༄༅།།དུས་དྲུག་སོ་སོའི་ཟས་སྤྱོད་སྤང་བླང་བསྟན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-09


        ཟས་སྐོམ་དང་སྤྱོད་ལམ་ཀུན་ཀྱང་དབྱར་དགུན་གཉིས་ཀྱི་དུས་སུ་དྲོ་བའི་རིགས་ཤས་ཆེར་བསྟེན་དགོས་པ་དང་། དཔྱིད་ཀའི་དུས་སུ་རྩུབ་པ་དང་། སོས་ཀ་དང་སྟོན་ཀའི་དུས་སུ་བསིལ་བར་བྱ་ལ། ཁྱད་པར་དུ་ཟས་སྐོམ་སོགས་ཀྱི་རོའི་དབང་དུ་བྱས་ན་དབྱར་དང་དགུན་གྱི་དུས་སུ་མངར་བ་དང་སྐྱུར་བ་དང་ལན་ཚྭ་བ་སྟེ་དང་པོའི་རོ་གསུམ་གཙོ་བོར་བསྟེན་པ་དང་། དཔྱིད་ཀ་ནི་ཐ་མའི་རོ་གསུམ་སྟེ་ཁ་ཚ་བསྐ་བ་བཅས་བསྟེན་དགོས་ལ། སོས་ཀའི་དུས་སུ་མངར་བ་དང་སྟོན་ཀར་མངར་ཁ་བསྐ་བ་དག་བསྟེན་པར་བྱའོ། ། དེ་བཞིན་དུ་སྟོན་དང་དཔྱིད་ཀྱི་དུས་སུ་རིམ་བཞིན་མཁྲིས་པ་དང་བད་ཀན་སེལ་བའི་སླད་དུ་བཤལ་དང་སྐྱུགས་བཏང་ཞིང་། དབྱར་དུས་སུ་རླུང་བསལ་བའི་ཕྱིར་དུ་འཇམ་རྩིའི་ཆོ་ག་གཏོང་བ་བཅས་དུས་ཀྱི་ཆོས་ཉིད་དང་ནད་ཀྱི་གསོག་ལྡང་གི་དབང་གིས་དེ་ལྟར་བསྔགས་པ་ཡིན།

        ནད་རིགས་སྣ་ཚོགས་ཀྱི་རྒྱུ་རུ་འགྱུར་བའི་གཤམ་གྱི་ཟས་སྤྱོད་མི་ལེགས་པ་འདི་དག་ནི་སྤང་དགོས་ཏེ།

གཅིག མཚན་མོའི་དུས་སུ་གཉིད་ཆགས་ན་གཡལ་མང་བ་དང་ལུས་སྙོམ་པ་སྟེ་སྒྱིད་ལུག་པ་དང་། མགོ་བོ་ལྕི་ལ་མིག་འགྲིབ་པ་སྟེ་མི་གསལ་ཞིང་ཁ་ཟས་འཇུ་དཀའ་བ་བཅས་ཀྱི་ནད་འབྱུང་བས། དེ་ལ་ཤ་ཁུ་དང་ཆང་ཞིམ་འཐུང་ལ་བསྐུ་མཉེ་བྱ་ཞིང་གཉིད་ལོག་པས་ཕན་ནོ། །
གཉིས། ཉིན་རྒྱུན་ཆུ་འཐུང་བའི་གོམས་གཤིས་ཆགས་སུ་འཇུག་དགོས་ཏེ། ཉིན་རེར་ཆེས་ཉུང་ནའང་ཆུ་རྒྱ་མ་དོ་ཡན་འཐུང་དགོས་ལ།ཞོགས་པར་མལ་ལས་ལངས་རྗེས་ཆུ་ཁོལ་དྲོད་འཇམ་དཀར་ཡོལ་གང་འཐུང་ནས་འཇུ་ལམ་བཀྲུ་དགོས།
གསུམ། ལྟོགས་དྲགས་པ་དང་འགྲངས་དྲགས་པའི་གོམས་གཤིས་སྤང་དགོས་ཏེ། དགོང་མོ་དུས་ཚོད་དགུའི་རྗེས་སུ་ཟས་སྐོམ་སྤང་ན་ལེགས།
བཞི། ནངས་མོ་ལྟོ་སྟོང་གི་དུས་སུ་གཤམ་གྱི་སིལ་ཏོག་རིགས་བཟའ་བ་སྤང་དགོས་ཏེ། དེ་དག་ནི་ངང་ལག་དང་ཚ་ལུ་མ། ཀྲོ་མ་ཀྲུ། པོ་ལོའུ་སོགས་ཡིན།
ལྔ། འགྲོ་ཞོར་དུ་ཟས་རིགས་ཟོས་ན་འཇུ་བྱེད་མ་ལག་ལ་གནོད་པ་ཡོད།
དྲུག ཀ་ར་གོ་རེ་དང་ཁྲོག་ལེ། འཁྱགས་ཞོ་སོགས་ཟས་རིགས་ནངས་ཇར་བསྟེན་ན་བདེ་ཐང་ལ་གནོད་པ་ཆེ།
བདུན། ཟ་མ་ཟོས་རྗེས་ཇ་འཐུང་ན་མི་ལེགས་ཏེ། རྒྱུ་མཚན་ནི་ཇ་ལོའི་ནང་དུ་འཇུ་བྱེད་མ་ལག་གི་ནུས་པ་འཇོམས་བྱེད་ཀྱི་རྫས་རིགས་མང་བས་མ་ཞུ་བ་འབྱུང་སྲིད།
བརྒྱད། སྟབས་བདེ་ཐུག་པ་འཐུང་དུས། ཆུ་ཁོལ་དྲོན་མོས་སྟབས་བདེ་ཐུག་པ་ཐེངས་འགའ་ལ་བཀྲུས་རྗེས་འཐུང་ན་བཟང་སྟེ། རྒྱུ་མཚན་ནི་སྟབས་བདེ་ཐུག་པའི་ཕྱི་ངོས་སུ་ལཱ་རིགས་ཡོད་པས་རྒྱུན་འཐུང་བྱས་ན་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ།
དགུ། རྒྱུན་དུ་སྔོ་ཚོད་ཀྱི་རིགས་ཟོས་ན་ལུས་ཁམས་བདེ།
        གོང་གི་སྤྱོད་ལམ་དེ་དག་ཚུལ་བཞིན་མ་བསྟེན་ན་མི་འདོད་པའི་ནད་རིགས་མང་པོ་ཞིག་འབྱུང་སྲིད་པས།རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ཡང་དག་ཅིག་བསྟེན་ནས་ནད་རིགས་སྣ་ཚོགས་སྔོན་འགོག་དང་མི་ན་བར་གནས་ཤིང་ཚེ་རིང་དུ་བསྲིང་བར་འབད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1