ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད་དང་སྐབས་བཅུ་དགུ་བའི་ཀྲུང་དབྱང་གི་སྐོར་ཐེངས་ལྔ་བའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 09-03


        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་བསྡུས་ཏེ་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད་དང་སྐབས་བཅུ་དགུ་བའི་ཀྲུང་དབྱང་གི་སྐོར་ཐེངས་ལྔ་བའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 
        གྲོས་ཚོགས་ནས་བསྟན་དོན། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པ་དང་། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་འབྲེལ་བའི་དུས་ཡུན་རིང་བོའི་ཇུས་ཆེན་ཅིག་ཡིན་པའི་ཆ་ནས། འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་བྱུང་ཆོས་ཉིད་དང་དངོས་ཡོད་ཆོས་ཉིད་བརྩི་སྲུང་བྱས་ཤིང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མའི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་། རྩ་བའི་བཅོས་སྐྱོང་བཅས་ལ་གཅིག་གྱུར་བཀོད་འདོམ་བྱེད་པར་སྐུལ་འདེད་བཏང་སྟེ། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཆུའི་ཐོན་ཁུངས་ལེགས་སྒྲིག་བྱས་ནས། བཞུར་བརྒྱུད་ཧྲིལ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་ཏེ། རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར། 
        གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་པ་དང་རིགས་དགར་ཇུས་འདོན། ཆོས་ཉིད་བརྩི་འཇོག་བཅས་བྱས་ཏེ། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས། ཤུགས་ཆེན་པོས་རྨ་ཆུའི་ཐོན་ཁུངས་ཀྱི་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་གིས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ཆུའི་ཐོན་ཁུངས་དེ་ཆེས་ཆེ་བའི་ཚད་བཀག་ཏུ་བྱས་ཏེ་ཆུ་གྲོན་ཆུང་སྒོས་འཕེལ་རྒྱས་བར་སྟོང་རྒྱ་བསྐྱེད་དགོས། རྒྱང་རིང་ལ་དམིགས་ནས་རྨ་ཆུའི་ཆུ་ལོག་དང་ཐན་པའི་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་པ། གནོད་འགོག་མ་ལག་འཐུས་ཚང་དུ་བཏང་ནས་རིགས་སྣ་ཚོགས་ཀྱི་གནོད་འཚེ་བཀག་འགོག་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། ནུས་ལྡན་བྱེད་ཐབས་སྤྱད་དེ་རྨ་ཆུའི་བཞུར་བརྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒུལ་ནུས་གསར་རྙིང་ལེགས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཁྱད་ལྡན་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་ལེགས་བསྒྱུར་བྱས་ཏེ་ཞང་དང་སྡེ་བའི་དར་རྒྱས་ལ་ཡར་སྐུལ་གཏོང་དགོས། ཤུགས་ཆེན་པོས་རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱས་ཤིང་། ལོ་རྒྱུས་ཀྱི་སྲོག་རྒྱུན་བསྲིང་བ་དང་། དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ནས་རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། དམ་འཛིན་དང་ནན་འཛིན་བྱེད་པའི་བྱ་སྤྱོད་ཀྱིས་བྱ་བ་སྣ་ཚོགས་དངོས་འབེབ་བྱེད་པར་ཡར་སྐུལ་གཏོང་བ་དང་། གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། རྨ་ཆུའི་འགྲམ་བརྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཙོ་བོ་དངོས་འབེབ་བྱེད་པ་དང་། བྱེ་བྲག་གི་འཆར་འགོད་དང་ལག་བསྟར་ཇུས་གཞི། སྲིད་ཇུས་མ་ལག་བཅས་མྱུར་དུ་གཏན་འབེབས་བྱས་ནས། ཧུར་ཐག་སྒོས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་གྲུབ་འབྲས་མངོན་གསལ་ཐོབ་པར་བྱེད་དགོས་ཟེར། 
        གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་པའི་ཐོག་མའི་སྣེ་ཁྲིད་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། གོ་བ་ལོན་པར་བྱེད་པའི་ཐད་ཤུགས་སྣོན་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པར་དངོས་འབེབ་བྱེད་པའི་ཐད་ཤུགས་སྣོན་བྱས་ཏེ། རང་འགུལ་གྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་ནས། རང་རྟོགས་ཀྱིས་དུས་རབས་གསར་བ་དང་གནས་བབ་གསར་བ། རེ་བ་གསར་བ་བཅས་དང་འཚམ་པར་བྱེད་དགོས་ལ། ཏང་དང་རྒྱལ་ཁབ་ཀྱིས་བསྩལ་བའི་འགན་ནུས་ལ་ངོས་འཛིན་གསལ་བོ་བྱས་ནས་ཆེ་ཕྱོགས་གཉིས་ནམ་ཡང་སེམས་སུ་འཛིན་དགོས། འགན་འཁྲིའི་འདུ་ཤེས་དང་ཆབ་སྲིད་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། འགན་འཁྲི་ལག་བསྟར་བྱེད་པའི་དོན་དངོས་འགུལ་སྐྱོད་ཀྱིས་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས། སྣེ་ཁྲིད་དེ་བཅོས་བསྒྱུར་གྱི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། ནན་ཏན་གྱིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དངོས་འབེབ་བྱེད་དགོས་ལ། རྒྱུན་ཆད་མེད་པར་ལས་ཁུངས་བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། མ་ལག་གཅིག་འདུས་དང་རོགས་ལས་ནུས་མཐོའི་སྒོ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དང་ལྟ་རྟོག་འགན་འཁྲི་མཐའ་གཅིག་ཏུ་དངོས་འབེབ་བྱེད་པ་དང་། རིམ་པ་བཞིན་དུ་ཁྲིད་སྟོན་དང་ཤུགས་སྣོན་བྱས་ཏེ། དུས་ཡུན་རིང་བོར་ནན་འཛིན་བྱེད་དགོས། དབང་ཤུགས་ལྟ་རྟོག་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བསྟུད་མར་སྤྱོད་ངན་བཞི་དང་ཁྱད་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་དགོས། ནན་ཏན་གྱིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་དངོས་འབེབ་དང་། མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་དང་ལས་བྱེད་ཤེས་ལྡན་པའི་དཔུང་སྡེའི་འཛུགས་སྐྲུན། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འཛུགས་སྐྲུན་དེ་ཆབ་སྲིད་གླེང་བ་དང་སྒྲིག་ལམ་སྲུང་བ། འགན་ཁུར་བ། ཕན་ནུས་ལྡན་པའི་དཔེ་སྟོན་ལས་ཁུངས་སུ་འགྱུར་བར་བྱེད་དགོས་ཟེར། 
        གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1