ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་དམག་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-23


    ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་དམག་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར་ནས་ནན་བཤད་གནང་དོན།
ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་གོང་བཀུར་དང་། སློབ་སྦྱོང་། བྱམས་སྐྱོང་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བའི་མཚམས་སུ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་དམག་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན།     ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་ཁྲོད་ཀྲུང་གོ་མི་དམངས་དང་བླངས་དམག་གིས་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཞུམ་པ་མེད་པར་མདུན་དུ་སྐྱོད་པ་དང་ཁྲག་བཏོན་དམར་འཛིང་བྱས་ནས་ཁྱིམ་སྲུང་རྒྱལ་སྲུང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དང་བླངས་དམག་གི་དཔོན་དམག་དང་དཔའ་བོ་དཔེ་བཟང་ཚོའི་མཛད་རྗེས་ལ་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།
    ཞི་ཅིན་ཕིང་གིས་བསྟན་དོན། ལོ་60ལྷག་ཙམ་རིང་ཁྱེད་ཚོས་ཏང་ལ་དགའ་ཞེན་དང་། ཏང་ལ་ཡིད་ཆེས། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་ཏང་དང་མི་དམངས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་ཕུལ་བ་དེ་ཐོག་ནས་ཐོག་མའི་བསམ་འདུན་ལ་འགྱུར་བ་མི་གཏོང་བ་དང་འབད་འབུངས་མཐའ་གཅིག་ཏུ་བྱེད་པའི་སྙིང་སྟོབས་མངོན་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ནི་དཔའ་བོ་གྲངས་མེད་ཐོན་པའི་མི་རིགས་ཤིག་རེད་ལ། དུས་རབས་གསར་པ་ནི་དཔའ་བོ་ཐོན་པའི་དུས་རབས་ཤིག་རེད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་གོང་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་བྱམས་སྐྱོང་བཅས་བྱས་ཏེ་དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
    སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་དམག་ལུས་གསོ་ཁང་དེ་1951ལོར་བསྐྲུན་པ་དང་སྔ་རྗེས་སུ་རྨས་སྐྱོན་ཕོག་པའི་དམག་མི་2800ལྷག་ཙམ་གཅིག་སྡུད་བསྙེན་བཀུར་བྱས་ཡོད། དེའི་ནང་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ནང་ཞུགས་མྱོང་བའི་དམག་མི་2200ཙམ་ཡོད། ལོ་60ལྷག་ཙམ་རིང་ལུས་གསོ་ཁང་དེའི་རྨས་སྐྱོན་ཕོག་པའི་དམག་མི་ཚོས་མི་གཞན་གྱིས་བཟོད་ཐབས་བྲལ་བའི་དཀའ་ངལ་ཁྱད་བསད་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་མེས་རྒྱལ་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཕུལ་བ་དང་འོས་འགན་ཐོག་ནས་སྲོལ་རྒྱུན་སློབ་གསོའི་སྙན་ཞུ་ཐེངས་ཁྲི་ཙམ་བྱས་ཏེ་ཕན་པ་ཐོབ་མཁན་མི་ཐེངས་ཁྲི་300ལྷག་ཙམ་ཟིན་ནས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། 2019ལོར་ལུས་གསོ་ཁང་དེ“རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་ཚན་པར”གཟེངས་བསྟོད་བྱས་ཡོད། ཉེ་དུས་ལུས་གསོ་ཁང་དེའི་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་ཐུའུ་པོ་དབྱིས་རྨས་དམག་ཡོངས་ཀྱི་ཚབ་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཁོང་ཚོའི་ལས་དོན་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་པ་དང་ཆབས་ཅིག་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། རང་གཤིས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་འདོད་པའི་ཆོད་སེམས་ཀྱང་མཚོན་པར་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1