༄༅།།ཆོས་གྲགས་ཚེ་རིང་གི་བྲིས་གཟུགས་བརྩམས་ཆོས་བདམས་བཀོད།

དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-09


དོན་གྲུབ་ཆོས་སྒྲོན།


        བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ་1993ལོར་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་ཐོག་མའི་ལྟེ་ཕྲག་འཕོས། ཆུང་དུས་ནས་བྲིས་ལ་མཁས་པའི་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་བཟང་པོ་ཡིས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག །2015ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ལ་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད་གནང་བར་མ་ཟད། དཀར་མཛེས་ཁུལ་དུ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ལས་དབུ་ཅན་ལ་ཨང་དང་པོའི་རྟགས་མ་ཐོབ། 2018ལོར་ཁོས་དཀར་མཛེས་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བར་གཟིགས་ནས་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཏེ། རང་ཉིད་ཆུང་དུས་ཀྱི་ཕུགས་འདུན་མངོན་དུ་འགྱུར་བར་ངལ་བ་དུ་མར་མ་འཛེམ་པར་བོད་ཀྱི་གསེར་བྲིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས། དེ་ཡང་གསེར་ཡིག་འབྲི་བཞེངས་བྱེད་པ་ལ་ཉེ་བར་མཁོ་བའི་བོད་ཤོག་ལས་སྣོན་བྱེད་སྟངས་དང་མཐའ་ཐིག་འདབས་སྟངས། གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་ལའང་དབང་ཐོབ། དེ་བས་མཚོ་སྔོན་ཡུས་ཧྲུའུ་ཁུལ་དུ་གནས་གཞི་བྱས་པའི་གསེར་བྲིས་ཁང་དག་གིས་གདན་ཞུ་བྱས་ཤིང་བོད་ཤོག་བཟོ་སྟངས་སོགས་ལ་མཛུབ་ཁྲིད་བྱས།

        དེ་ཡང་། ཁམས་པའི་དྲ་བ་དང། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། རྒྱལ་ཡོངས་ས་ཆེན་དྲ་བ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན། ཁམས་པའི་བརྙན་འཕྲིན་གྱི“བཀྲ་ཤིས་གཡང་ལོའི”ལོ་སར་དགོང་ཚོགས་ཀྱི་འཆར་ངོས། བྱམས་པའི་ཁ་བརྡ། དཀར་མཛེས་ཉིན་རེའི་ཚགས་པར། མི་རིགས་དུས་དེབ་སོགས་ཀྱི་རྐང་འཛིན་ཡིག་མཁན་ཡིན་པ་དང། གངས་དཀར་རི་བོའི་དུས་དེབ་སོགས་ཚད་ལྡན་གྱི་འཕྲིན་སྟེགས་བཅུ་ཕྲག་དང་། གྲོང་ཁྱེར་ཧྲིན་ཀྲིན་དང་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་གྲགས་ཅན་འདབ་པ་ཉི་སྟེང་གི་བཤམས་སྟོན་ཁང་དག་གིས་ཀྱང་ཁོའི་ཡིག་གཟུགས་བཤམས་སྟོན་བྱས།

        ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ། ཞིབ་འཇུག་ཚོགས་པའི་ཚོགས་མི། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་དམིགས་གསལ་གཏན་ཁེལ་བྱས་པའི་བོད་ཀྱི་ཡིག་མཁན། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་གསར་རྩོམ་མི་སྣ། གངས་དཀར་རི་བོའི་དུས་དེབ་ཁང་གི་ཡིག་གཟུགས་གསར་རྩོམ་མི་སྣ། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ཡུས་ཧྲུའུ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ལི་ཐང་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཆ་ཚང་སློབ་ཆུང་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན། སྲིབ་ངོ་སློབ་ཆུང་གི་གདན་ཞུས་ཡིག་གཟུགས་དགེ་རྒན། གླིང་དགོན་རྟ་རྣའི་གསེར་འབུམ་བསྐྱར་གསོའི་ལས་གཞིའི་ཁྲོད་ཀྱི་གསེར་བྲིས་གནང་བའི་ཡིག་མཁན། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་ལ། 2019ལོར་ཁོ་དང་གྲོགས་པོ་གཉིས་བཅས་ཀྱིས་བྲིས་པའི་《གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ།》དེ་ཉིད་འཛམ་གླིང་གི་ཟིན་ཐོར་བཀོད་དེ་WRCAདབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས་གཟི་བརྗིད་མཚན་སྙན་གྱི་དཔང་ཡིག་ཐོབ་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1