༄༅། །འཛམ་གླིང་གེ་སར་རྒྱལ་པོའི་རིགས་དང་འཁྲུངས་ཡུལ་ལ་རགས་ཙམ་དཔྱད་པ།

ནོར་སྡེ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲྭ་ཚིགས། སྤེལ་དུས། 12-09


མཚོ་སྐྱེས་རྡོ་རྗེ་གསུམ་གྱི་རང་མདངས་ལས། །བྱུང་བའི་གློག་དམར་སྤྲིན་གྱི་འབྲུག་སྒྲ་ཡིས། །

རྒྱ་མཚོའི་གོས་ཅན་གཡོ་མཛད་དགྲ་ལྷའི་གཙོ། །དགེ་ལེགས་འབུ་གྱི་མེ་ཏོག་ཆར་དུ་བསྙིལ། །

གངས་རིའི་སྟོངས་ན་འཕྱོ་བའི་གངས་སེང་གི། །མཐུ་ཆེན་རལ་བའི་གཟི་འོད་རྣོན་པོ་ཡིས། །

གངས་ལྗོངས་ཕན་བདེ་ནོར་བུའི་སྒོ་འཕར་བརྒྱ། །འབྱེད་མཁས་དགྲ་འདུལ་དཔའ་བོ་གཙུག་ན་རྒྱལ། །

རྨ་ཀླུང་གཡུ་འབྲུག་སྒེག་མོའི་ཕང་བ་རུ། །འདམ་ལས་སྣང་བའི་གངས་རྒྱན་པད་མ་དཀར། །

འདམ་གྱིས་མ་གོས་གེ་སར་དྲི་བསུང་འབུམ། །སྲིད་གསུམ་སྙིང་གི་དཔྱིད་དུ་འཐུལ་བ་མཚར། །

དེ་ཡང་སྣ་ཚོགས་དཔྱད་གཏམ་སེང་རས་ཀྱིས། །ཀུན་ནས་གཡོགས་པས་གང་ཁྱོད་ཡང་དག་བཞིན། །

སྒྲིབ་པར་གྱུར་བ་མ་བཟོད་ལེགས་བཤད་གཏམ། །ཁུངས་དང་བཅས་ཏེ་འདི་རུ་འགོད་པར་བྱ། །

དེ་ལ་འདིར་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་<<འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་>>ལས་བྱུང་བའི་མི་སྣ་གཙོ་བོ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་དངོས་ཡོད་ལོ་རྒྱུས་སྟེང་གི་མི་ཞིག་ཡིན་མིན་དང་། དེའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་ཡུལ། མི་རིགས་དང་རུས་རྒྱུད་གོ་གནས། མཛད་འཕྲིན་གྱི་ཁྱབ་ཆེ་ཆུང་། དེའི་རྣམ་ཐར་གྱི་རྣམ་གྲངས་དང་། བསམ་པའི་རང་བཞིན། སྒྱུ་རྩལ་གྱི་ཁྱད་ཆོས། གྲངས་འབོར་གྱི་མང་ཉུང་། རྩོམ་པ་པོ་སུ་ཡིན་སོགས་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་བླུན་མང་པོས་དཔྱད་གཏམ་གྲངས་ལས་འདས་པ་ཞིག་བྲིས་དང་འབྲི་བཞིན་པ་ལས། ལྟ་ཚུལ་མི་མཐུན་པ་རྟ་མོག་གི་སྤུ་དང་འདྲ་བ་མང་པོ་ཞིག་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ལ། དེ་ལས་ཆེས་མང་བ་ཞིག་གིས་ལྷག་བསམ་རྣམ་དག་གིས་ཞིབ་འཇུག་མཛད་ནས་དེའི་བཞིན་རས་ཇི་བཞིན་རྟོགས་པའི་ཆེད་དུ་ཡིན་པ་དང་། ལ་ལས་སྔོན་མེད་པའི་ལྟ་ཚུལ་ཡ་མཚན་པ་རེ་བཏོན་ནས་རང་ཉིད་ཀྱི་ཁྱད་པར་ཅན་གྱི་ཁེ་གྲགས་གཉེར་བ་དང་། འགའ་ཞིག་གིས་བསམ་བཞིན་དུ་ར་མགོ་ལུག་སྦྱར་བྱས་ནས་མི་རྣམས་ལ་མགོ་རྙོག་བཟོ་ཅི་ཐུབ་བྱེད་པ། ཁ་ཅིག་གིས་རང་ལ་ངེས་པ་གང་ཡང་མེད་པར་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟར་ཕྱི་གླིང་བ་རེ་འགའི་རྗེས་སུ་ཞུགས་ནས་རང་གི་ཕ་རྒན་གྱི་བླ་འཚོང་བ་སོགས་མང་པོ་ཞིག་སྣང་མོད་ཀྱང་། ཁོ་བོ་ལ་མཚོན་ན་སྐྱེས་སྦྱང་གི་བློ་གྲོས་དམན་ཞིང་། ཆེད་ལས་ཀྱི་ཤེས་བྱ་མེད་པས་དེ་དག་གི་ལྟ་ཚུལ་སོ་སོ་ནས་འཐད་མིན་གྱི་དཔྱད་གཏམ་གཏོང་བའི་ནུས་པ་མེད་ལ། འོལ་ཚོད་དུ་སྨྲ་བའི་གོམས་གཤིས་ཀྱང་མེད་དོ།།


འོ་ན་ཁྱོད་ཀྱིས་དོན་འདི་གླེང་བསླང་ནས་ཅི་ཞིག་སྙམ་པ་ཡིན་ཞེ་ན། མེས་རྒྱལ་གྱི་རིག་གནས་བང་མཛོད་ཆེན་མོའི་ནང་གི་གཟི་འོད་འབར་བའི་ནོར་བུ། གངས་རིའི་ཁྲོད་ཀྱི་མི་རིགས་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་རྩོམ་རིང་མོ་<<གླིང་གེ་སར་རྒྱལ་བོའི་སྒྲུང་>>མྱུར་སྐྱོབ་བྱེད་པའི་བྱ་གཞག་གི་ཁྲོད་དུ་རྒྱ་མཚོ་ལ་ཆུ་ཐིགས་བསྲེས་པ་ལྟ་བུའི་ཕན་ཡོད་ཀྱི་ལས་ཀ་རེ་བྱས་ན་སྙམ་པའི་ཀུན་སློང་གིས་མཚམས་སྦྱར་ཏེ། གེ་སར་གྱི་རིགས་དང་འཁྲུངས་ཡུལ་གྱི་གནད་དོན་སྐོར་ལ་རང་གི་ལྟ་ཚུལ་ཙམ་རྣམ་དཔྱོད་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་མདུན་སར་འགྲེམ་འདོད་པ་ཡིན་མོད། འགའ་ཞིག་གི་ཐུགས་ལ་མི་བབས་པ་འདྲ་བྱུང་ན་ཤོག་ཧྲུལ་འདི་རླུང་ལ་བསྐུར་ནའང་ཆོག་གོ།

དང་པོ།

གླིང་སྒྲུང་ལས་བྱུང་བའི་གེ་སར་རྒྱལ་པོ་དེ་ལོ་རྒྱུས་སྟེང་གི་མི་ངོ་མ་ཞིག་མིན་པར་སྒྲུང་མཁན་གྱིས་སྒྲོ་བཏགས་བྱས་པའི་ལྷ་ཞིག་ཡིན་ཟེར་ན་མི་འཐད་པར་སྙམ་སྟེ། དེ་ཡང་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས། གངས་ཀྱི་སེང་གེ་གང་ཡང་མ་མཆིས་ཤིང་། གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད། སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མ་རུང་། ཞེས་གསུངས་པ་ལྟར། རི་བོ་གངས་ཅན་པའི་ནགས་ཁྲོད་ཀྱི་སེང་གེ་ལས་གཞན་པའི་གངས་སེང་ཞིག་ཐུན་མོང་པའི་སྣང་ངོར་གར་ཡང་ལོ་རྒྱུས་སྟེང་གི་མི་ངོ་མ་ཞིག་ཡིན་པ་ལས་མིའི་སྤྱི་ཚོགས་ཀྱི་འཚོ་བ་ལས་གུད་དུ་སྟེ་ལོགས་སུ་གར་བའི་ལྷའི་སྤྲུལ་པ་ཞིག་དང་། སྐྱེ་མེད་འཆི་མེད་ཀྱི་འཕགས་པ་ཞིག   ད་ལྟ་ད་དུང་ཀུན་ཏུ་རྒྱུ་བའི་མི་མ་ཡིན་གྱི་རིགས་སུ་གྱུར་པའི་གཞི་བདག་ཅིག་བཅས་གཏན་ནས་མ་ཡིན་ལ། ཚུད་དེ་ལྟར་དུ་གཞུགས་ཀྱང་མི་སྲིད་མོད། འོན་ཀྱང་སྙན་ངག་མཁན་གྱིས་སྒྱུ་རྩལ་གྱི་ལམ་ནས་དངོས་ཡོད་མིའི་འཚོ་བར་འཆར་ཡན་གྱི་སྒྲོ་བཏགས་སྣ་ཚོགས་བྱས་པས། ཀློག་པ་པོའི་སེམས་ལ་མི་ཡུལ་ལས་འཕགས་པའི་ཡུལ་ལྗོངས་དང་ལྷའི་རྫུ་འཕྲུལ་གྱི་སྣང་བརྙན་ལྟ་བུ་ཞིག་དངོས་སུ་སྣང་བ་ལྟར་དུ་གྱུར་ཡོད་པ་འདི་ནི་<<གེ་སར་གྱི་སྒྲུང་>>ཁོ་ན་མ་ཡིན་པར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རིམ་བྱུང་གིས་བརྩམས་པའི་ལོ་རྒྱུས་ཀྱི་སྙན་ངག་ཐམས་ཅད་ཀྱི་ཚིག་སྦྱོར་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་ལ། སྙན་ངག་གི་གཞུང་ལྟར་ན་ཚིག་རྒྱན་སྦྱོར་སྟངས་ཀྱི་ཆ་ནས་རྗོད་བྱེད་སྒྲ་ཡི་ཐབས་དུ་མ་ལ་བརྟེན་ནས་བརྗོད་བྱའི་དོན་དེ་གསལ་བར་སྟོན་པ་ནི་དགོས་ངེས་ཤིག་ཡིན་པས།  གེ་གསར་གྱི་སྒྲུང་སོགས་ལའང་བརྗོད་དོན་གྱི་ཁྱད་ཆོས་མཆོག་ཏུ་སྟོན་པའི་ཆེད་དུ་རྗོད་བྱེད་སྒྲོ་བཏགས་ཀྱི་རྒྱན་གྱིས་སྤྲས་པ་དེ་མི་འོས་པ་ཞིག་ག་ལ་ཡིན། དེའི་ཕྱིར་གླིང་སྒྲུང་གི་རྗོད་བྱེད་ཀྱི་གྲུབ་ཆའི་ཆ་ཤས་ཙམ་དུ་གྱུར་པའི་སྒྲོ་བཏགས་ཀྱི་སྦྱོར་བ་ཙམ་ལ་དམིགས་ནས། བརྗོད་དོན་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་དོན་དངོས་ངོ་མ་ཁས་མི་ལེན་པ་དེ་ནི་འཇིག་རྟེན་རྩོམ་རིག་གི་ཡན་ལག་གཙོ་བོ་སྙན་ངག་རིག་པ་ལ་བློ་མ་འདྲིས་པའི་སྐྱོན་དུ་ཟད་དོ།།

ལྷ་སྒྲུང་དང་འབྲེལ་བ་ཙམ་ལས་འཇིག་རྟེན་ན་དངོས་སུ་ཡོད་པར་ཁས་མི་ལེན་ན། སངས་རྒྱས་ཆོས་ལུགས་ཀྱིས་སྟོན་པ་ཤཱཀྱའི་རྒྱལ་པོ་དང་། ཁ་ཆེའི་ཆོས་ལུགས་ཀྱི་སྟོན་པ་སྦྲང་རྩིའི་བློ་གྲོས། རྒྱ་ནག་གི་སྟོན་པ་ཀོང་རྩེ་འཕྲུལ་རྒྱལ། རྒྱ་ནག་གི་གནམ་བསྐོས་གོང་མ་རིམ་བྱོན། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ལྷ་ཅིག་ཆུའི་པད་མོ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ། རིགས་གསུམ་མགོན་པོ་གཅིག་འདུས་ཀྱི་རྣམ་སྤྲུལ་འཇམ་མགོན་བླ་མ་བློ་བཟང་གྲགས་པ་སོགས་ཀྱང་འཇིག་རྟེན་འདིར་དངོས་སུ་བྱོན་པའི་མི་ཡིན་པར་ཁས་ལེན་རྒྱུ་མེད་པས། དངོས་ཡོད་ཀྱི་ལོ་རྒྱུས་ལ་འཁྱོགས་བཤད་དེ་ལྟ་བུ་ཞིག་ཕོད་དམ།

འོ་ན་དེ་དག་ནི་དམ་པའི་ཡིག་ཚང་དུ་འཁོད་པའི་ལོ་རྒྱུས་མི་སྣ་དངོས་ཡིན་པ་དང་གེ་སར་གྱི་སྒྲུང་ནི་དམངས་ཁྲོད་ཀྱི་ངག་རྒྱུ་དུ་བྱུང་བའི་བཤད་རྒྱུན་ཙམ་ཡིན་པས་དེ་གཉིས་བསྡུར་མི་འོས་ཤེ་ན། དེ་ཡང་མི་འཐད་དེ། ལོ་རྒྱུས་ནི་མི་དམངས་ཀྱིས་བསྐྲུན་པ་ཡིན་པས་མི་དམངས་ལ་ཆ་རྒྱུས་གཏན་ནས་མེད་པའི་ལོ་རྒྱུས་ཞིག་ཡོད་མི་སྲིད་པ་དང་གཅིག <<གེ་སར་གྱི་སྒྲུང་ཡིག་>>དེའི་སྙན་ཚིག་རྐང་བའི་གྲངས་འབོར་གྱི་ཆ་ནས་བཤད་ན་འཛམ་གླིང་དུ་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ཞེས་བཤད་ཆོག་པ་དང་གཉིས། དེ་འཁོད་པའི་ལོ་རྒྱུས་ཀྱི་དེབ་ཐེར་དང་། མཁས་པའི་དཔྱད་གཏམ། དམ་པའི་གསུང་ཆོས་སོགས་བགྲང་གིས་མི་ལང་བ་སྟེ། དཔེར་ན་བོད་རང་གི་ཁུངས་ལྡན་གྱི་ལོ་རྒྱུས་དེབ་ཐེར་<<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>དང་<<མདོ་སྨད་ཆོས་འབྱུང་>>སོགས་དེབ་ཐེར་ལོ་རྒྱུས་མང་པོ་ཞིག་ཏུ་གེ་སར་གྱི་རིགས་རུས་ཆོ་འབྲང་། འཁྲུངས་ས་འཁྲུངས་ལོ། དབང་སྒྱུར་བའི་ས་ཆ། མཛད་འཕྲིན་གྱི་ཆེ་བ་སོགས་གསལ་པོར་བསྟན་ཡོད་པ་དང་གསུམ་བཅས་ལ་དཔག་ན་གོང་བསྟན་ལོ་རྒྱུས་མི་སྣ་རྣམས་དང་བསྡུར་མི་འོས་པའི་རྒྱུ་མཚན་གང་ཡང་མེད།

གཞན་ཡང་གེ་སར་དེ་ལོ་རྒྱུས་སྟེང་གི་མི་ངོ་མ་ཞིག་ཡིན་པའི་སྒྲུབ་བྱེད་དུ་གེ་སར་གྱི་མི་རབས་གོང་མའི་རིགས་རུས་ཆོ་འབྲང་སོགས་རེ་རེ་ནས་བགྲང་རྒྱུ་ཡོད་པ་སྟེ། མདོ་སྨད་ཀྱི་ལྡོང་ར་ཁྲ་རྒན་པོ་ནས་གེ་སར་ལ་ཐུག་པའི་བར་གྱི་མི་རབས་རེ་རེ་ནས་བཤད་རྒྱུ་ཡོད་པ་དང་གཅིག   གླིང་གི་མི་རྒྱུད་ཕྱི་མ་ཚོ་ཤོག་ཚོ་ཤོག་བྱས་ནས་རྨ་རྫ་འབྲི་གསུམ་གྱི་རྒྱུད་དུ་ཆགས་ཡོད་པར་མ་ཟད་དེ་དག་རེ་རེ་བཞིན་རང་གི་རུས་རྒྱུད་དེ་གླིང་དུས་ཀྱི་ཚོ་ཤོག་གང་ལས་ཆད་པའི་ཁུངས་བཤད་རྒྱུ་ཡོད་པ་དང་གཉིས།  གླིང་སྒྲུང་ལས་བཤད་པའི་ས་མིང་དང་། རི་མིང་། མཚོ་མིང་། ཆུ་མིང་སོགས་ཟུར་ཙམ་ཡང་མ་འགྱུར་བར་རྨ་ཆེན་གངས་རི། རྨ་ཆུ། མཚོ་སྐྱ་རེངས་དང་སྔོ་རེངས། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིགས་སོགས་ད་ལྟ་དངོས་སུ་ཡོད་པ་དང་གསུམ། གླིང་གི་མི་སྣ་གཙོ་བོ་རྣམས་ཀྱི་མཁར་ཤུལ་དང་། མཚེར་ཤུལ། དེ་དག་གིས་འགྲོ་སྡོད་དང་འཚོ་གནས། གཡུལ་འགྱེད་སོགས་བྱས་པའི་རྗེས་ཤུལ་ད་ལྟའང་འདྲེན་བྱེད་ཀྱི་ཡུལ་དུ་སོ་སོར་མ་འདྲེས་པར་ཡོད་པ་དང་བཞི། རྫོང་ཆེན་བཅོ་བརྒྱད་སོགས་ཕབ་པའི་སྐོར་ལས་གཡུལ་འགྱེད་རིམ་བྱུང་གི་སྐབས་ཀྱི་གེ་སར་གྱི་དགྲ་ཟླ་འམ་ཁ་གཏད་དུ་གྱུར་པའི་ཚོ་པ་དང་། ཚོ་ཕྲན། རྒྱལ་ཁག་དང་། རྒྱལ་ཕྲན་སོགས་དེང་སྐབས་གསལ་པོར་ངོས་འཛིན་རྒྱུ་ཡོད་པ་དང་ལྔ། སྔར་གླིང་གི་རྗེས་ཤུལ་ཡིན་ཟེར་བའི་མདོ་སྨད་ཀྱི་ས་ཆ་མང་པོར་སྐབས་དེའི་ལགས་སྲོལ་དང་གོམས་གཤིས་མ་ཉམས་པར་ཡོད་པ་དང་དྲུག་བཅས་ལ་ལྟོས་དང་། ཤེས་པ་རང་བཞིན་དུ་མི་གནས་པ་ཞིག་མིན་ཕྱིན་དངོས་ཡོད་ལོ་རྒྱུས་ཀྱི་དཔང་རྟགས་རི་ལྟར་སྤུངས་པ་འདི་དག་ལ་བལྟས་ཚེ་གེ་སར་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་མི་སྣ་ཞིག་མིན་ཞེས་ཁ་ཚོན་གཅོད་པའི་སྤོབས་པ་དང་བྲལ་བར་འགྱུར་རོ།།

ཡང་ཁ་ཅིག་ན་རེ། གེ་སར་རྒྱལ་པོ་གུད་དུ་ཡུས་ཆུའན་རིར། །ཀླུ་སྒྲུབ་རྣམ་རོལ་ཌཱི་ཅེ་ཏ་སིས་བཏུལ། །ཅེས་པའི་ལུང་དེ་ཁྱོད་ཀྱིས་མ་མཐོང་ངམ་ཞེས་འདྲི་ན། དེ་ཡང་མཐོང་མོད་ཀྱང་། སྐྱོན་མེད་དེ། ཡུས་ཆུའན་རི་བོར་ཌཱི་ཅེ་ཏཱ་སི་ཡིས། བཏུལ་བའི་ཀོན་ཡུས་ཕ་བུ་གེ་སར་དུ། དགོངས་པའི་ཤེས་རབ་རེ་སྐོང་ནོར་བུའི་མཚོར། འཆར་བ་འདི་ཡང་མི་ཡི་གཟུགས་བརྙན་དངོས། ཞེས་སྨྲའོ། །

གཉིས་པ།

ཁ་ཅིག་ན་རེ། གེ་སར་རྒྱལ་པོ་དེ་ལོ་རྒྱུས་ཐོག་གི་མི་ཞིག་ཡིན་སྲིད་ཀྱང་། མི་རིགས་བོད་ཡིན་པའི་ངེས་པ་མེད་ཟེར་ན། དེ་ཡང་མི་འཐད་དེ། རང་རེས་མཐོང་ཐོས་སུ་གྱུར་པའི་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཡིག་ཚང་གང་ཞིག་གི་ནང་དུ་འང་མདོ་ཁམས་ཀྱི་རྨ་རྫ་གཉིས་ཀྱི་སྒང་འདིར་ཕྱི་གླིང་པའམ་ཡང་ན་མི་རིགས་གཞན་དག་ཅིག་ཡུན་རིང་པོར་གཞིས་ཆགས་ཀྱིས་འཚོ་སྡོད་བྱས་པའི་ཚིག་ཟུར་ཙམ་མ་མཐོང་ལ། གལ་ཏེ་དེ་འདྲ་ཞིག་ཡོད་པའི་དབང་དུ་བྱས་ནའང་། ད་ལྟ་དེའི་རྗེས་ཤུལ་ཙམ་ཡང་མེད་པར་བྱེའུ་ཁྱུ་མཁའ་ལ་འཕུར་བ་ལྟར་མེད་པར་འགྲོ་མི་སྲིད་པ་དང་གཅིག   གལ་ཏེ་གེ་སར་ཞེས་མིང་གི་ཐོག་མ་འདྲ་བ་རེ་ལོ་རྒྱུས་སྟེང་བྱུང་མྱོང་ནའང་། དེ ་དག་གི་རུས་ལྡོང་།ཚོ་བ་གླིང་། ཡབ་སེང་བློན། ཡུམ་འགོག་བཟའ། ཕུ་བོ་རྒྱ་ཚ། ནུ་བོ་རོང་ཚ།  ཁུ་བོ་ཁྲོ་ཐུང་།  ཆུང་མ་འབྲུག་མོ། དགྲ་ཟླ་ཧོར། ཆོས་ལུགས་ནང་བསྟན། སྡོད་གནས་གཙོ་བོ་རྨ་ཡུལ་གྱི་སྟོད་རྒྱུད། འཚོ་རྟེན་གྱི་འབྱུང་ཁུངས་གཙོ་བོ་ཕྱུགས་ལས། འཁྲུངས་པའི་དུས་རབས་རབ་བྱུང་དང་པོའི་འགོ་ཚུགས་ཁ་ཡས་མས་སུ་བྱུང་བ་བཅས་གླིང་གེ་སར་རྒྱལ་པོ་དང་ཡོངས་སུ་མཚུངས་པ་ཞིག་གཏན་ནས་ཡོང་མི་སྲིད་པས་ར་མགོ་ལུག་སྦྱར་བྱེད་རྒྱུ་མེད་པ་དང་གཉིས། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་མང་ཆེ་བ་ཞིག་གིས་གེ་སར་བོད་རིགས་ཡིན་པར་ལུང་རིགས་ཀྱི་སྒོ་ནས་བདེན་དཔང་བྱས་ཟིན་པ་དང་གསུམ། བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོའི་ནང་དུ་གེ་སར་གྱི་སྐོར་གསལ་པོར་འཁོད་ཡོད་པ་དང་བཞི། སྤྱིར་མདོ་ཁམས་དང་ཁྱད་པར་རྨ་རྫ་གཉིས་ཀྱི་དབར་དུ་གླིང་གི་མི་རྒྱུད་ལས་ཆད་པའི་ཚོ་པ་ཡོད་ཚད་བོད་རིགས་ཤ་སྟག་ཡིན་པ་དང་ལྔ། གེ་སར་གྱི་རྣམ་ཐར་དང་འབྲེལ་བའི་སྒྲུང་དང་། གཏམ་རྒྱུད། རི་མོ། ལྡེར་བཟོའི་སྐུ་བརྙན། ལྷ་ཁང་། སྒྲུབ་ཐབས་ཀྱི་ཆོ་ག   བསང་མཆོད་ཀྱི་སྨོན་ཚིག   མངའ་གསོལ་དང་གཡང་འབོད། རླུང་རྟའི་སྐྱེད་ཐབས། མདའ་གླུ། ལྷ་མོའི་ཟློས་གར། རི་ཆུ་ལ་བཙུགས་པའི་ལབ་རྩེ་སོགས་བོད་ཡུལ་དང་མཚུངས་པ་ཞིག་གཞན་མི་རིགས་སུ་ལའང་མེད་པ་དང་དྲུག   གླིང་སྒྲུང་དུ་བཤད་པའི་རི་ཆུ་མཚོ་གསུམ་གྱི་མིང་དང་ས་གཤིས་ས་བབ་སོགས་མདོ་ཁམས་ཀྱི་ཡུལ་གྱི་ད་ལྟའི་རྣམ་པ་ཇི་མ་ཇི་བཞིན་ཡིན་པ་དང་བདུན་བཅས་ལ་དཔག་ན་གེ་སར་བོད་མིན་པའི་ཁུངས་ཤིག་གང་དུའང་རྙེད་པར་མི་འགྱུར་རོ།།

གསུམ་པ།

ཁ་ཅིག་ན་རེ། གེ་སར་བོད་ཡིན་མོད་ཀྱང་དེ་ནི་མདོ་སྨད་དུ་བྱུང་བ་མིན་པར་ཁྲི་སྲོང་ལྡེ་བཙན་གྱི་མིང་གི་རྣམ་གྲངས་ཤིག་ཡིན་ཟེར་བ་དེས་བསམ་བློ་ཡག་པོ་ཞིག་བཏང་ཡོད་པ་དང་ཀུན་སློང་ཡང་ཡག་པོ་ཞིག་བཅངས་པ་ཡིན་ཤས་ཆེ་ཡང་། ཞིབ་ཏུ་དཔྱད་ན་མི་འཐད་དེ། ཁྲི་སྲོང་དང་གེ་སར་གཉིས་ཀྱི་མིང་དང་ཕྱག་རྗེས། བྱུང་དུས། སྐྱེ་ཡུལ། སྲིད་ཀྱི་ཁྱབ་ཁོངས་སོགས་གང་ཐད་ནས་ཀྱང་གཏན་ནས་མི་མཐུན་པ་ཁོ་བོས་གླེང་དགོས་དོན་མེད་དེ། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་རིན་པོ་ཆེའི་གསུང་ <<གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས་>>(<<སྦྲང་ཆེར་>>1985ལོའི་དེབ་བཞི་པ་)ཞེས་པའི་ནང་དུ་གསལ་པོར་བསྟན་ཡོད་པས་དེར་གཟིགས་ཤིག

བཞི་པ།

དུ་མ་ཞིག་ན་རེ། གེ་སར་རྒྱལ་པོ་མདོ་སྨད་དུ་བྱུང་བའི་མི་ཞིག་ཡིན་མོད་ཀྱང་། དེའི་འཁྲུངས་ཡུལ་ནི་ངེས་པར་དུ་རྫ་ཁོག་ཡིན་དགོས་ཟེར་ན། དེ་ལའང་ལྟ་ཚུལ་མི་མཐུན་པ་ཞིག་ཞུ་རྒྱུ་ཡོད་དེ།  སྤྱིར་གེ་སར་རྒྱལ་པོ་རྫ་ཆུའི་ཉེ་འགྲམ་ཞིག་ཏུ་འཁྲུངས་པ་ལ་སྒྲུབ་བྱེད་ཀྱི་རྒྱུ་མཚན་རེ་འགའ་ཡོད་པ་དང་ལོ་རྒྱུས་ཟིན་ཐོ་དུ་མའི་ནང་དུ་ཐེ་ཚོམ་དང་བཅས་འཁོད་འདུག་པ་ལ་དུ་མ་ཞིག་ཁ་མཐུན་མོད། འོན་ཀྱང་དེ་དག་གི་འདོད་ཚུལ་ལྟར་ན། གེ་སར་རྫ་ཁོག་ཏུ་འཁྲུངས་རྗེས་ཁྲོ་ཐུང་གིས་རྨ་ཁོག་ཏུ་བསྐྲད་པ་དང་། དེ་རྗེས་གླིང་སྟོད་སྨད་བར་གསུམ་གེ་སར་གྱི་རྗེས་སུ་བསྙེག་ནས་རྨ་ཡུལ་དུ་གཞིས་ཆགས་རྗེས་ད་གཟོད་རྟ་རྒྱུག་རྒྱལ་འཇོག་བྱེད་དགོས་པ་འདུག   ཡང་ན་གེ་སར་རྨ་ཡུལ་ནས་ཕྱིར་རྫ་ཁོག་ཏུ་ལོག་ནས་གླིང་གི་རྟ་རྒྱུག་ལ་ཞུགས་པ་ཡིན་དགོས་ལ། རྟ་རྒྱུག་བྱེད་ས་དེའང་རྫ་ཁོག་གི་ས་ག་གེ་མོ་ཞིག་ཡིན་དགོས།

སྔ་མ་ལྟར་ན་གེ་སར་མ་འཁྲུངས་གོང་དུ་རྨ་ཡུལ་སྟོད་སྨད་ཀུན་ས་སྟོང་ཡིན་པ་དང་གླིང་པ་རྣམས་རྫ་ཁོག་ཏུ་ཆགས་ཡོད་དགོས་པས། དེ་ནི་མི་འཐད་དེ་རྨ་རྫ་གཉིས་ཀྱི་འབྱུང་ཁམས་དང་ས་གཤིས་གཅིག་མཚུངས་ཡིན་པ་ལ་རྫ་ཡུལ་དུ་སྐྱེ་བོའི་འདུ་འཛིས་གང་ནས་རྨ་ཡུལ་ས་སྟོང་དུ་ལུས་མི་སྲིད། ཡང་སྔ་མ་ལྟར་ན་སྐབས་དེར་འདྲེ་མོ་མ་བུ་ཞེས་བརྙས་དམོད་བྱེད་ཡུལ་གེ་སར་དང་འགོག་མོ་གཉིས་རྨ་ཡུལ་དུ་བསྐྲད་མ་ཐག   བཙན་ཕྱུག་འཛོམས་པའི་གླིང་གི་མི་སྡེ་ཚང་མ་སྤྲང་ཕྲུག་ཇོ་རུའི་རྗེས་སུ་སྤོ་བ་མི་འཐད་དེ།  རྒྱུ་མཚན་གང་ཡང་མེད་པར་རང་ཡུལ་ཤུལ་དུ་བཞག་ནས་གཞན་ཡུལ་དང་དུ་ལེན་དོན་མེད་དོ། ཡང་ཁ་ཅིག་གིས། རྫ་ཡུལ་ཁ་བས་མནན་པས་རྨ་ཡུལ་དུ་མི་སྤོ་ཐབས་མེད་བྱུང་བ་ཡིན་ཟེར་ན། དེ་ཡང་མི་འཐད་དེ། ད་ལྟ་སྡེ་དགེའི་གླིང་ཚང་གི་རྒྱུད་པ་སོགས་གླིང་གི་སྡེ་པ་ཡིན་ཟེར་བ་རྣམས་སྐབས་དེར་མ་སྤོས་པ་ཡིན་ནམ། སྤོས་ནས་སླར་ཕྱིར་ལོག་པ་ཡིན། འགྲེལ་བཤད་རྒྱག་དཀའ་འོ།།

ཕྱི་མ་ལྟར་ན། རྟ་རྒྱུག་དེ་རྫ་ཁོག་ནས་བྱེད་དགོས་པས། གླིང་གི་རྟ་རྒྱུག་བྱེད་ཡུལ་རྨ་ཆུའི་སྟོད་རྒྱུད་ཀྱི་ཀུ་ར་རྫ་དང་། ཨ་བཞིའི་ཐང་། ལྷ་དེའུ་ཀླུ་དེའུ་སོགས་ཚང་མ་རྫ་ཁོག་ཏུ་ཡོད་དགོས་པ་མི་འཐད་དེ། ཡིན་མིན་གོ་ལྡོག་ཏུ་འགྱུར་བས་སོ།།

ཡང་གེ་སར་མ་འཁྲུང་གོང་ནས་གླིང་པ་རྣམས་རྨ་ཡུལ་དུ་ཆགས་ཟིན་པ་ཁས་ལེན་བཞིན་དུ་གེ་སར་རྫ་ཡུལ་དུ་འཁྲུངས་ནས་རྨ་སྟོད་དུ་བསྐྲད་པ་ཡིན་ཟེར་ན་དེ་ཡང་མི་འཐད་དེ། གེ་སར་སྐྲོད་མཁན་ཁྲོ་ཐུང་གི་མཁར་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་ཁོ་མདའ་ལི་མའི་གདོང་ཟུར་ན་ཡོད་པ་དང་། ཁོ་མདོ་དང་རྫ་ཁོག་གི་བར་དུ་སྐྱ་མིའི་ཉིན་ལམ་བཅུ་ཕྲག་ཅིག་ཡོད་པ། ཁོ་མདོ་དང་རྨ་སྟོད་ཀྱི་མཛོ་རྒན་ར་བར་ཤིན་ཏུ་ཉེ་བ་བཅས་ལ་དཔག་ན། གཞན་ཡུལ་ནས་རང་ཡུལ་དུ་སྐྲོད་པ་དང་། རིང་བ་ནས་ཉེ་བར་སྐྲོད་པ། སྐྲོད་མཁན་རྨ་ཡུལ་ནས་རྫ་ཡུལ་དུ་སོང་སྟེ་སྐྲོད་བྱ་སླར་ཡང་རྨ་ཡུལ་དུ་སྐྲོད་པ་ག་ལ་སྲིད།

ཡང་ཁ་ཅིག་གིས་སྡེ་དགེ་གླིང་ཚང་གི་རྒྱུད་པ་དང་། གེ་སར་གྱི་ལྷ་ཁང་སོགས་སྡེ་དགེ་ཕྱོགས་ན་ཡོད་པས་གེ་སར་རྫ་ཡུལ་ལས་འཁྲུངས་པར་འདོད་ཟེར་ན། དེ་ཡང་མི་འཐད་དེ། གེ་སར་གྱི་སྡེ་ལྷག་དང་ལྷ་ཁང་། རྗེས་ཤུལ་ཐོར་བུ་སོགས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཁུལ་ཐམས་ཅད་ན་ཡོད་པ་དང་། གླིང་ཚང་གི་རྒྱལ་པོ་ནི་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྒྱུད་པ་ཡིན་པ། དེ་ཡང་གེ་སར་གྱི་སྐུ་རིང་ལ་གླིང་པའི་མངའ་ཁོངས་དེ་རྨ་ཡུལ་ནས་ཕྱོགས་སོ་སོར་རྒྱ་སྐྱེད་བཏང་རྗེས་གཞིས་ཆགས་པ་ཡིན་པ་ལ་དཔག་ན་རྫ་ཡུལ་ལ་མ་འཁྲུངས་ཐབས་མེད་ཡིན་པའི་ངེས་པ་མེད།

ཡང་ཁ་ཅིག་གིས་གླིང་སྒྲུང་གི་འཕྲིན་ལས་ཆེས་ཆེར་དར་བའི་ཡུལ་དེ་སྡེ་དགེ་ཕྱོགས་ཡིན་པས་ན་གེ་སར་གྱི་འཁྲུངས་ཡུལ་ཡིན་པར་དཔོག་ཐུབ་ཟེར་ན་དེ་ཡང་མི་འཐད་དེ། དཔེར་ན་སངས་རྒྱས་ཀྱི་གསུང་ཆོས་དཔར་འགྲེལ་གྱི་འཕྲིན་ལས་ཆེས་དར་བའི་ཕྱོགས་སྡེ་དགེ་ཡིན་པས་སངས་རྒྱས་ཀྱང་རྒྱ་གར་ནས་མ་འཁྲུང་པར་སྡེ་དགེ་ལ་འཁྲུངས་ཞེས་བཤད་ན་སུས་ཀྱང་ཁས་མི་ལེན་པ་ལྟ་བུའོ། །

ལྔ་པ།

གེ་སར་གྱི་གདུང་རྒྱུད་དང་། འཁྲུངས་པའི་དུས་རབས། འཁྲུངས་ཡུལ་དངོས་བཅས་བཤད་པ་ལ།

དེ་ཡང་བོད་ཀྱི་རུས་ཆེན་བཞི་ཡི་ནང་ཚན་སྨུག་པོ་ལྡོང་གི་རྒྱུད་ལ་ལྡོང་ར་ཁྲ་རྒན་པོ་ཟེར་བའི་གྲགས་ཅན་ཞིག་བྱུང་། དེའི་བུ་ཆེ་བ་རུ་ཁྲ་བཙན། ཆུང་བ་དམུ་ཁྲ་བཙན། རུ་ཁྲ་བཙན་ལ་བུ་གསུམ་བྱུང་བའི་ཆེ་བ་ཆོས་ལི་འཕན། འབྲིང་བ་བླ་མ་འཕན། ཆུང་བ་ཆོས་འཕན་ནག་པོ། ཆོས་འཕན་ནག་པོ་ལ་བུ་གསུམ་བྱུང་བའི་ཆེ་བ་ལྷ་ཡག་རྒྱལ། འབྲིང་བ་ཁྲི་སྤྱང་རྒྱལ། ཆུང་བ་དཔའ་འབུམ་རྒྱལ། དེ་གསུམ་གྱི་རྒྱུད་ལས་སོ་སོར་མཆེད་ནས་སྟོད་གླིང་གསེར་པ་ཆ་བརྒྱད། བར་གླིང་འོམ་བུ་ཚོ་དྲུག  སྨད་གླིང་མུ་སྤྱང་སྡེ་བཞི་སྟེ་གླིང་ཆེ་འབྲིང་ཆུང་གསུམ་གྱི་རྒྱུད་བྱུང་། ཕུ་ནུ་འདི་གསུམ་གྱི་རིང་ནས་གླིང་པ་རྣམས་རྨ་ཆུའི་སྟོད་རྒྱུད་དུ་གཞིས་ཆགས། དཔའ་འབུམ་རྒྱལ་ལས་མཆེད་པའི་མི་རབས་ལྔ་པར་སྤྱི་དཔོན་རོང་ཚ་ཁྲ་རྒན་དུ་གྲགས་པ་འཁྲུངས། མི་དངོས་ཁྲོ་བོ་སྐྱབས་ཟེར། དེའི་མཚེར་ས་ནི་རྨ་སྲིབ་ཀྱི་བལ་ལྦོའི་སྟག་གཟིག་སུམ་མདོ་ཡིན་པ་དང་། རླངས་བྱང་ཆུབ་རྡོ་རྗེའམ་ཨ་མ་འདྲེ་འཁོལ་བླ་མར་བརྟེན་མྱོང་། དེ་ལ་ནུ་བོ་གཉིས་ཡོད་པའི་ཆེ་བ་ཁྲོ་ཐུང་དང་ཆུང་བ་སེང་བློན་(ག་གོད་སྐྱབས་ཀྱང་ཟེར་)ཡིན།   ཁྲོ་ཐུང་ནི་ཆུང་རྒྱུད་ཡིན་ནའང་། ཆེ་རྒྱུད་ཀྱི་གྲགས་པ་འདོད་ཅིང་སྤྱི་དཔོན་དང་སེང་བློན་ལ་མི་དགའ། ཁྲོ་ཐུང་གི་མཁར་ཡང་རྨ་ཉིན་གྱི་ཁོ་མདོ་ལི་མའི་གདོང་ཟུར་ན་ཡོད། སྐབས་དེར་གླིང་གི་སྤྱི་དཔོན་ཁྲ་རྒན་ཡིན་ནའང་། དབང་ཤུགས་དེ་ཁྲོ་ཐུང་ཆེ། ཁྲོ་ཐུང་ལ་སྟག་རོང་ནང་མའི་ལྷ་སྡེ་ཞེས་པའི་ནང་སྡེ་ཞིག་ཀྱང་ཡོད། སེང་བློན་གྱི་མཁར་དེ་རྨ་སྲིབ་ཀྱི་རྒྱུ་དར་གཉིས་ལས་རྒྱུ་ལུང་གི་སྨད་ན་ཡོད། སེང་བློན་གྱིས་རྒྱ་བཟའ་དང་། འགོག་བཟའ། རོང་བཟའ་གསུམ་ཁབ་ཏུ་ཞེས་པས། རྒྱ་བཟའ་ལ་རྒྱ་ཚ་ཞལ་དཀར་དང་།(ཆུང་མིང་ལ་ག་སྡེར་ཟེར་)འགོག་བཟའ་ལ་གེ་སར་(ཆུང་མིང་ལ་ཇོ་རུ་ཟེར་)རོང་བཟའ་ལ་གེ་འཕེན་དམར་ལེབ་བཅས་འཁྲུངས། རྒྱ་ཚའི་སྲས་དགྲ་ལྷ་རྩེ་རྒྱལ་དང་། རོང་ཚའི་སྲས་དཔའ་རྒོད་འབུམ་ལི་ཡིན། གེ་སར་ལ་སྲས་མེད། གེ་སར་གྱི་ཆུང་མ་སེང་ལྕམ་འབྲུག་མོ་ཡིན། འབྲུག་མོའི་ཡབ་སྐྱ་ལོ་དང་ཡུམ་སྔོ་ལོ་ཡིན། སྐྱ་ལོ་དང་སྔོ་ལོའི་མཚེར་ས་མཚོ་སྐྱ་རིང་དང་སྔོ་རིང་གི་འགྲམ་དུ་ཡིན། གེ་སར་མ་འཁྲུང་བའི་གོང་རོལ་དུ་སྟོད་གླིང་གསེར་པ་ཆ་བརྒྱད་ཆགས་ཡུལ་གཙོ་བོ་རྨ་ཆུའི་སྟོད་རྒྱུད་ཀྱི་བྱང་ཕྱོགས་སྟོང་ཁོག་ནས་རྨ་ཆེན་གངས་རིའི་བར་དང་། བར་གླིང་འོམ་བུ་ཚོ་དྲུག་ཆགས་ཡུལ་གཙོ་བོ་རྨ་ཆེན་གངས་རྒྱབ་ནས་རྨ་དང་པོ་དང་བར་མའི་ཁུག་སོ་ཡན། སྨད་གླིང་མུ་སྤྱང་སྡེ་བཞི་ཆགས་ཡུལ་གཙོ་བོ་རྨ་ཆུའི་ལྷོ་རྒྱུད་ཀྱི་སྨད། གཡས་རུ་སྒ་ཡི་སྡེ་པ་དང་གཡོན་རུ་འབྲུ་ཡི་སྡེ་པ། དེ་གཉིས་ཀྱི་ཆགས་ཡུལ་གཙོ་བོ་རྫ་ཆུའི་སྟོད་རྒྱུད་ཀྱི་བྱང་ཕྱོགས། སྐྱ་ལོ་ཕྱུག་གི་སྡེ་པ་ཆགས་ཡུལ་གཙོ་བོ་རྨ་སྟོད་ཀྱི་མཚོ་སྐྱ་སྔོའི་འགྲམ། འདན་མ་ཤོག་ཆེན་བཅུ་གཉིས། ཆགས་ཡུལ་གཙོ་བོ་རྨ་ཆུའི་ལྷོ་རྒྱུད་ཀྱི་སྐེད་ཆུ་ར་གླིང་གོར་ཡས་མས། སྟག་རོང་ནང་མའི་ལྷ་སྡེ་ཆགས་ཡུལ་གཙོ་བོ་རྨ་ཉིན་གྱི་ཁོ་གོང་འོག   འབུམ་པའི་ལྷ་སྡེ་དཀར་པོ་ཆགས་ཡུལ་གཙོ་བོ་རྨ་ཆུའི་སྟོད་རྒྱུད་ཀྱི་སྲིབ་ཕྱོགས་རྒྱུ་དར་གཉིས་ཡས་མས་བཅས་ཡིན།

གེ་སར་སྐུ་འཁྲུངས་ནས་ཅང་མ་འགོར་བར་གླིང་གི་དཔོན་པོ་ཁྲོ་ཐུང་གིས་འགོག་མོ་འདྲེ་རེད་ཅེས་སྙད་བཏགས་ནས་གེ་སར་མ་བུ་རྨ་སྟོད་ནས་རྨ་སྨད་གཡུ་ལུང་སུམ་མདོར་རྒྱང་འབུད་བཏང་། རྨ་སྨད་གཡུ་ལུང་སུམ་མདོ་ཟེར་བ་དེ་དེང་སང་མཛོ་དགེ་ཁོག་ཡིན་ཟེར། དུས་དེར་གེ་སར་གྱི་མིང་ལ་ཇོ་རུ་ཟེར། ལོ་དུ་མའི་རིང་ལ་ཇོ་རུ་མ་བུའི་འཚོ་བ་ཨབ་ཤ་དང་གྲོ་མ་ཟོས་ནས་ཤིན་ཏུ་ཉམས་ཆག་གིས་བསྐྱལ། སྐབས་ཅིག་ལ་རྨ་སྟོད་དུ་ཁ་བ་ཆེན་པོ་བབས་ནས་གླིང་པ་རྣམས་རྨ་སྨད་ཀྱི་ཕྱོགས་སུ་ཟོག་པ་ལ་སོང་། (ཟོག་པ་ཞེས་པ་ནི་ཁ་བ་བབ་རྗེས་ཁྱིམ་གཞིས་མི་སྤོ་བ་རྣམས་ཕྱུགས་ཁྱུ་དེད་ནས་ཁ་བ་གང་ཆུང་དང་རྩྭ་ཆུ་གར་ཡོད་ཀྱི་སར་འཁོར་སྐྱོད་འཚོ་སྐྱོང་བྱེད་པའི་དོན་ཡིན་ལ་དེང་སང་ད་དུང་མགོ་ལོག་པ་རྣམས་དེ་འདྲ་ཡིན་)དུས་དེར་ཇོ་རུས་གླིང་གི་ཟོག་པ་རྣམས་ལ་ངན་སྦྱོར་བྱས་པས་གླིང་པ་རྣམས་ཀྱིས་ཇོ་རུ་ལ་འཇམ་བཤད་ཀྱིས་ས་གཡར་། རིམ་གྱིས་རིམ་གྱིས་བདག་ཏུ་བཟུང་བས་གཡར་ངན་བདག་འགྱུར་གྱི་དཔེ་རུ་གྱུར་པ་ལ་ཁ་རྒྱུན་དུ་རྨ་ས་བཟུང་ཟེར། དེ་ནས་ཇོ་རུ་འཚར་ལོངས་ཟིན་པའི་དུས་ཞིག་ལ། གླིང་གི་ཁྲོ་ཐུང་གིས་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ། ཁོང་ཚང་ལ་ཐོབ་འདོད་ཀྱིས་གླིང་སྟོད་སྨད་གསུམ་གྱིས་རྟ་རྒྱུག་རྒྱལ་འཇོག་བྱེད་རྒྱུ་ཐག་བཅད། སྐུག་ལ་འཇོག་བྱའང་སྐྱ་ལོའི་རྒྱུ་ནོར་འབྲུག་མོ་དང་བཅས་པ་ཡིན་ལ། འབྲུག་མོ་སུ་ལ་ཐོབ་ན་དེས་གླིང་གི་དཔོན་པོ་བྱེད་རྒྱུ་ཐག་བཅད། སྐབས་དེར་གླིང་སྟོད་སྨད་བར་གསུམ་ན་ཁྲོ་ཐུང་ཚང་གི་འདོ་བ་གཡུ་བྱ་རྟེའུ་སྔོན་ལས་ལྷག་པ་ཞིག་མེད་པར་གྲགས་པས། ཁྲོ་ཐུང་གིས་དཔོན་ཐོབ་འབྲུག་མོ་དང་བཅས་པ་ཁོ་རང་ལ་ཐོབ་ངེས་པར་ཡིད་ཆེས་བྱས་ཡོད། གླིང་གི་རྟ་རྒྱུགས་ལ་གཞུག་མཁན་ཡང་གླིང་གི་རྗེ་འབངས་དབུལ་ཕྱུག་ཚང་མ་ཡིན་ནའང་། ཇོ་རུ་རྒྱང་ཕུད་དུ་ཟིན་པས་རྟ་རྒྱུག་གི་ཐོང་ཐང་མེད་པ་ཕུ་བོ་རྒྱ་ཚས་མཁྱེན་ནས། གྲོས་ཚོགས་གཅིག་མིན་གཉིས་མིན་གྱི་ཐོག་ཏུ་ཇོ་རུ་གླིང་ཡུལ་དུ་ཕྱིར་འབོད་དགོས་པའི་རེ་བ་ནན་པོར་བཏོན་པ་དེར་ཚང་མས་ཡིད་མཐུན་བྱས། ཇོ་རུ་ལ་རྒོད་མ་མ་བུ་གཉིས་ཡོད་པ་སླར་བཙལ་ནས་རྟེའུ་དེ་ཁ་ལོ་བཏུལ། སྒ་ཆས་སོགས་གཞན་ནས་བཙལ་ཏེ་གླིང་གི་རྟ་རྒྱུག་ལ་ཞུགས།

ཇོ་རུ་བློ་གྲོས་ལྡན་པ་དང་། རྟེའུ་རྐྱང་ཕྲུག་གྱི་ལིང་ཡིན་པར་བརྟེན་རྟ་རྒྱུག་གི་རྒྱལ་ཁ་ཐོབ། འབྲུག་མོའི་སྐྲ་བདག   སྐྱ་ལོའི་ནོར་བདག    གླིང་དཀར་གྱི་སྡེ་བདག་ཏུ་གྱུར། དུས་དེར་ཡང་ཁྲོ་ཐུང་གིས་ཇོ་རུ་ལ་ཨ་ལ་ལ་ངའི་ཚ་བོ་གེ་སར་འདུག་ཅེས་ངོ་བསྟོད་པར་ཇོ་རུས་ཀྱང་རྟེན་འབྲེལ་ལེགས། ང་རང་གི་མིང་ཨ་ཁུས་བཏགས་ཞེས་གསུངས་པས་གེ་སར་དུ་ཐོགས།

དེ་ནས་བཟུང་གེ་སར་དེ་ཉམས་ཆུང་གི་ཕ་མ་དང་བཙན་པོའི་གཉའ་གནོན། གཉེན་ལྷ་སྡེ་སྐྱོང་བའི་དར་དཀར། དགྲ་ཧོར་བདུད་འདུལ་བའི་ཐོ་བ། རྫོང་ཆེན་བཅོ་བརྒྱད་འབྱེད་པའི་ལྡེ་མིག་ཏུ་གྱུར་པ་ཡིན་ནོ། གེ་སར་རྒྱལ་པོ་འཁྲུངས་པའི་རྗེས་ནས་གླིང་གི་སྡེ་པ་རྣམས་ཆེས་ཆེར་དར་ནས་གཞིས་ཆགས་པའི་གནས་རྒྱ་སྐྱེད་དུ་སོང་བ་ཡིན་ཏེ། གླིང་ཆེས་ཆེར་རྒྱས་པའི་སྐབས་དེར། ནུབ་ཕྱོགས་ཀྱི་འབྲུ་ཆུའི་ཆུ་དམར་རབ་བདུན་མན། ལྷོ་ཕྱོགས་ཀྱི་སྡེ་དགེའི་ཁོག་ཚུན། ཤར་ཕྱོགས་ཀྱི་མཛོ་དགེ་སྟོད་སྨད་ཡན། བྱང་ཕྱོགས་ཀྱི་ཨ་རིག་ཆུ་ཚན་ཚུན་ཆད་བཅས་ལ་གླིང་གི་མི་རྒྱུད་ཀྱིས་དབང་བསྒྱུར་བར་མ་ཟད། དེས་གཡུལ་འགྱེད་བྱས་པའི་ཆ་ནས་བཤད་ན་མེས་རྒྱལ་གྱི་ལྷོ་ནུབ་དང་། ནུབ་བྱང་གི་ས་ཁུལ་ལས་ཀྱང་བརྒལ་མྱོང་བ་རེད།

གེ་སར་རྒྱལ་པོ་ནི་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེའི་ནང་འཁྲུངས་ཤིང་། ཁོང་འཁྲུངས་པའི་དུས་རབས་ནི་བོད་ཀྱི་རྒྱལ་རབས་སིལ་བུར་མཐོར་ནས་བོད་ཡུལ་འདི་ཁ་ཐོར་དང་ཉམས་རྒུད་དུ་འགྱུར་བཞིན་པའི་སྐབས་ཡིན། དུས་དེར་མཐའ་བཞིའི་མི་རིགས་དང་རྒྱལ་ཕྲན་དག་གིས་བོད་གཅིག་གྱུར་མིན་པའི་གོ་སྐབས་དང་བསྟུན་ནས་བོད་ལ་བརྙས་གཙེར་དང་བཙན་འཛུལ་བྱས་པ་དང་། ལ་ལ་ཞིག་སྔར་བོད་ཀྱི་དབང་འོག་ཏུ་ཡོད་ཀྱང་རྗེས་སུ་ངོ་ལོག   གེ་སར་གྱིས་སྤྱིར་བོད་གངས་ཅན་གྱི་ཡུལ་དང་། སྒོས་ཁྲ་མོ་གླིང་གི་བདེ་འཇགས་ཀྱི་ཆེད་དུ་རང་དང་བློ་མཐུན་པའི་དཔའ་བོ་ཕུ་ནུ་སུམ་ཅུ་དང་དཔའ་ཐུལ་བརྒྱད་ཅུ་སོགས་དང་ལྷན་གཅིག་ཏུ་དྲང་གཞག་བདེན་སྒྲུབ་ཀྱི་དྲག་པོ་གཡུལ་གྱི་རྒོལ་བས་ཕ་རོལ་འདུལ་བའི་བྱ་བ་འགའ་ཞིག་གིས་དུས་འདའ་བར་བྱས་ཡོད། རྒྱུ་མཚན་དེའི་དབང་གིས་ངལ་རྩོམ་མི་དམངས་ཀྱིས་གེ་སར་རྒྱལ་པོ་དེ་ཉིད་རང་གི་མགོན་སྐྱབས་ཉག་ཅིག་ཏུ་བརྩིས་ནས་ཚད་མཐོའི་གདེང་འཇོག་བྱེད་པ་མ་ཟད། ཁོང་གི་བྱས་རྗེས་ལ་བསྟོད་བསྔགས་ཚད་མེད་བྱེད་ཀྱི་ཟིན་ཡོད་པ་རེད། བོད་མི་རེའི་ཁ་ན་སྒྲུང་རེ་ཡོད་ཅེས་པའི་གཏམ་དཔེ་ལྟར་བོད་གངས་ཅན་དུ་སྐྱེས་པའི་མི་ཞིག་ཡིན་ཕྱིན་གེ་སར་ཞེས་པའི་ལོ་རྒྱུས་ཀྱི་མི་སྣ་དེ་རྒྱུས་མངའ་མེད་པ་གཅིག་ཀྱང་མེད་ལ། གེ་སར་ལ་དགའ་ཞེན་མི་བྱེད་མཁན་ཡང་ཧ་ལམ་མེད།

<<གེ་སར་རྒྱལ་པོའི་སྒྲུང་>>ཡིག་ལ་མཚོན་ན་དེ་ནི་རྩོམ་པ་པོ་འགའ་ཞིག་གིས་ཕྱོགས་རེ་བའི་ལྟ་ཚུལ་ལྟར་བརྩམས་པ་ཞིག་མ་ཡིན་པར་ངལ་རྩོལ་མི་དམངས་ཀྱིས་གེ་སར་གྱི་རླབས་ཆེན་མཛད་རྗེས་གཞིར་བཟུང་ནས་དེའི་རང་བཞིན་དྲང་པོར་བརྗོད་པ་དང་། རྨང་གཞི་དེའི་སྟེང་དུ་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་དང་། དཔལ་འབྱོར། རིག་གནས། ཆོས་ལུགས། མི་དང་མའི་དབར་གྱི་འབྲེལ་བ། འཚོ་བའི་གནས་ཚུལ། ཡུལ་སྲོལ་གོམས་གཤིས་སོགས་སྒོ་ཀུན་ནས་དྲང་པོར་བརྗོད་ཡོད་པས་བརྗོད་བྱ་དོན་གྱི་ཆ་ནས་བཤད་ན་དེ་ནི་ཤེས་བྱ་ཀུན་འདུས་ཀྱི་དཔེ་ཚོགས་ཤིག་ཡིན་པ་དང་། རྗོད་བྱེད་ངག་གི་སྦྱོར་བ་ལའང་གོ་དཀའ་བའི་བརྡ་རྙིང་དང་མངོན་བརྗོད་ཀྱིས་སྤྲས་པའི་འཕགས་པའི་རྣམ་ཐར་གྱི་འཆིང་རྒྱར་མ་ཚུད་པར་མི་དམངས་མང་ཚོགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་ཞིང་བསམ་པའི་བརྩེ་དུང་ངོ་མ་མཚོན་ནུས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་ལ། ངོ་མཚར་བའི་ལྷ་སྒྲུང་དང་། ལེགས་བཤད། གཏམ་དཔེ། ལོ་རྒྱུས་སོགས་གང་ལ་གང་འཚམ་གྱིས་སྦྱར་ཞིང་། སྒྲ་དོན་གཉིས་ལྡན་གྱི་རྒྱན་གྱིས་ལེགས་པར་སྤུད་པས། བློ་རབ་འབྲིང་ཐ་གསུམ་སུ་ཞིག་གིས་བཀླག་ཀྱང་རང་རང་སོ་སོའི་མོས་པ་དང་མཐུན་པའི་རོ་ཁྱད་པར་བ་རེ་མྱོང་རྒྱུ་ཡོད་པ་ནི་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་དང་ཉན་པ་པོ་རྣམས་ཀྱིས་མཁྱེན་གསལ་ལྟར་ཡིན།  ད་ལྟ་ཞིབ་འཇུག་བྱས་པའི་འབྲས་བུ་ལྟར་ན། གེ་སར་གྱི་སྒྲུང་དེ་ནི་བརྗོད་བྱ་དང་རྗོད་བྱེད་གྲངས་འབོར་གང་ཐད་ནས་ཀྱང་འཛམ་གླིང་དུ་གྲགས་པའི་ཧི་མའི་ལོ་རྒྱུས་སྙན་རྩོམ་ཆེན་མོད་དང་། སྨི་ཨེར་ཏེན་གྱིས་བརྩམས་པའི་ཏེ་ལོ་ཡོན་དང་ཧྲི་ལོ་ཡོན། རྒྱ་གར་གྱི་སྙན་ངག་ཆེན་མོ་རཱ་མ་ནའི་རྟོགས་བརྗོད་དང་མ་ཧཱ་བྷ་ར་ཏ་སོགས་ལས་ཀྱང་ཁྱད་དུ་འཕགས་པའི་འཛམ་གླིང་གི་སརྒ་ཆེན་རིང་བ་དང་བརྗོད་དོན་ཆེས་ཟབ་པའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞིག་རེད་ཅེས་ཁ་ཚོན་བཅད་ཆོག་ལ། གེ་སར་དང་གེ་སར་གྱི་སྒྲུང་ལ་ཞིབ་འཇུག་བྱེད་རྒྱུ་དེའང་རང་རེ་བོད་གངས་ཅན་གཅིག་པུ་དང་ཡང་ན་རང་རེའི་རྒྱལ་ཁང་གཅིག་པུའི་རིག་རྩལ་ཐད་ཀྱི་བྱ་བ་ཙམ་མ་ཡིན་པར། འཛམ་གླིང་ལོ་རྒྱུས་ཀྱི་ལས་དབང་དང་འབྲེལ་བའི་བྱ་བ་ཞིག་རེད།

དེ་ལྟར་ཚིག་གི་སྤྲོས་པ་ལ་ཅུང་ཟད་ཞུགས་ནས། དེ་ནི་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དངོས་ངོས་འཛིན་པར་བྱེད་པ་ལ། ཇི་སྐད་དུ་<<ངོ་མཚར་རྟོགས་བརྗོད་བརྡ་གསང་ནོར་བུའི་མེ་ལོང་>>ལས། འདམ་གྱི་པདྨོ་སྣང་བའི་དང་པོ་ལ། གློག་ཕྲེང་མེ་ལོང་དམར་པོའི་དཀྱིལ་དུ་ཤར།ཞེས་གསུངས་པ་དང་། <<མདོ་སྨད་ཆོས་འབྱུང་>>ལས། གེ་སར་གྱི་འཁྲུངས་ས་རྒྱུ་དར་གྱི་དར་ས་ནག་ལུང་བ་ཡིན་ཡང་ཟེར་ཞེས་གསུངས་པ་ལྟར། གེ་སར་གྱི་འཁྲུངས་ཡུལ་ངོམ་དེ་ད་ལྟའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལེགས་རྫོང་ཁོངས། རྒྱུ་དར་གྱི་དར་ས་ནག་ལུང་པ་ཡིན་ནོ། དེ་ཡང་བརྡ་གསང་ལས་བསྟན་པའི་འདམ་དང་། དོན་དངོས་ལ་ཡོད་པའི་ས་ནག་གཉིས་དོན་གཅིག  བརྡ་གསང་གི་པདྨོ་དང་། དོན་དངོས་ཀྱི་གེ་སར་གཉིས་དོན་གཅིག་<<བརྡ་གསང་>>གི་སྣང་བ་དང་། དོན་དངོས་ཀྱི་འཁྲུངས་པ་གཉིས་དོན་གཅིག་བཅས་ཡིན་པ་སྟེ། འཁྲུངས་སའི་ཡུལད་ང་། འཁྲུང་བྱའི་མི། འཁྲུངས་པའི་བྱ་བ་བཅས་གོ་རིམ་མ་ནོར་བར་བསྟན་པ་ཡིན་ནོ། <<གློག་ཕྲེང་>>སོགས་ལ་འང་བརྡ་གསལ་པོར་དཀྲོལ་རྒྱུ་ཡོད་ན་འང་། རེ་ཞིག་སྐབས་སུ་མ་བབས་པའོ། སྤྱིར་<<བརྡ་གསང་>>གི་དོན་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་ལ། དེའི་ཚིགས་འབྲུ་རེ་རེ་དང་རྐང་པ་རེ་རེ་བཞིན་གེ་སར་རྒྱལ་པོའི་ཕྱི་ནང་གསང་བའི་རྣམ་ཐར་སོ་སོར་དངོས་ཤུགས་དང་དྲང་ངེས་ཅི་རིགས་ཀྱི་སྒོ་ནས་སྦྱར་ཡོད་པས། དྲི་མ་མེད་པའི་ཤེལ་གོང་ལ་སྣང་བྱེད་ཀྱི་འོད་ཕོག་མ་ཐག་ཏུ་ལྔ་ལྡན་གྱི་འཇའ་ཟེར་འཕྲོ་བ་ནི་དངོས་པོའི་གཤིས་ལུགས་སོ། ཡིན་ནའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་མ་འདྲེས་པར་འབྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ལས། ཐམས་ཅད་ཉོག་པར་བསྲེས་ན་མགོ་འཐོམ་པར་འགྱུར་རོ། ཞིབ་དུ་བསམ་ན་འདིའི་ཁ་བྱང་གི་སྐབས་ཀྱི་<<བརྡ་གསང་>>སོགས་ཡིག་འབྲུ་རེ་རེ་ལའང་ཁྱད་པར་ཅན་གྱི་རེ་རེ་མྱོང་རྒྱུཐ??ཡོད་མོད་ཀྱང་། འདིར་སྤྲོས་པའི་དགོས་པ་མ་མཆིས་སོ།།

དེ་ཡང་ཁ་ཅིག་གིས་ཁྱོད་ཀྱིས་<<བརྡ་གསང་>>གི་རྐང་པ་གཅིག་ཙམ་ལ་བརྟེན་པ་ལས་གཞན་ལུང་གི་སྒྲུབ་བྱེད་དང་དོན་དངོས་ཀྱི་སྒྲུབ་བྱེད་ཡོད་དམ་ཞེས་འདྲི་ན། དེ་ཡང་ཡོད་དེ་གཤམ་དུ་གཟིགས་པར་ཞུའོ།།

དྲུག་པ།

གེ་སར་མགོ་ལོག་ཏུ་འཁྲུངས་བའི་ལུང་གི་སྒྲུབ་བྱེད། <<མདོ་སྨད་ཆོས་འབྱུང་>> ལས། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་གེ་སར་རྒྱལ་བོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་བོ་ཚུགས་ཁ་མའི་དྲུག་ཅུའི་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་། སྨྲི་ཏི་ཛྙཱ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས། འཁྲུངས་ས་ཡང་ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོང་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་དར་ས་ནག་ལུང་བ་ཡིན་ཡང་ཟེར། གང་ལྟར་འདིའི་ལོ་རྒྱུས་ལ་འདྲ་མིན་མང་པོ་སྣང་ཡང་། ད་ལྟར་ས་འདི་ཕལ་ཆེར་མགོ་ལོག་གིས་བཟུང་ཞེས་དང་། རྒྱལ་དབང་ལྔ་པའི་རང་རྣམ་<<དུ་ཀུ་ལའི་གོས་བཟང་>>ལས། མཚོ་སྐྱ་རིང་ནས་རིམ་གྱིས་བྷོ་རོ་ཇོར་སླེབས། གེ་སར་གྱི་དུས་ཧོར་དམག་གིས་རི་ཀླུང་གང་ཟེར་བའི་ཨབ་ཕྱི་དུག་ཐང་བརྒྱུད་ཨ་ལག་ཤ་མི་ཆ་གན་ཁུ་ཐུལ་དུ་དཔོན་པོ་ཁག་གི་རྔ་མོང་སྐྱེལ་མི་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྐུར། གེ་སར་གྱི་མཛོ་འདོགས་ས་ཡིན་ཟེར་བའི་རི་དེའུ་ཞིག་གི་ཉེ་འགྲམ་སྤང་སྔོན་པོ་ལ་བྲག་དཀར་པོ་སྲོག་ཆགས་ཀྱི་རྣམ་པ་འབུར་དུ་དོད་པའི་ས་འཛིན་མཛོ་ཁྲ་ལྡིངས་སུ་སླེབས་ཞེས་དང་། བྲག་དཀར་དགེ་བཤེས་བློ་བཟང་དཔལ་ལྡན་གྱི་རང་རྣམ་དུ། ད་ལྟ་མགོ་ལོག་གིས་བཟུང་ཡོད་པའི་རྨ་ཡུལ་འདི་ནི་སྔར་ཁྲ་མོ་གླིང་གི་ཡུལ་ཡིན་པར་བཤད་ཅེས་གསུང་པ་དང་། དེང་དུས་ཀྱི་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས་བརྩམས་པའི་<<གླིང་གེ་སར་གྱི་བྱུང་བ་མདོར་བསྡུས་>>ལས། དེ་ཡང་གླིང་གི་མི་རྒྱུད་ནི། བོད་མིའུ་ལྡོང་དྲུག་གི་ནང་ཚན་ལས། སྨུག་པོ་ལྡོང་གི་རིགས་རྒྱུད་རེད། ལྡོང་‘ར་ཁྲ་རྒན་པོ་’ལ་བུ་གསུམ་བྱུང་བ་རྣམས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་བསྡད་པ་ལ་མི་རྒྱུད་མང་དུ་འཕེལ་ཏེ་སྡེ་ཆེན་པོར་ཆགས། དེ་ནས་བཟུང་བུ་སྐྱེས་པ་སྟག་ཤར་དཔའ་བོ་ཤ་སྟག་བྱུང་། ལྡོང་ཆོས་འཕེན་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་ལས། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ནས་མི་རྒྱུད་རབ་ཏུ་འཕེལ་ཏེ། སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། ཞེས་དང་། ཡང་གླིང་གི་སེང་བློན་ཟེར་བས་རྒྱ་བཟའ་ལྷ་སྐྱིད་སྒྲོལ་མ་དང་། འགག་བཟའ་གཉིས་བག་མར་བླངས་པས། རྒྱ་བཟའ་ལ་དཔའ་བོ་རྒྱ་ཚ་ཞལ་དཀར་འཁྲུངས། འགག་བཟའ་ལ་གླིང་རྗེ་གེ་སར་འཁྲུངས། འཁྲུངས་ཡུལ་ནི་ཁམས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་རེད་ཟེར་ (ཁམས་ནི་རྨ་རྫ་འབྲི་གསུམ་སྤྱི་ལ་གོ་དགོས་པ་དང་། སྐྱིད་སོས་ཡག་གི་ཁ་མདོ་ཟེར་བའང་མིང་དངོས་མིན་པར་རྩྭ་ཆུ་ལྷས་གསུམ་འཛོམ་པས་སྐྱི༵ད་པ་དང་དཔྱིད་དུས་ཕྱུགས་ཟོག་ལ་ཤ་ཤེད་འབུད་སྔ་བས་སོ༵ས། རི་ཆུའི་དཔྱད་པ་ལེཊ་པས་ཡ༵ག་བཅས་སུ་གོ་དགོས་པ་ནི་འབྲེལ་ཡོད་ཀྱི་དཔྱད་གཞི་མང་པོ་ལས་ཤེས་ཐུབ་པ་ཡིན་—རྩོམ་མཁན་གྱི་མཆན་)ཞེས་དང་། ཡང་དེ་ནས་ཇོ་རུ་ལག་ཆགས་པའི་སྐབས་སུ། གླིང་སྡེའི་དཔོན་ཁྲོ་ཐུང་གིས་ཇོ་རུ་བློ་རིག་ཅན་ཞིག་ཡིན་པ་མཐོང་སྟེ། འདི་ཆེར་སྐྱེས་དུས་དཔོན་ས་འཕྲོག་ཉེན་ཡོད་སྙམ་ནས། འགག་མི་འདྲེ་མོ་རེད་ཟེར་ནས། འགག་མོ་མ་བུ་གཉིས་རྨ་སྨད་གཡུ་ལུང་སུམ་མདོར་རྒྱང་འབུད་བཏང་།ཞེས་དང་། ཡང་མཚོ་སྐྱ་རེངས་དང་སྔོ་རིང་གཉིས་ཀྱི་བར་དུ་འབྲུག་མོའི་གསེས་མཁར་དང་། ཆུ་ཁུར་སའི་རྡོ། སྐྱ་ལོའི་གཡག་རྔའི་ལབ་རྩེ། ཕོ་བྲང་སྟག་རྩེའི་མཁར་ཤུལ་ཡོད་ཅེས་དང་། ཡང་མགོ་ལོག་གི་གླིང་བླ་མ་ཆོས་རྡོར་ཡང་གླིང་གི་རྒྱུད་པ་ཡིན་གཤིས། གླིང་བླ་མ་ཞེས་འབོད། དེ་གའི་གླིང་སྐོར་ཞེས་པའི་རུ་སྡེ་དེ་ཡང་གླིང་གིས་སྡེ་ལྷག་ཡིན་འདུགཅེས་དང་། ཡང་ ཁྲ་གླིང་དགོན་པའི་ཐག་ཉེ་ས་རྒྱུ་དར་གྱི་ནག་ལུང་མདོ་ན། གེ་སར་གྱི་མཁར་ཤུལ་ཡོད་ཅེས་དང་། ཡང་རྨ་ཆུ་དང་ཁོ་ཆུ་འདྲེས་མཚམས་ཁོ་མདོ་ཟེར་བའི་ས་ཆ་ན་ཁྲོ་ཐུང་གི་ཕོ་རོག་སྙིང་རྫོང་གི་མཁར་ཤུལ་ཡོད་ཅེས་དང་། ཡང་རྨ་སྟོད་སྨད་བར་གསུམ་དབང་དུ་བསྡུས་ཞེས་པ་ནི། རྨ་ཆུའི་ཆུ་མགོ་ནས་བཟུང་སྟེ། ཟ་ལར་ཁོག་ཡར་མར་ནི་དབང་སྒྱུར་ཡུལ་རྨ་ཆུའི་རྒྱུད་ཡིན་འདུག་ཅེས་དང་། ཡང་མཛོད་དགེ་སྟོད་ཡན་ཆད་རྨ་སྟོད་དུ་བརྩི་བ་ཡིན་ཏེ། གླིང་དཀར་སྟོད་ཟེར་བ་ནི་གླིང་གིས་བཟུང་བའི་ས་ཡིན་པས། གླིང་དཀར་དང་རྨ་སྟོད་དུ་བརྩིས་པས། སྟོད་ཟེར་བ་ཡིན་འདུག   ར་རྒྱ་དགོན་ཡར་མར་ལ་རྨ་སྐེད་དུ་བརྩི། ཟ་ལར་ཡར་མར་ལ་རྨ་སྨད་དུ་བརྩི་ཞེས་སོགས་གསལ་པོར་འཁོད་འདུག་པ་འདི་ཚོས་གེ་སར་གྱི་འཁྲུངས་ཡུལ་ཐད་འགྱུར་བ་མེད་པའི་ལུང་གི་སྒྲུབ་བྱེད་བཞག་ཡོད།

བདུན་པ།

གེ་སར་མགོ་ལོག་ཏུ་འཁྲུངས་པའི་དོན་དངོས་ཀྱི་སྒྲུབ་བྱེད་ནི།

གཅིག   ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ན་ཡོད་པའི་གླིང་གི་ཤུལ་རྗེས་(མི་རྗེས་རྟ་རྗེས་སོགས་དང་། རྫུ་འཕྲུལ་བསྟན་པའི་ཤུལ་སོགས་མང་པོ་ཡོད་ཀྱང་དེ་དག་ལ་ངེས་པ་མེད་པས་འདིར་འགོད་པའི་ངལ་བ་མ་བྱས་སོ།)

1.སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་མཁར། རྨ་ཆུའི་སྟོད་རྒྱུད་སྲིབ་ཕྱོགས་བལ་ལྦོའི་སྟག་གཟིག་སུམ་མདོ་ན་ཡོད། ད་ལྟ་མཁར་ཤུལ་གྱི་རྩིག་པ་དངོས་སུ་ཡོད་ལ། དེ་དང་ཉེ་བའི་ས་ན་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་རླངས་ཨ་མི་བྱང་ཆུབ་འདྲེ་ཁོལ་གླིང་ཡུལ་དུ་ཕེབས་དུས་ཕ་བོང་རྟ་འདྲ་བ་ལ་ཆིབས་ནས་ཕྱོགས་བཞིའི་གདོན་ཆེན་བཞི་བཏུལ་བའི་ཕ་བོང་དེ་དེ་ཡིན་ཟེར་ནས་ད་དུང་མི་རྣམས་ཀྱིས་མཆོད་བསྟོད་བྱེད་བཞིན་ཡོད།(ད་ལྟ་དར་ལེགས་རྫོང་ཁོངས)

2.སེང་བློན་གྱི་མཁར། རྨ་ཆུའི་སྲིབ་རྒྱུད་ཀྱི་རྒྱུ་དར་གཉིས་ཞེས་པའི་རྒྱུ་མདོ་ན་ཡོད། ད་ལྟ་དར་ལེགས་རྫོང་གི་གྲོང་བརྡལ་ཆགས་ནས་མཁར་ཤུལ་བརླག་སོང་ནའང་། ད་དུང་ས་བརྐོ་རྡོ་སློག་བྱེད་པའི་སྐབས་སུ་རྡོ་རྩིག་དང་། མི་རུས། རྫ་ཆས། ལྕགས་ཆས་སྣ་ཚོགས། གཟི་མཆོང་སོགས་ཐོན་རྒྱུ་ཡོད། དེ་དང་ཤིན་ཏུ་ཉེ་བའི་སར་མཁའ་རེའི་ཕུག་པ་ཞེས་པའི་དགོན་ཤུལ་རྙིང་པ་ཞིག་ཡོད་པ་དེ་གེ་སར་གྱི་སྒྲུབ་ཕུག་ཡིན་ཟེར། (ད་ལྟ་དར་ལེགས་རྫོང་ཁོངས་)


3.ཁྲི་ཐུང་གི་མཁར། རྨ་ཆུའི་སྟོད་རྒྱུད་ཀྱི་ཉིན་ཕྱོགས་ཁོ་ཆུ་དང་རྨ་ཆུ་འདྲེས་མཚམས་ཁོ་མདོ་ལི་མའི་གདོང་ཟུར་ན་ཡོད། ད་ལྟ་མཁར་ཤུལ་ཡོད་ལ། མང་ཚོགས་ཀྱི་ངག་རྒྱུན་དུ་རྨ་ཆུ་གཡས་ནས་འབབ་ས། ཁོ་ཆུ་གཡོན་ནས་འབབ་ས། ཁོ་མདའ་ལི་མའི་གདོང་ཟུར། མཁར་མི་འགྱུར་ཕོ་རོག་སྙིང་རྫོང་ཡིན་ཞེས་བཤད་སྲོལ་ཡོད་ལ། གནའ་སྔ་མོ་དེ་དང་ཉེ་བའི་རྨ་ཆུའི་འགྲམ་དུ་ཁྲོ་ཐུང་གི་གྲུ་ཡིན་པར་གྲགས་པའི་གནའ་བོའི་ཤིང་གྲུ་མཚར་པོ་ཞིག་ཡོད་པར་འདུག་ཀྱང་། ཕང་པ་ཞིག་ལ་མ་ཇག་གིས་མེར་བསྲེགས་སྐད།(ད་ལྟ་དགའ་བདེ་རྫོང་ཁོངས་)

4.རྒྱ་ཚ་ཞལ་དཀར་གྱི་མཁར། སེང་བློན་གྱི་མཁར་ཤུལ་ལས་ཤར་དུ་སྐྱོད་ན་སྤྱི་ལེ་བཞི་བཅུ་ཡས་མས་ཡོད་པའི་རྨ་སྲིབ་ཀྱི་ག་ཝོ་ལུང་བའི་ཆུ་དང་རྨ་ཆུ་འདྲེས་མཚམས་ན་ག་ཝོའི་རྒྱ་སྒོ་ཞེས་པའི་རྒྱ་ཚའི་མཁར་ཤུལ་ཡོད། མཁར་གྱི་རྩིག་པའི་ཕྱོགས་བཞི་ས་འབུར་གྱི་རྣམ་པར་ཡོད་ལ་དཀྱིལ་ལ་མི་རྟ་མང་པོ་སྐུང་ཆོག་པས། སྐུ་མཁར་ཡང་ཟེར། (ད་ལྟ་དར་ལེགས་རྫོང་ཁོངས)

5.གེ་སར་གྱི་མཁར། སེང་བློན་གྱི་མཁར་ལས་ནུབ་ཕྱོགས་སུ་སྐྱོད་ན་སྤྱི་ལེ་བཅུ་ཕྲག་གསུམ་ཡས་མས་གྱི་ས་ནག་རྒྱུ་གཉིས་ལས་དར་གྱི་ས་ནག་ལུང་པ་ན་གེ་སར་གྱི་མཁར་ཤུལ་ཡོད། མང་ཚོགས་ཀྱི་ངག་རྒྱུན་དུ། ས་ཡ་ད་སྐྱིད་པའི་དར་དང་གཅིག    མ་ད་སོས་པའི་རྒྱུ་དང་གཉིས། སྐྱིད་སོས་ཡག་གི་ཁ་མདོ། ཆུ་གཉིས་ཆབ་མ་སྒྲོག་འདྲ། བྲག་གཉིས་མདའ་སྒྲོ་གཤིབ་འདྲ། སྤང་གཉིས་བལ་སྟན་བཏིང་འདྲ། གེ་སར་རྒྱལ་པོའི་འཁྲུངས་ས། རྐྱང་རྒོད་འཕེལ་པོའི་རྒྱུག་ས། སེང་ལྕམ་འབྲུག་མོའི་རྩེ་ས། མཁའ་འགྲོ་སྟོང་གི་འདུ་ས། དཔལ་བདེ་མཆོག་ནོར་བུའི་གདན་ས་ཞེས་རླུང་ལྟར་སྒྲོག་བཞིན་ཡོད། དེ་དང་ཉེ་བའི་ས་ན་གསང་སྔགས་རྙིང་མའི་དགོན་པ་ཞིག་ཡོད་པ་ལ་ཁྲ་གླིང་དགོན་པ་ཟེར་(ད་ལྟ་སྒོ་ཕྱེས་ཡོད་པ་དང་། རུ་སྡེ་ཆེན་པོ་ཞིག་ཡོད་པ་ལ་ཁྲ་གླིང་སྡེ་པ་ཟེར་)(ད་ལྟ་དར་ལེགས་རྫོང་ཁོངས)

6.རོང་ཚ་དམར་ལེབ་ཀྱི་མཁར། སེང་བློན་གྱི་མཁར་གྱི་དྲང་ཐད་རྨ་ཉིན་གྱི་བ་ཡན་ཅི་རེའི་ཉེ་འདབས་ན་ཡོད། ལ་ལས་གླིང་གི་མཆིག་མཁར་སང་གི་ས་ཡིན་ཟེར་ཡང་། གང་ལྟར་སྔར་གྱང་ལྷག་གི་ཤུལ་མཐོང་རྒྱུ་ཡོད་ཟེར་ཡང་། ད་ལྟ་ཞིབ་ཏུམ་ལྟས་ན་མི་མངོན་མོད། སྤྱི་ཚོགས་རྙིང་པའི་ནང་རོང་ཚ་གེ་འཕེན་གྱི་སྤྲུལ་སྐུ་ཡིན་ཟེར་བའི་སྒྲུང་མཁན་མཁས་པ་བླ་མ་དགའ་རབ་ཀྱིས་(དེས་བརྩམས་པའི་སྒྲུང་ཡིག་མང་)མཁར་ཤུལ་དེ་ནས་གནའ་རྫས་མང་པོ་རྙེད་མྱོང་ཟེར། (ད་ལྟ་དགའ་བདེ་རྫོང་ཁོངས)

7.ཚ་ཞང་འདན་མ་བྱང་ཁྲའི་མཁར། རྨ་སྲིབ་ཀྱི་རྨ་ཆུ་ར་གླིང་གོར་ཟེར་བའི་ཐང་ན་ཡོད་ལ་གོང་གི་རྒྱ་ཚའི་མཁར་ཤུལ་ནས་ཤར་ཕྱོགས་སུ་སྤྱི་ལེ་བརྒྱ་ཕྲག་ལ་ཉེ་བ་ཞིག་བགྲོད་པའི་ས་ན་ཡོད་ཟེར། ད་ལྟ་མཁར་ཤུལ་ཡོད་པར་མ་ཟད་ས་དེ་ནས་མདེའུ་མིའི་ལག་མགོ་ཙམ་པ་མང་པོ་དང་། ལྕགས་ཀྱི་གནའ་རྫས་རྙེད་མྱོང་མཁན་ཡོད་ཟེར། (ད་ལྟ་དར་ལེགས་རྫོང་ཁོངས)

8.སྐྱ་ལོའི་མཁར། མཚོ་སྐྱ་རིང་དང་སྔོ་རིང་བར་ན་འབྲུག་མོའི་གསེར་མཁར་དང་འབྲུག་མོའི་ཆུ་ཁུར་སའི་རྡོ། སྐྱ་ལོའི་གཡག་རྔའི་ལབ་རྩེ། ཕོ་བྲང་སྟག་རྩེའི་མཁར་ཤུལ་བཅས་ཡོད། (ད་ལྟ་རྨ་སྟོད་རྫོང་ཁོངས)

9.དཔལ་མོ་ཨ་སྟག་ལྷ་མོའི་མཁར། སྤྱི་དཔོན་གྱི་མཁར་ཡོད་ས་ནས་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་དུ་མ་སོང་མཚམས་ན་ཁང་ལུང་ཟེར་བའི་ལུང་ཆེན་ཞིག་ཡོད། དེའི་སྦུབས་ན་རྡོ་མཁར་གྲུ་བཞི་ཆེན་པོ་ཞིག་གི་ཤུལ་དང་། རུས་པའི་གསལ་མཁར་ཆེན་པོའི་ཤུལ། ཕྱུགས་ཀྱི་ཐེ་ཁེ་(རུས་ཚིགས་བར་གྱི་རུས་པ་ཞིག་)སྤུང་བའི་ཤུལ་སོགས་དངོས་སུ་ཡོད་པ་ནི་བྱང་རི་ཤིའི་རྔོན་པ་ཨ་སྟག་ལྷ་མོའི་མཁར་ཤུལ་ཡིན་ཟེར། མི་རྣམས་ཀྱིས་ཀླུ་མོའི་(ཨ་སྟག་ཀླུ་མོ་ཡང་ཟེར།)ཤ་མཁར་ཞེས་འབོད་བཞིན་ཡོད། (ད་ལྟ་དར་ལེགས་རྫོང་ཁོངས་)

10.མུ་སྟེགས་སྒོམ་པ་ར་ཙའི་སྒྲུབ་ཕུག    སྤྱི་དཔོན་གྱི་མཁར་ཤུལ་དང་ཉེ་བའི་བལ་ལྦོའི་མཚོ་ལུང་གི་ཕུག་ན་སྒྲུབ་ཕུག་མང་པོ་ཞིག་ཡོད་པ་གླིང་གི་ཕུ་ནུ་རྣམས་ཀྱི་སྒྲུབ་ཕུག་ཡིན་ཟེར་ལ། ཡང་དེ་དང་ཉེ་བ་ན་ཕ་བོང་ཆེན་པོ་དཀྱིལ་གས་པ་ཞིག་གིས་སྒོ་གཏན་པའི་ཕུག་པ་གཏིང་ཟབ་ཅིང་མུན་པས་གཏིབ་པ་ཞིག་ཡོད་པ་ལ་ཕལ་ཆེ་བས་བོན་གཡུང་དྲུང་ཤིང་ནག་མེ་འབར་གྱི་སྒྲུབ་ཕུག་ཡིན་ཟེར་ཡང་དོན་དུ་མཐུ་མུ་སྟེགས་སྒོམ་པ་ར་ཙ་ཞེས་གེ་སར་གྱི་ཆུང་དགྲ་ཞིག་ཡོད་པ་དེའི་མཁར་ཡིན་ཟེར། (ད་ལྟ་དར་ལེགས་རྫོང་ཁོངས་)

གཉིས། ད་ལྟ་མགོ་ལོག་གི་ས་ཁོངས་ན་ཡོད་པའི་གླིང་སྒྲུང་དང་མཐུན་པའི་རི་ཆུ་མཚོ་གསུམ་གྱི་མིང་ངོ་མ། (མིང་ཟུར་མཐུན་པ་ཙམ་བགྲང་གིས་མི་ལང་ནའང་འདིར་བྲིས་མེད)

1.རྨ་ཆེན་གངས་རི། གླིང་སྒྲུང་ཐམས་ཅད་ལས་གེ་སར་གྱི་སྐྱེས་ལྷ་དང་གླིང་དཀར་གྱི་བླ་རི་ཡིན་པར་བཤད་པའི་ཨ་མྱེ་རྨ་ཆེན་གྱི་གངས་རི་དེ་མགོ་ལོག་རྨ་ཆེན་རྫོང་ཁོངས་ན་ཡོད། ཆོས་ལུགས་པ་རྣམས་ཀྱིས་གེ་སར་དེ་རྨ་ཆེན་གངས་ཀྱི་ཕོ་བྲང་ན་དངོས་སུ་བཞུགས་ཡོད་པར་འདོད། གེ་སར་སྐུ་གཤེགས་དུས་ཀྱང་ཨ་མྱེ་ཆེན་གྱི་ཐུགས་ཀ་ཡིད་བཞིན་འཁོར་ལོ་ནས་འཇའ་ལུས་སུ་དེངས་ཟེར།

2.རྨ་ཆུ། རྨ་ཡུལ་མཐོང་བ་ཀུན་སྨོན་ཞེས་གླིང་གི་ཆགས་ཡུལ་གཙོ་བོ་རྨ་ཆུའི་རྒྱུད་ཡིན་ལ། ཡང་རྨ་སྟོད་རྫོང་ཁོངས་ནས་དར་ལེགས་རྫོང་དང་དགའ་བདེ་རྫོང་། གཅིག་སྒྲིག་རྫོང་། རྨ་ཆེན་རྫོང་བཅས་མངའ་ཁོངས་བརྒྱུད་འབབ་པ་ཡིན།

3.རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག   གླིང་སྒྲུང་གཙོ་ཆེ་བ་རྣམས་ལས་བྱུང་བའི་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་དང་། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་བཅས་རི་བོ་མིང་གྲགས་ཅན་ཉེར་གཉིས་པོ་མགོ་ལོག་གི་ཁོངས་ན་ཡོད། དེ་དག་རེ་རེ་ལ་གླིང་སྒྲུང་ལས་བྱུང་བའི་ངག་རྒྱུན་དང་། ཕལ་ཆེ་བའི་ཁོར་ཡུག་ཏུ་གླིང་དཔའ་ཐུལ་གྱི་མཛད་འཕྲིན་གྱི་རྗེས་ཤུལ་རེ་མེད་པ་མེད། དེ་ཡང་རེ་རེ་ནས་བགྲང་ན་འདི་ལྟ་སྟེ། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་ནི། ཧུ་ལ་སྟག་རྩེ་དང་། དཀར་ལི་ལྷ་རྩེ། ཀླུ་ནག་མདུང་རྩེ། བུང་ཚང་གཡུ་རྩེ། རྡོ་ནག་གདོང་རྩེ། གཡག་རྔའི་ལབ་རྩེ། དམར་ལ་མཚལ་རྩེ། མཛོ་མོ་རུ་རྩེ། མཚོ་བར་དཀར་རྩེ། ཡག་ར་སྟག་རྩེ། སྤ་ལ་སྟག་རྩེ། བྱེ་མ་སྟག་རྩེ། བྲག་དཀར་ལྷ་རྩེ་བཅས་དང་། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་ནི། བྲག་རའི་མར་སྒམ་མཐོན་པོ། ཁོ་ཆུའི་ཤིས་སྙིང་མཐོན་པོ། ཆ་ཡི་དུང་རི་མཐོན་པོ། ཆུ་དཀར་གསལ་རི་མཐོན་པོ། བ་ཡན་ཅི་རི་མཐོན་པོ། དྭངས་ཀྱི་རི་དམར་མཐོན་པོ། དབྱིག་གི་ནོར་བུ་མཐོན་པོ། མུན་མོའི་གསེར་ཏེས་མཐོན་པོ། སྒྲོག་འཛོང་རི་ཕྱོར་མཐོན་པོ་བཅས་ཡིན་ནོ།།

4.མཚོ་སྐྱ་རེངས་དང་སྔོ་རེངས། མཚོ་སྐྱ་སྔོ་གཉིས་པོ་དེ་མང་ཚོགས་ཀྱི་ངག་རྒྱུན་དུ་སྐྱ་ལོ་དང་སྔོ་ལོའི་མིང་ལས་ཐོགས་པར་བཤད་པ་ཡང་དེའི་ཁོར་ཡུག་ན་སྐྱ་ལོའི་མཁར་ཤུལ་སོགས་ཡོད་པ་གོང་དུ་བཤད་ཟིན་ལ། སྤྱིར་མི་མིང་ས་ཆུ་ལ་འདོགས་པའི་ལུགས་སྲོལ་དེ་དེང་སང་ད་དུང་མགོ་ལོག་ན་ཁྱབ་ཧ་ཅང་ཆེ་བས་སྒྲུབ་བྱེད་ཀྱི་རྒྱུ་མཚན་ངེས་ཅན་ཞིག་ཡོད་པར་སེམས།(མཚོ་འདི་གཉིས་རྨ་སྟོད་རྫོང་ཁོངས་ན་ཡོད)

5.གཞན་ཡང་། ཨ་བཞིའི་དེའུ་དང་། ཀུ་ར་རྫ། ལྷ་དེའུ་དང་ཀླུ་དེའུ་བཅས་གླིང་གི་རྟ་རྒྱུག་རྒྱལ་འཇོག་བྱེད་སའི་གནས་དང་། ཧོར་གླིང་གཡུལ་འགྱེད་སོགས་མང་པོ་ལས་བྱུང་བའི་ཐོག་ལའི་ལ་རྒྱུད་རིང་མོ་དང་། རྨ་ཕུ་དྲུག་དར་ལུང་ཕྱུག་མོ། རྨ་དྲོ་དྲོ་ལུ་གུའི་མཁལ་ཁུག    རྨ་ཆུ་རའི་ལྷ་ཐང་ཁྲ་མོ། བྱང་ཉ་ཆག་ཕུ་དྲུག་ལུང་པ། རྨ་ཉིན་གྱི་བྲག་ར་དགུ་སྐོར། རྨ་སྲིབ་ཀྱི་ལུང་ཆེན་བཅོ་བརྒྱད། ཁོ་མདའ་ལི་མའི་གདོང་ཟུར། རྨ་ཆུའི་སྐྱང་རབ། སྦེན་མའི་བྱེ་རབ། འོམ་བུའི་མཚལ་རབ་སོགས་རྨ་ཆུའི་རབ་ཆེན་གསུམ་བཅས་མང་པོ་ཞིག་མིང་ཟུར་ཙམ་ཡང་མ་འགྱུར་བར་ཡོད་དོ།།

6.ལྷག་པར་གལ་ཆེ་བ་ཞིག་ནི<<མདོ་སྨད་ཆོས་འབྱུང་>>ལས་གེ་སར་གྱི་འཁྲུངས་ཡུལ་རྒྱུ་དར་གྱི་དར་ས་ནག་ལུང་པ་ཡིན་ཞེས་པའི། རྒྱུ་དང་། དར་དང་། དར་ས་ནག་ལུང་པ་(སྐྱིད་སོས་ཡག་གི་ཁ་མདོ་ཞེས་པའི་ཆེ་བཤད་ཀྱི་སྲོལ་དང་བཅས་)རྣམས་མིང་གི་ཆ་ཤས་ཕྲ་མོ་ཡང་མ་འགྱུར་བར་ལྷན་གཅིག་ཏུ་མགོ་ལོག་དར་ལེཊ་རྫོང་ཁོངས་ན་ཡོད་པ་སྟེ། དར་ལེགས་རྫོང་གི་མིང་ཡང་དར་ལུང་པའི་མིང་གིས་ཐོགས་པ་དང་རྫོང་གནས་ཡུལ་ལ་རྒྱུ་སྨད་ཅེས་(达日县、吉迈)ཐོགས་པའི་རྒྱུ་མཚན་ཡང་རྒྱུ་ཆུའི་འགྲམ་སྨད་དེ་ཆུ་བོའི་སྨད་ཕྱོགས་སུ་ཆགས་པས་སོ།།

གསུམ། མགོ་ལོག་གི་ཁོངས་ན་ཡོད་པའི་གླིང་གི་སྡེ་ལྷག་དང་རུས་རྒྱུད་ཀྱི་སྐོར།

1.ཁྲ་གླིང་སྡེ་བའི་གླིང་སྐོར། སྤྱིར་མགོ་ལོག་ན་རུས་རྒྱུད་གླིང་ཡིན་པའི་ཁྱིམ་རྒྱུད་ཤིན་ཏུ་མང་མོད་ཀྱང་། གླིང་ཤ་སྟག་འདུས་སྡོད་བྱས་པའི་ཚོ་པ་ནི་ཁྲ་གླིང་ཚོ་པ་ཡིན། དེའི་དགོན་པ་ལའང་ཁྲ་གླིང་དགོན་པ་ཟེར་ཞིང་། ཆོས་ལུགས་རྙིང་མ་ཡིན། མཁས་པའི་དབང་པོ་གླིང་གཏེར་སྐུ་ཕྲེང་རིམ་བྱོན་དང་གླིང་བླ་མ་ཆོས་ཀྱི་རྡོ་རྗེ་སོགས་སྡེ་པ་འདིར་འཁྲུངས་ཤིང་། དེ་དག་གི་རྣམ་ཐར་དུའང་ཁྲ་མོ་གླིང་གི་མི་རྒྱུད་ཡིན་ཚུལ་གསལ་པོར་འཁོད་པ། འདི་ད་ལྟ་རྒྱུ་དར་གཉིས་སོགས་རྨ་སྲིབ་ཀྱི་ཆུ་རྒྱུད་འདི་རང་ལ་ཡིན། (ད་ལྟ་དར་ལེགས་རྫོང་ལ་གཏོགས)

2.གླིང་ནག་ཚོ་པ། དེ་ད་ལྟ་དགའ་བདེ་རྫོང་ཁོངས་སུ་ཡོད་ཅིང་། དེ་དག་གི་སྔ་རབས་པ་རྣམས་ཀྱིས་ཁོང་ཚོ་ནི་གླིང་སྟག་རོང་ནག་པོའི་མི་རྒྱུད་ཡིན་ཞེས་བཤད་སྲོལ་ཡོད་ཟེར།

3.གཞན་ཡང་མགོ་ལོག་འདིར་སྐྱ་ཤུལ། ནག་ཤུལ། སྔོ་ཤུལ། སེར་ཤུལ། དམར་ཤུལ། ཁྲ་ཤུལ། ལྕགས་ཤུལ། རག་ཤུལ། མཁར་ཤུལ་སོགས་ཚོ་ཆེན་དང་ཚོ་ཕྲན་མང་པོ་ཞིག་ཡོད་པ་ལས། ད་ལྟ་ཚོ་པ་རེར་མང་བ་ལ་མི་ཁྱིམ་བརྒྱ་ཕྲག་དུ་མ་དང་ཉུང་བ་ལའང་བཅུ་ཕྲག་དུ་མ་རེ་ཡོད་པ་ལས། ཕལ་ཆེ་བ་ཞིག་ཚོ་པ་སོ་སོ་ལྷན་ཅིག་འདུས་སྡོད་བྱས་ཡོད། བཅིངས་འགྲོལ་མ་བཏང་གོང་ཚོ་པ་སོ་སོ་ལ་དཔོན་པོ་ཡོད། དེ་དག་ནི་སྔར་གླིང་གི་སྡེ་པ་སོ་སོའི་མི་རྒྱུད་ངོ་མ་ཡིན་ལ། སྐབས་དེའི་དམག་གི་རུ་དར་དང་། དཔུང་བྱང་། དར་འཕྲུ་བཅས་ཀྱི་ཁ་དོག་ལས་བྱུང་བ་ཡིན་པ་དཔེར་ན། གླིང་སྒྲུང་ལས་དཀར་རུ་ཉི་མ་རྒྱལ་མཚན། ནག་རུ་ཐར་པ་རྒྱལ་མཚན་ཞེས་འབོད་སྲོལ་ཡང་ཡོད།  དང་ཐོག་དེ་དག་ལ་སྐྱ་རུ་དང་ནག་རུ་ཞེས་འབོད་ནའང་། རྗེས་ནས་ཤུལ་ཙམ་ལས་མ་ལྷག་པས། སྐྱ་ཤུལ་ ནག་ཤུལ་སོགས་མིང་དུ་ཆགས་ཟེར། རུས་རྒྱུད་ཚོ་པ་འདི་དག་གི་མི་རྒྱུད་མགོ་ལོག་ཕུད་ད་དུང་ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་ནུབ་ཆུའུ་སོགས་རྫ་ཆུའི་འགྲམ་དུའང་མང་ཙམ་ཞིག་ཡོད་མོད། འོན་ཀྱང་མགོ་ལོག་ལྟ་བུའི་ཚོ་པ་ཆེན་པོ་མེད།

བཞི། མགོ་ལོག་གི་ཡུལ་གོམས་གཤིས་ལུགས་དང་གླིང་གི་མི་རྒྱུད་དབར་གྱི་འབྲེལ་བའི་མཚོན་རྟགས།

1.བཅིངས་འགྲོལ་མ་བྱས་གོང་ཡུལ་གཞན་གྱིས་མགོ་ལོག་ལ་མགོ་ལོག་སྲིན་པོའི་ཡུལ་ལ། དཔའ་མེད་ན་འགྲོ་ཐབས་མི་འདུག་ཅེས་དང་། ཉ་མཚོ་བ་རྣམས་ཀྱིས་དགྲ་མགོ་ལོག་ཅེས་འབོད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་མགོ་ལོག་གི་སྐྱེས་པ་རྣམས་ཇག་ལ་དགའ་ཞིང་གཡུལ་ལ་སྤྲོ་བ་ཞིག་ཡིན་པ་རེད། ཁོ་ཚོས་སྡེ་པ་རང་གི་ཕུ་ནུ་རྣམས་བསྡུས་ནས་ཡུལ་གཞན་དུ་ཇག་ལ་སོང་སྟེ་རྟ་ནོར་ལུག་ཁྱུ་མང་པོ་དེད་ཡོང་ནས་སྡེ་པ་ཡོངས་ལ་ཇག་འགྱེད་གཏོང་ཞིང་། དགྲ་ཡོད་ན་མདུང་མོ་མཉམ་འཛིན། གྲོགས་ཡོད་ན་ཕོར་རུ་མཉམ་བཟེད་ཅེས་སྐྱིད་སྡུག་མཉམ་མྱོང་གི་སྲོལ་རྒྱུན་དེ་འདྲ་ཡོད་ལ། དགྲ་ཟླ་དང་གཡུལ་འགྱེད་པའི་ཚེ་དཔའ་བོ་ཁེར་རྒྱུག་གི་སྲོལ་རྒྱུད་དེ་ཡང་མ་ཉམས་པར་ཡོད་པ་དེའི་ཐོག་ནས་གླིང་དམག་གི་སྲོལ་རྒྱུན་ཇི་བཞིན་མཚོན་ཐུབ།

2.སྤྱིར་མགོ་ལོག་གི་གོས་དང་རྒྱན་ཆ། གཏམ་དང་ཤག་འགྱེད། བག་སྟོན་དང་དུར་འདེབས། རྟ་རྒྱུག་དང་རྩེད་མོ། བསང་མཆོད་དང་ལྷ་གསོལ། མཚེར་ས་ཆགས་ལུགས། བྱེས་ལ་འགྲོ་ལུགས། མགྲོན་པོ་བསུ་སྐྱེལ། ཐ་ན་བྱིས་པ་རྩེ་ལུག་ཡན་ཆད་ཀྱི་ནང་དུ་གླིང་གི་སྲོལ་རྒྱུན་མ་ཉམས་པར་ཡོད་པ་བགྲང་གི་མི་ལང་ལ། དེ་སྔོན་གྱི་འབྲེལ་ཡོད་དཔྱད་གཏམ་མང་པོའི་ནང་དུ་བློ་ལྡན་གཞན་གྱིས་བརྗོད་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མེད་པར་སེམས། འོན་ཀྱང་རྣམ་པ་གསལ་བྱེད་ཙམ་དུ་ཤ་ཟ་ལུགས་དང་བྱིས་པ་རྩེ་ལུགས་ཙམ་བརྗོད་ན་འདི་ལྟ་སྟེ། མགོ་ལོག་པ་རྣམས་ལུག་ཤ་ཟ་སྐབས་ལག་ངར་གྱི་ཤ་བཏོག་རྗེས་མི་གཅོག་པར་བལ་དཀར་གྱིས་ལེགས་པར་བཀྲིས་ཏེ་དོ་གསང་(ཡ་ལོག་གི་ཅ་ལག་སྒམ་དང་སྒྲོ་བའི་རྩིག་པ་)དུ་དྲངས་ནས་ལག་ངར་མ་རེད་ལྷ་ངར་རེད། རྟ་རྐྱང་ལི་རྟོད་ཀྱི་རྟོད་ཕུར་རེད། རྟོད་རྒྱུ་མེད་ན་ཡོག་ཁ་བྱེད་ཅེས་ཁ་སྨོན་མི་རྗོད་མཁན་གཅིག་ཀྱང་མེད། ཡང་དཔྱིད་ཀྱི་དཔལ་མོས་ལེགས་པར་བསུས་པའི་ཁྲུང་ཁྲུང་གི་ཁྱུ་ཐོག་མར་སླེབས་པ་ན། བྱིས་པ་རྣམས་ཀྱིས་སྐད་གསང་མཐོན་པོའི་སྙན་འགྱུར་གྱི་དབྱངས་ལ་དྲངས་ནས་ཁྲུང་ལ་ཡག་ཁྲུང་རྩེད་ཀྱིས། ང་གེ་སར་རྒྱལ་པོའི་རྟ་རྫི་ཡིན་ཞེས་འབོད་བཞིན་ཡོད་པ་ལྟ་བུའོ།།

མཇུག་བསྡུ་བའི་གཏམ།

མདོར་ན་འཛམ་གླིང་གེ་སར་རྒྱལ་པོ་ཞེས་མཚན་སྙན་གྱི་རྔ་བོ་ཆེ་སྲིད་པ་གསུམ་ན་མཆོག་ཏུ་ལྡིར་བ་འདི་ཉིད། ལོ་རྒྱུས་སྟེང་གི་ངོ་མ་ཞིག་ཡིན་པ་དང་གཅིག   མི་རིགས་བོད་གངས་ཅན་པ་ཡིན་པ་དང་གཉིས།  རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་བཅུ་སྐོར་དེའི་ནང་འཁྲུངས་པ་དང་གསུམ། འཁྲུངས་ཡུལ་མདོ་ཁམས་ས་ཡི་ཐིག་ལེ། རྨ་ཀླུང་གསེར་ལྡན་གྱི་སྟོད་རྒྱུད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལེགས་རྫོང་གི་མངའ་ཁོངས། རྒྱུ་དར་གཉིས་ལས་དར་ས་ནག་ལུང་བའི་སྨད། སྐྱིད་སོས་ཡག་གི་ཁ་མདོ། དཔལ་ལྡན་འཁོར་ལོ་སྡོ་བ་དང་རྗེ་བཙུན་རྡོ་རྗེ་ཕག་མོའི་གནས་ཁྱད་པར་ཅན་དུ་གྲགས་པའི་ཉེ་འདབས་སུ་ཡིན་པ་དང་བཞི། <<གེ་སར་གྱི་སྒྲུང་>>ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མཐོང་དཀོན་པའི་འོད་ཟེར་སྟོང་འབར་གྱི་ནོར་བུ་རིན་པོ་ཆེ་ཞིག་དང་མཚུངས་པའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རྒྱས་པ་ཞིག་ཡིན་པ་དང་ལྔ། དེ་ཉིད་འཚོལ་བསྡུ་དང་མྱུར་སྐྱོབ། དག་སྒྲིག་དང་པར་སྐྲུན། ཞིབ་འཇུག་བྱེད་རྒྱུ་བཅས་ནི། མི་རིགས་ཀྱི་ལས་དོན་དང་། མེས་རྒྱལ་གྱི་ལ་རྒྱ། འཛམ་གླིང་གི་ལས་སྐལ་བཅས་དང་འབྲེལ་བའི་བྱ་བ་གལ་ཆེན་ཞིག་རེད་སྙམ་པ་དང་དྲུག་བཅས་ནི་ཁོ་བོའི་གེ་སར་གནད་དོན་སྐོར་གྱི་རྩ་བའི་ལྟ་ཚུལ་དྲུག་ཡིན་པ་འདིར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་འགྲིག་མིན་གྱི་དགོངས་འཆར་གནང་རོགས་ཞེས་སོར་བཅུ་སྙིང་གར་སྦྱར་ནས་གོསལ་བ་འདེབས་པ་ལགས་སོ། །


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅། །གླིང་གེ་སར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1