མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་བྱས་ན་ད་གཟོད་པྲོག་གསར་གློ་ཚད་རིམས་ནད་དང་ནམ་ཟླའི་ཉམས་ཉེན། ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་འདྲ་མཉམ་མིན་པ་དང་དགྲར་འཛིན་གྱི་སྣང་ཚུལ་བཅས་ལས་རྣམ་པར་རྒྱལ་ཐུབ་ཟེར། 
        ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚེས་ཉེར་དྲུག་ཉིན་དངོས་གཞིའི་བྱ་འགུལ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཉིན་མོ་དོན་ལྔ་བར་རྗེས་དྲན་བྱས། ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་འཛུགས་པའི་སྐབས་ནས་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་གྱི་མཚོན་རྟགས་སུ་གྱུར་ཡོད་པ་དང་། ད་ལྟ་འཛམ་གླིང་མཉམ་ལས་ཀྱི་ལྟེ་བར་གྱུར་ཡོད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དུས་གཏན་གྱི་སེམས་འདུན་མངོན་འགྱུར་བྱེད་པའི་འགན་འཁྲི་དང་བྱ་བ་ནམ་ཡང་འདོར་མི་སྲིད་ཟེར། 
        ཀུའུ་ཐི་ལོས་སི་ཡིས་བསྟན་དོན། དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་འཁྲི་དེ་སྔོན་ཆད་ཀྱི་དུས་གང་རུང་ལས་གལ་འགངས་ཆེ་བར་མངོན་ཞིང་། མཉམ་དུ་འབད་བརྩོན་བྱས་ན་ད་གཟོད་འཛམ་གླིང་ཡོངས་སུ་འཁྲུག་རྩོད་ཞི་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་ཐུབ་པ། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ། སའི་གོ་ལར་སྲུང་སྐྱོབ་བཅས་བྱེད་པའི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་དང་། རྒྱལ་སྤྱིའི་མཉམ་ལས་སྤེལ་ན་ད་གཟོད་པྲོག་གསར་གློ་ཚད་རིམས་ནད་དང་ནམ་ཟླའི་ཉམས་ཉེན། ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་འདྲ་མཉམ་མིན་པ་དང་དགྲར་འཛིན་གྱི་སྣང་ཚུལ་བཅས་ལས་རྣམ་པར་རྒྱལ་ཐུབ་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་བའི་ཀྲུའུ་ཞི་པའོ་ཙི་ཁི་ཨར་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཛམ་གླིང་གི་ས་ཁུལ་སོ་སོར་དུས་ངེས་མེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་ཁྲི་སྟོང་མང་བོས་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ཡོངས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱེད་བཞིན་ཡོད། དེང་སྐབས་འཛམ་གླིང་ཡོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉམས་ཉེན་གྱི་སྐབས་སུ་དུས་རབས་ཀྱི་ཉམས་སད་ཐེག་ཐུབ་པར་རེ་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣས་ཀྱང་ཁོ་ཚོའི་ནུས་པ་དང་ཆོད་སེམས་ཡང་བསྐྱར་ར་སྤྲོད་བྱས་ཡོད་ཟེར། 
        གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཟླ་བཅུ་བའི་ཚེས་ཉེར་བཞིའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནུས་ལྡན་དུ་གྱུར་བ་དང་། དེ་ལས་མཉམ་འབྲེལ་རྒྱལ་ཚོགས་དངོས་སུ་བཙུགས་པ་མཚོན་ཡོད། གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཉིན་མོར་དངོས་སུ་གཏན་འཁེལ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1