ཕག་གི་གསོ་ཚགས་ལས་རིགས་ཀྱིས་དམངས་ཀྱི་ཡོང་འབབ་འཕར་བར་རམ་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-23



བཙན་ལྷ་རྫོང་གིས་ཕག་གི་གསོ་ཚགས་ལས་རིགས་འཕེལ་རྒྱས་སུ་བཏང་བའི་གནས་ཚུལ་བཀོད་པ།
     ཉེ་ཆར། བཙན་ལྷ་རྫོང་མེ་ཞིན་གྲོང་རྡལ་ཅན་ཡུང་གསོ་སྤེལ་ར་བ་རུ། རྫོང་གི་ཞིང་ཕྱུགས་ཅུས་ཀྱི་ལག་རྩལ་བས་གསོ་སྤེལ་ར་བའི་འགན་ཁུར་བ་ཝང་ཅན་ཡུང་ལ་ཕག་གསོ་སྤེལ་གྱི་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་ཡོད། ཉེ་བའི་ཟླ་བ་གཅིག་གི་རིང་ལ། ཝང་ཅན་ཡུང་གིས་ཕག་རྒྱུད་སྤེལ་ལ་སེམས་ཁུར་བྱེད་ཀྱི་ཡོད།
     གསོ་སྤེལ་ལག་རྩལ་བས་ཝང་ཅན་ཡུང་ལ་གནད་དོན་འདི་སེལ་དགོས་ན་གསོ་སྤེལ་གྱི་གོ་རིམ་ནས་མགོ་འཛིན་དགོས་ཤིང་། འཚོ་བཅུད་ཀྱི་ཚད་ནས་ཡང་བསྐྱར་སྙོམས་སྒྲིག་བྱས་ཏེ་ཤ་ཤེད་རྒྱས་སུ་བཅུག་ན། ད་གཟོད་ཕག་རྒྱུད་སྤེལ་ཐུབ་ཅེས་བཤད། ལག་རྩལ་བ་སྒོ་ཁར་ཡོང་ནས་གསོ་སྤེལ་ཁྱིམ་ཚང་ལ་ལག་རྩལ་མཛུབ་སྟོན་བྱས་པ་ཕུད། ད་ལོར་བཙན་ལྷ་རྫོང་གིས་ཐོན་སྐྱེད་ཀྱི་ནུས་ཤུགས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཅུང་འཐུས་ཚང་ཡིན་པའི་གསོ་སྤེལ་ར་བ་ལ་ཕག་བཀོད་སྒྲིག་བྱས་ཏེ། རྫོང་ཡོངས་ཀྱི་ཕག་གསོའི་ལས་རིགས་འཕེལ་རྒྱས་ལེགས་པོ་ཡོང་བར་སྐུལ་སྤེལ་བཏང་བ་དང་། དེ་ལས་ཝང་ཅན་ཡུང་གི་གསོ་སྤེལ་ར་བར་ཕག་28བཀོད་སྒྲིག་བྱས་པས་ཁོའི་བློ་སེམས་བདེ་རུ་བཅུག
     ཝང་ཅན་ཡུང་གིས། ད་ལོར་རིམས་ནད་ཀྱི་རྐྱེན་གྱིས་རྫོང་ཞིང་ཕྱུགས་ཅུས་དང་ནོར་སྲིད་ཅུས་ཀྱིས་ང་ལ་ཕག་28བཀོད་སྒྲིག་བྱས་ཤིང་། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་སྨད་ནས་སང་ལོའི་ལོ་སྟོད་བར་དུ་ཕག་སུམ་བརྒྱ་བཞི་བརྒྱ་ལྷག་ཡོད་ཐུབ་པ་དང་། ལག་རྩལ་མི་སྣས་ཀྱང་ངེད་ཚང་གི་གསོ་སྤེལ་ར་བར་རྒྱབ་སྐྱོར་བྱ་ངེས་པས། ངས་གསོ་སྤེལ་གྱི་ལག་རྩལ་སྦྱངས་ནས་གསོ་སྤེལ་ར་བ་སྟོབས་ཇེ་ཆེར་གཏོང་ཐུབ་ངེས་ཞེས་བཤད།
     ཕག་གི་ཐོན་ནུས་སྔར་ལས་ཇེ་ཆེར་གཏོང་བ་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་ཆེད། ད་ལོར་བཙན་ལྷ་རྫོང་གིས《བཙན་ལྷ་རྫོང་གི་ཕག་གསོའི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་དང་། ཚད་ལྡན་ཅན་གྱི་ཕག་གསོ་སྟངས་ཀྱི་བྱེད་སྒོ་སྤེལ་བ་དང་། སྐྱེ་ཁམས་དང་སྐྱོན་བྲལ་ངང་ཕག་གསོ་སྤེལ་བྱེད་པའི་ལག་རྩལ་ཁྱབ་གདལ་བཏང་། ཐོན་སྐྱེད་རྒྱ་སྐྱེད་བཏང་བ་དང་། མ་དངུལ་འགན་ལེན་དོན་འཁྱོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕག་གི་སྐྱེ་ཚད་བརྟན་པོ་དང་མཁོ་འདོན་འགན་ལེན་གྱི་ལས་དོན་ཁག་དོན་འཁྱོལ་བྱས། མེ་ཞིན་གྲོང་རྡལ་གྱི་ཝང་ཅན་ཡུང་དང་ཆེ་ལུང་གྲོང་རྡལ་ཡོན་ཡིང་གྲོང་སྡེའི་ཞུས་ཁྲང་མིང་གཉིས་ནི་ཕག་གསོ་སྤེལ་བྱས་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་སྣེ་ཁྲིད་པ་རེད།
     ཆེ་ལུང་གྲོང་རྡལ་ཡོན་ཡིང་གྲོང་སྡེའི་སྡེ་མི་ཞུས་ཁྲང་མིང་གིས། ངེད་ཚང་གི་ཞིང་རའི་རྒྱ་ཁྱོན་སྨི་གྲུ་བཞི་མ་3000ལྷག་ཡོད་ཅིང་། ལོ་རེར་བཤས་རར་བཏང་བའི་ཕག་1200ལྷག་ཟིན་པ་དང་ལོ་རེར་ཡོང་འབབ་སྒོར་ཁྲི་300ལྷག་ཟིན། གསོ་སྤེལ་ར་བས་ལག་རྩལ་གསར་བ་སྤྱད་དེ་རང་མོས་ངང་ཟས་ཟ་བ་དང་ཆུ་འཐུང་བ། གསོ་སྤེལ་ར་བའི་ནང་ཁུལ་དུ་ལྟ་སྐུལ་ཚོད་འཛིན་བྱས་ཡོད་པས། དུས་ཐོག་ཏུ་ཕག་གི་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་ཐུབ་པར་མ་ཟད། མི་དང་སྒོ་ཕྱུགས་ཀྱི་འབྲེལ་འདྲིས་ཉུང་དུ་བཏང་བ་དང་ཆབས་ཅིག ཕག་གི་ནད་བྱུང་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ་ཅེས་བཤད། ཆེ་ལུང་གྲོང་རྡལ་ཡོན་ཡིང་གྲོང་སྡེའི་གསར་དུ་བསྐྲུན་ནས་བཀོལ་སྤྱོད་བྱེད་བཞིན་པའི་བཙན་ལྷ་རྫོང་ཁྲང་མིང་ཚང་གི་ཞིང་ར་རུ། ཞིང་རའི་འགན་ཁུར་བ་ཞུས་ཁྲང་མིང་གིས་ཕག་གི་ར་བར་དུག་སེལ་བྱེད་བཞིན་ཡོད། ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་ཞུས་ཁྲང་མིང་གི་གསོ་སྤེལ་ར་བའི་གཞི་ཁྱོན་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད།
     ད་ལོ་ནས་བཟུང་། བཙན་ལྷ་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་36བཏང་ནས། ཐོན་སྐྱེད་ཀྱི་ནུས་ཤུགས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་བཟང་བའི་ཕག་གསོ་ར་བར་རྒྱུད་སྤེལ་ཐུབ་པའི་ཕག་200བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་55.11ཁ་གསབ་བྱས་ནས། རྒྱུད་སྤེལ་ཐུབ་པའི་ཕག་གསོ་ཚགས་ཁྱིམ་ཚང་དང་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་བཏང་ཡོད། ཕག་གསོ་ར་བ་3འཛུགས་འཆར་ཡོད་པ་དང་། དེ་ལས་ཕག་གསོ་ར་བ་2བསྐྲུན་ཡོད་ལ། ཕག་གསོ་ར་བ་1ད་ལྟ་བསྐྲུན་བཞིན་ཡོད། རྒྱུད་སྤེལ་ཐུབ་པའི་ཕག་དེ་ཞིང་ལས་འགན་བཅོལ་ནང་དུ་བཅུག་ནས་གསོ་སྤེལ་ཁྱིམ་ཚང་གིས་གསོ་ཚགས་བྱས་པའི་ཕག་ལ་འགན་བླངས་པ་དང་། འགན་བཅོལ་ནང་ཞུགས་པའི་དངུལ་གྲངས་སྲིད་གཞུང་གིས་བརྒྱ་ཆ་80གསབ་པ་དང་། ཕག་གསོ་མཁན་གྱིས་བརྒྱ་ཆ་20གསབ་ནས་རྒྱུད་སྤེལ་ཐུབ་པའི་ཕག་ཚང་མ་འགན་བཅོལ་ནང་ཞུགས་ཐུབ་པ་བྱས་ཡོད། མིག་སྔར་བཙན་ལྷ་རྫོང་དུ་ཕག་གི་གསོ་སྤེལ་ར་བ་22ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་ལོ་མཇུག་ཏུ་ཕག་ཁྲི་2.6བཤས་རར་གཏོང་ཐུབ་རྒྱུ་རེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1