡིན། ཁོང་གི་དྲིན་ལ་རྩྭ་ཐང་གི་བྱིས་པ་སྐོར་ཞིག་ཤེས་བྱའི་ཐང་ཆེན་བརྒལ་ཐུབ་པར་གྱུར་ལ། སེམས་སུ་བྱིས་པ་ཁོ་ན་ཉར་བའི་ཕ་མ་སྐོར་ཞིག་གི་རྨི་ལམ་མངོན་འགྱུར་བྱུང་། ཁོང་ནི་གཟུགས་ཐུང་ལ་འགྲོ་དུས་གོམ་སྟབས་མྱུར་མོར་བསྒྱུར་བ། དུས་ཚོད་དམ་དུ་འཛིན་པ།འཕངས་པའི་མདའ་ལ་ཕྱིར་ཟློག་བྲལ་བ། བསྒྲུབས་པའི་ལས་ལ་ནེམ་ནུར་མེད་པ། དྲང་གཞག་ལས་ལ་སྙིང་ཁམས་ཆེ་བ། ཕྱི་ནང་བྱ་བར་གཏན་ཚུགས་ཐུབ་པའི་སྐྱེ་བོ་ཞིག་ཡིན། ཁོང་གིས་ཆུ་གློག་དཀོན་ལ། འགྲིམ་འགྲུལ་མི་བདེ་བའི་ཉྭ་ནག་ཚོ་བ་གཙོ་བྱས་པའི་ཡུལ་ཕྱོགས་འདིའི་རྨོངས་སེལ་གྱི་ཕྱིར་དུ་ཇ་ལ་རེ་བའི་སློབ་ཆུང་བཙུགས། ཁོང་གིས་སློབ་གྲྭ་དེའི་ཆེད་དུ་ཁྱིམ་གྱི་བྱ་བ་དང་སྒེར་དོན་འཚོ་ཚིས་སོགས་ཀྱང་ཕལ་བར་བཞག་ནས་དཀའ་སྡུག་མང་པོ་མྱངས་ཤིང་། ནམ་རྒྱུན་སློབ་གྲྭར་འགྲོ་རྒྱུ་དང་ཡོན་ཏན་བསླབ་རྒྱུ་ནི་འཇིག་རྟེན་བྱ་བ་ཀུན་གྱི་མཆོག་གོ་ཞེས་ང་ཚོར་བསླབ་བྱ་གནང་།
        ང་རང་སྐྱོ་བ་ཞིག་དང་སེམས་ཁྲལ་ཞིག དཔའ་ཞུམ་ཞིག་གི་སྒོ་ནས་མི་ཚེའི་སློབ་གྲྭ་ཐོག་མར་འགྲིམ་པའི་ཞོགས་པ་དེར། ཨ་ཕས་ང་ལ་སྒོར་མོ་གཉིས་བྱིན་ལ། ཨ་མྱེས་ཀྱིས་རས་ཁུག་ནག་པོ་ཞིག་གི་ནང་དུ་རྡོ་ཀ་ར་ཆག་ཐོ་ཞིག་དང་ཤ་སྐམ་གཏུབ་མ་སྤར་བ་དོ། འོ་ཇ་དམ་བེ་གང་བླུགས་ནས་རྫོངས་པ་བྱས། ཁོང་གིས་སེམས་ཁྲལ་ཆེན་པོས‘གཞན་གྱིས་ཐུབ་ཚོད་བྱས་ན།དགེ་རྒན་ལ་ཤོད’ཅེས་པའི་ཁ་ཏ་དེ་ཨ་མྱེས་ཚེ་ལས་འདས་ཏེ་མི་ལོ་བཅུ་དགུ་འགོར་བའི་ད་ལྟའང་ད་དུང་རྣ་ལམ་དུ་ལྷང་ལྷང་གྲགས།
        སློབ་གྲྭར་ཆས་པའི་ཉིན་དང་པོར་ང་ཚོར་དམིགས་བསལ་གྱི་ཆོ་ག་ཅི་ཡང་མི་འདུག ཇ་ལ་དེའུ་མགོ་ཞེས་པའི་རི་ཆུང་དེའི་མདུན་དུ་སློབ་གྲྭ་ནི་ར་སྐོར་ཧྲིལ་པོ་ཞིག་ཀྱང་མེད་པའི་ཁང་པ་གཤར་ཁ་གཉིས་ཀྱིས་གྲུབ་ཅིང་། དེ་ལས་གཅིག་ནི་སློབ་ཁང་དང་ཅིག་ཤས་ནི་ཉལ་ཤག་རེད། སློབ་ཁང་དུ་ཅོག་ཙེ་དང་རྐུབ་སྟེགས་གཅིག་ཀྱང་མེད་པས་ང་ཚོས་ཉིན་བཅུ་ལྷག་ཅིག་ལ་སྒོ་རུ་འཚོ་བ་རོལ། དེ་དུས་ང་ལ་མཚོན་ན་ཉིན་གཅིག་གི་ཆེས་སྤྲོ་སྣང་ཆེ་དུས་ནི་ཕྱི་དྲོ་ཡུལ་ལ་ལོག་དུས་རེད་ལ་ཆེས་དཀའ་ངལ་ཆེ་དུས་ནི་ཞོགས་པར་སློབ་གྲྭར་འགྲོ་ཁ་རེད།
        ཐོག་མའི་དུས་སུ་ང་ཚོར་དགེ་རྒན་ལྔ་དྲུག་ཙམ་ལས་མེད་ཅིང་།རྒྱ་བོད་རྩིས་གསུམ་གྱི་སློབ་ཁྲིད་དགེ་རྒན་ལ་ཡང་ངེས་གཏན་ཆེན་པོ་མི་འདུག ཡིན་ན་ཡང་དགེ་རྒན་བསམ་དཀར་དག་གི་དྲིན་ལ་ཚང་མས་ཀ་ངོ་ཡིག་ངོ་ཆོད་པར་གྱུར་པས། སློབ་མ་ཡང་ཇེ་མང་དུ་གྱུར་ཏེ་ལྔ་བཅུ་ལྷག་ལ་འཕར། འདི་ལྟར་སློབ་གཙོ་ཞིག་གི་ཞུམ་མེད་ཀྱི་སྤོབས་པ་དང་ཧུར་ཐག དགེ་རྒན་སྐོར་ཞིག་གི་སྙིང་རུས་ཀྱིས་ཁྲིད་དེ་དཀའ་ཁག་ཆེ་བའི་ལོ་ངོ་གཅིག་ཕྱིན་པའི་རྗེས་སུ་ང་ཚོ་ཞག་སྡོད་དུ་བསྒྱུར། ཞག་སྡོད་ནི་འབྲོག་ཕྱོགས་ཀྱི་ཁྱིམ་བདག་དང་འཚོ་བའི་ཆ་རྐྱེན་ལ་ཤིན་ཏུ་འཕྲོད་མོད། ལོ་ན་ཕྲ་བའི་བྱིས་པ་དག་གི་སེམས་ཁམས་དང་ལྟོ་རྒྱབ་ལ་དེ་ཙམ་ཕན་པར་མི་འགྱུར། ང་རང་ཞག་སྡོད་ལ་བསྒྱུར་པའི་གཏམ་དེ་ཐོས་མ་ཐག་ནས་བཟུང་སེམས་ཁྲལ་ཅིག་གིས་དེད་ཅིང་དེད་ཅིང་འོངས། སློབ་ཞུགས་འཕྱི་བའི་སློབ་མ་ཅུང་ཆེ་བ་དག་སློབ་གྲྭར་སླེབས་ཀྱང་ལོ་ན་ཕྲ་བའི་བྱིས་པ་དག་སློབ་གྲྭར་མ་ཡོང་བས། ང་རང་སློབ་གྲྭ་ཡོངས་སུ་ལོ་ན་ཕྲ་བ་དང་གཟུགས་པོ་ཆུང་བ། ཉམས་ཞན་པའི་ཚོད་ཡིན་པས། དགེ་རྒན་གྱིས་སློབ་མ་ཞི་ལུ་ཚོས་བརྙས་པར་དོགས་ནས་ང་རང་བུ་མོ་ཚོའི་ཉལ་ཤག་ནང་བཀོད་སྒྲིག་བྱས་བྱུང་། དེ་དུས་མི་བདེ་བ་གཞན་གང་ཡང་མེད་མོད། མཚན་གུང་གཅིན་ཐོག་ལ་འགྲོ་རྒྱུ་དེ་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར། སྤྱོད་ཁང་ཁ་ཐག་ཅུང་རིང་བ་དང་སློབ་མ་ཚོའི་ཁྲོད་དུ་འདྲེ་བཤད་རྒྱག་མཁན་ཡང་མང་བས་སེམས་སུ་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་སྐྱེས། བུ་མོ་ཚོར་རོགས་ཤིག་བྱོས་ཟེར་རྒྱུ་ཅུང་སྨྲ་མི་སྤོབས་པས་ལན་གྲངས་མང་པོར་ཐབས་ཟད་འུ་ཐུག་གིས་ཉལ་ས་བརླན་མྱོང་།
        ང་ཚོ་ཞག་སྡོད་བྱས་རྗེས། དབྱར་ཁར་སློབ་རིན་ཅི་དགོས་གསལ་པོར་མི་དྲན་མོད། དགུན་གྱི་སློབ་སྐབས་ལ། སློབ་མ་རེས་ལུག་གཅིག་དང་སྣུམ་ནག་རྒྱ་མ་དོ། ཨོང་བ་སྒྱེ་མོ་གཉིས་ཁྱེར་ཡོང་དགོས། སློབ་གྲྭའི་ར་སྐོར་ནང་དུ་སློབ་མ་ཚོས་ཁྲིད་ཡོང་བའི་ལུག་དག་ཁྱུ་གཅིག་ཏུ་གྲུབ་ནས་འབའ་དིར་ལིང་ལིང་བྱེད་པས། ང་རང་རང་ཁྱིམ་ལ་ལོག་འདོད་ཀྱི་འདུན་པ་ཆེ་རུ་འཕེལ་ལ། ཡུལ་གྱི་སྔ་དགོང་གི་འཚོ་བ་དག་ཞེ་ལ་འཁོར་བས། སློབ་གྲྭ་ནས་འབྲོ་འདོད་ཀྱི་འདུན་པ་ཡང་དྲག་ཏུ་འཕེལ་ཡོང་། ཡིན་ན་ཡང་ང་རང་ལོ་ཆུང་བ་དང་སྙིང་སྟོབས་ཞན་པས་འབྲོ་ག་ལ་ཐུབ། དེའི་ཁར་ཉིན་ཞིག་ཕུ་བོ་གླང་མཆོག་དང་ཀུན་བཟང་རྒྱལ་སོགས་ཞིང་ཚིགས་བརྒྱུད་ནས་ཡུལ་ལ་བྲོས་པས་དགེ་རྒན་ཚོས་ཀི་འབོད་དང་བཅས་རྐང་ཐང་ལ་ཕྱོགས་སོ་སོར་བརྒྱུགས་ཏེ་བཟུང་ཡོང་བ་དངོས་སུ་མཐོང་བས། འབྲོ་ཞེས་པ་དེ་ཡིད་ཀྱི་གཏིང་གི་དོན་ཞིག་དང་མིད་ཐག་མན་གྱི་ཚིག་ཅིག་ཏུ་གྲུབ་ཅིང་། བློ་སེམས་གཉིས་འགལ་གྱིས་མུ་མཐུད་དུ་སློབ་གྲྭའི་འཚོ་བ་མི་རོལ་ཐབས་མེད་དུ་གྱུར། དགུན་ལུག་དག་བསྡུས་ཚར་མ་ཐག་སློབ་གྲྭས་ཁ་ཆེའི་ཤན་པ་འགའ་གླས་ནས་དགུན་ཤ་བཅའ་མགོ་ཚུགས། ང་ཚོ་སློབ་ཐུན་རེ་རེ་གྲོལ་མ་ཐག་ཏུ་རྩྭ་རའི་ནང་བརྒྱུགས་ཏེ་རང་གི་ལུག་བཤས་ཡོད་མེད་ལ་བལྟ་རྒྱུར་དགའ་ལ། ཡུལ་དང་ཁ་བྲལ་མ་མྱོང་བའི་ང་ཚོར་མཚོན་ན་རང་གི་ལུག་གཅིག་པོ་དེ་ནི་ཁ་ཁོག་གཉིས་མེད་ཀྱི་གྲོགས་པོ་ཆེས་ཡག་ཤོས་དེ་ཡིན་པའི་སྣང་བ་སྟེར། སུ་ཞིག་གི་ལུག་མཐོང་མེད་དུ་གྱུར་ཚེ་ཉིན་གང་པོར་སེམས་སྡུག་གིས་མིག་ཆུ་ཡང་འབྱིན།
        ང་ཚོ་བྲེལ་བ་ཆེས་ཆེ་དུས་ནི་ནངས་ཚོགས་དང་ཉིན་གུང་གི་སློབ་ཐུན་ཐ་མའི་སྐབས་ཡིན།དགེ་རྒན་ནམ་ཡང་ན་ཇ་མ་གང་ཞིག་གིས་མཁར་ཟངས་ཆག་རོ་དེ་ལན་གཅིག་བརྡུངས་མ་ཐག ང་ཚོ་གཤིབ་ཚོད་ཀྱིས་ཇ་ཁང་གི་ཕྱོགས་སུ་བརྒྱུགས། མགོ་ནག་ལྟོ་ལ་མི་གནས་པ་ཞིག་གང་དུ་ཡོད། ད་ལྟའི་དུས་སུ་ཚང་མས་མིང་ཡག་པོ་འཚོ་བ་རོལ་ཞེས་ཅུང་སྙན་པར་སྨྲས་པ་མ་གཏོགས། དོན་དུ་ཁྱོ་ཤི་ང་གསོན་གྱིས་ལྟོ་རྒྱབ་སྙེག་གིན་པ་མ་ཡིན་ནམ། བྲིས་ནས་མཚམས་འདིར་ཐོན་དུས་ངས་དབང་མེད་དུ་ངག་ལས་དེ་ལྟར་ཤོར། ལྷག་པར་དུ་ཞག་སྡོད་བྱས་མ་ཐག་པའི་ང་ཚོར། ལྟོ་མི་རྒྱགས་པ་དང་ལྟོགས་སླ་བའི་སྐབས་མང་དུ་བྱུང་བས་ཇ་ཁང་གི་སྒོ་གང་སྔ་རྩོད་པ་དེ་རིམ་བཞིན་རྒྱུན་ལྡན་ཞིག་ཏུ་གྱུར། ཇ་མ་ཕ་མ་འདྲ་བོ་ཞེས་པ་དེ་ལ་ཡང་བཟང་ངན་ཞིག་དབྱེ་རྒྱུ་ཡོད་པ་འདྲ། ལོ་ན་བགྲེས་པའི་ཨ་ཁུ་མདོ་རྡོ་ནི་སེམས་བཟང་བ། བྱིས་པ་དག་གི་ལྟོ་དོན་ལ་ཨེ་ནུས་ནུས་ཀྱིས་འཇུག་པ་ཞིག་ཡིན་ལ། ལན་རེར་ཤིན་ཏུ་ལྟོགས་པར་གྱུར་ཚེ་ང་ཚོས་ཁོང་གཅིག་པུ་བཙལ་ནས་འགྲོ་ཞིང་། ཁོང་གིས་ཀྱང་མིག་མཐར་མཆི་མ་འཁོར་བའི་ཆུང་ཆུང་ང་ཚོར་དམིགས་བསལ་གྱིས་གོ་རེ་ཅུང་རྡོག་རེ་གསང་སྟབས་ཀྱིས་སྟེར།
        འདི་ལྟར་སོང་གིན་སོང་གིན་ང་རང་ཡང་སློབ་གྲྭ་དང་སློབ་གྲོགས། དགེ་རྒན་དང་སློབ་རའི་འཚོ་བ་ལ་ཅུང་གོམས་པར་གྱུར་ཅིང་། ལན་རེར་གུང་གསེང་གི་སྐབས་སུ་ཡང་མགྱོགས་པོར་ཕྱིར་འཚོགས་རྒྱུར་རེ་ལྟོས་ཀྱང་ཆེ་རུ་གྱུར། ལྷག་པར་དུ་ལོ་རིམ་ལྔ་པའི་སྐབས་སུ། ངས་མི་ཚེ་འདིའི་རྩོམ་ཡིག་ཐོག་མ《རྩྭ་ཐང་གི་མགྱོགས་བྲིས》ཞེས་པ་གངས་རྒྱན་ན་ཆུང་ཚགས་པར་དུ་བཀོད་པས། སློབ་གྲྭས་ང་ལ་དངུལ་ལྔ་བཅུའི་བྱ་དགའ་སྤྲད་ཅིང་སློབ་མ་ཡོངས་ཀྱི་སྔུན་ནས་གཟེངས་བསྟོད་གང་ཆེ་ཆེ་ཞིག་བྱས། རྗེས་སུ་ལོ་རྒྱུས་ཉམས་ཞིབ་པ་གངས་འཚོ་ལགས་ཀྱི《ཁ་བཏགས་ལྟ་བུའི་དབྱངས་ཅན་མ》ཞེས་པའི་སྙན་དེབ་དེ་གཙོ་བྱས་ཏེ《སྦྲང་ཆར》དང《ལྷ་གཡག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་ལག་ཏུ་གང་ཡོང་གི་དུས་དེབ་རེ་འགའ་མང་དུ་བཀླགས་ཤིང་།དེ་ལས་ཅུང་གོ་སླ་བའི་རྩོམ་དག་ལ་ལད་འབྲི་དང་བརྐུས་འབྲི་བྱས་ཏེ་བཅད་རྩོམ་གཙོ་བྱས་པའི་རྩོམ་ཡིག་འབྲི་དེབ་འགའ་སྦྱངས་པས། དགེ་རྒན་ཚོས་ཀྱང་རྒྱན་ལ་མ་བལྟས་ཚགས་ལ་བལྟས་པ་ལོས་ཡིན། བསྟོད་པ་ཡང་ཡང་བྱས་པས། ང་རང་གློ་བུར་གློ་བུར་དུ་སློབ་གྲྭ་ལ་ཇེ་དགའ་ནས་ཇེ་དགར་གྱུར། དྲང་མོར་བཤད་ན་མི་ཟེར་བ་འདི་འཇིག་རྟེན་ཆོས་བརྒྱད་ཀྱི་མདུན་དུ་ཅང་ལ་ཐུག་མི་འདུག་ཨང་།
        མི་ལོ་དྲུག་ནི་གར་ཡོང་མི་ཤེས་པའི་སྤྲིན་པ་ཞིག་གར་ཡོང་མི་ཤེས་པའི་རླུང་གིས་དེད་དེ།གར་སོང་མི་ཤེས་པ་དང་འདྲ་བར། བསམ་དབང་དྲན་དབང་མེད་པར་ང་ཚོའི་མིག་ནང་ནས་ཤུད་པས། དེ་ཡི་བསླུ་བྲིད་སུ་ཡིས་བཟློག་ནུས་ཨང་། ང་ཚོ་ཡང་སློབ་ཆུང་མཐར་ཕྱིན་གྱི་དུས་ལ་བབས། ལོ་དགུའི་འོས་འགན་སློབ་གསོའི་དྲིན་ལ། འགྲོ་ས་མི་རྙེད་པའི་ཐབས་ཟད་ལ་ཐུག་མི་དགོས་མོད། བསམ་ཅུང་ཤེས་པར་གྱུར་པས་རྒྱུགས་སྤྲོད་ལ་སེམས་ཚེགས་དང་སྐྲག་སྣང་འདྲེས་མ་ཞིག་གིས་དེད་དེ་ཐོན། ཁྱེད་རང་ཚོ་ག་འདྲ་ཡིན་མིན་མི་ཤེས་མོད། ང་རང་རྒྱུགས་སྤྲོད་སྐབས་སོ་སོར་རྒྱུགས་རྟོག་པས་རྒྱུགས་ཤོག་མ་བཀྲམ་པའི་སྔོན་ཏག་ཏག་ལ་གཅིན་གཏང་རྒྱུ་ཞིག་གིས་རྒྱུན་པར་དེད་ཡོང་། རྗེས་སུ་ངས་དེ་ནི་འཚབ་པའམ་སྐྲག་པ་གཉིས་འདུས་ཤིག་ཡིན་པ་རྟོགས་ལ། གཅིན་བྲེལ་དེས་མི་ལོ་སུམ་ཅུའི་བར་དུ་དེད་དེ་ཐོན།
        ང་ཚོའི་སྐད་ཡིག་དགེ་རྒན་དང་འཛིན་བདག་གི་ལས་འགན་གཅིག་ལྕོགས་སུ་བཞེས་པའི་རྒན་བན་གྲོལ་དང་སློབ་གྲྭའི་མགོ་ཁྲིད་གསུམ་གྱིས་ང་ཚོ་རྫོང་ཐོག་ལ་རྒྱུགས་སྤྲོད་དུ་ཁྲིད། རྫོང་ཐོག་ཏུ་སླེབས་མ་ཐག་ང་ཚོ་མགྲོན་ཁང་ཞིག་ཏུ་བསྐྱལ་རྗེས། སུ་ཡིན་མི་དྲན་མོད་དགེ་རྒན་ཞིག་རྒྱུགས་རར་བལྟ་རུ་ཆས། ཅུང་ཙམ་ནས་ཁོ་རང་གློ་བུར་ཕྱིར་བརྒྱུགས་ཡོང་ནས་ང་ཚོ་རྫོང་གི་རྒྱུགས་སྤྲོད་སློབ་གྲྭའི་མིང་ཐོའི་ནང་དུ་མི་འདུག་ཟེར། ང་རང་ནར་སོན་སའི་སློབ་གྲྭ་དེ་སྡེ་བ་རིམ་པའི་འཐུས་སྒོ་མི་ཚང་བའི་སློབ་ཆུང་ཞིག་ཡིན་པས་སྲིད་གཞུང་གིས་ཁས་ལེན་ཆེར་ཐོབ་མེད་པ་འདྲ་བྱུང་། ཡིན་ནའང་ཕྱི་ཉིན་ང་ཚོ་སྔར་བཞིན་རྒྱུགས་ལ་ཞུགས་ཐུབ་པར་གྱུར་ལ། གཞན་ཕན་གྱི་སྙིང་ཁམས་ཆེ་བའི་ཨ་ཁུ་མཁར་བྱམས་ལགས་དང་བཀའ་དྲིན་གསུམ་ལྡན་གྱི་དགེ་རྒན་འགའ་ཞིག་གི་དྲིན་ལ་ང་རང་ཕྱུགས་རྗེས་ནས་སློབ་ཆུང་འགྲིམས་ཤིང་དེ་ནས་མུ་མཐུད་དུ་སློབ་འབྲིང་སོགས་རིམ་པར་འགྲིམས་པའི་གོ་སྐབས་དང་བསོད་ནམས་ཀྱི་ལྗོན་པ་འབུས་ཏེ་ད་ལྟ་ཁོ་ཚོ་དང་འདྲ་བའི་དགེ་རྒན་ཞིག་གི་བསོད་ནམས་ཀྱི་སིལ་ཏོག་སྨིན། ཡིན་ནའང་ངས་ཇི་ལྟར་བལྟས་ཀྱང་ངའི་སྟེང་དུ་ཁོ་ཚོའི་དཀའ་སྡུག་ལ་གདོང་གཏོད་པའི་སྙིང་སྟོབས་དེ་མི་འདུག་ལ། ངའི་སྟེང་དུ་ཁོ་ཚོའི་བརྩོན་སེམས་དང་སྤྲོ་བག རྒྱུན་འཁྱོངས། གཞན་ཕན། མིག་རྒྱང་སོགས་རེ་རེ་བཞིན་མི་འདུག འདི་ནི་ཕ་རྒོད་པོ་ཤ་གཟན་ཞིག་ལ། བུ་ཁྭ་ཏ་སྐྱག་ཟན་ཞིག་ཅེས་པ་རང་ལས་མ་འདས།
        ཁ་སང་ང་རང་ཇ་ལ་རེ་བའི་སློབ་ཆུང་གི་སྒོ་ཁ་བརྒྱུད་ནས་ཡུལ་ལ་ལོག་དུས། མིག་ལམ་དུ་གསུབ་ཏུ་མེད་པའི་འདས་པའི་ལོ་ཟླ་མང་པོ་ཞིག་ཤར་ཡོང་ལ། སྐུ་དྲིན་གཞལ་མཐའ་མེད་པའི་ཨ་ཁུ་མཁར་བྱམས་དང་རྒན་བན་གྲོལ་དང་རྒན་གཡང་མཚོ། ཕུ་བོ་ཆོས་ལོ། རྒན་གཡང་རྡོ་སོགས་དང་། རྩེད་དགོད་བྲོ་བའི་སློབ་གྲོགས་ཚོའི་གྲིབ་མ་ཡང་ད་དུང་དེ་རུ་ཡལ་མེད་དུ་བབས་འདུག ངས་ལོ་ན་ཆུང་བའི་རང་ཉིད་སློབ་གྲྭའི་ར་སྐོར་ནང་སྤྲོ་ལྷང་ལྷང་གིས་རྒྱུག་པ་མཐོང་ལ། ཕ་མ་དྲན་པའི་མིག་ཆུ་རེ་འགའ་ས་རུ་འཐོར་བའི་ངང་ཚུལ་ཡང་གསལ་པོར་མཐོང་། འདི་དག་དྲན་བཞིན་དྲན་བཞིན་ང་རང་རང་ཁྱིམ་གྱི་སྒོ་ཁར་སླེབས་ལ། སེམས་སུ་སྨྲ་མི་ཤེས་པའི་དྲན་གདུང་དང་དྲོད་ཁོལ་མཉམ་འདྲེས་ཤིག་གིས་ཡོངས་སུ་ཁེངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1