༄༅།།ཟ་མ་ཟོས་རྗེས་ཞོ་འཐུང་ན་ཟས་འཇུ་བར་ཕན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་བརྙན་ལམ། སྤེལ་དུས། 11-02



“ཟོས་པ་མང་དྲགས་སོང་། ད་ཅི་ཞིག་བྱ།”
“ཞོ་འཐུང་དང་། ཟས་འཇུ་བར་ཕན་པ་ཡོད།”
སྐད་ཆ་འདི་འདྲ་ཐོས་ཚེ།
ཁྱེད་ཚོར་མཚོན་ན་ཧ་ཅང་རྒྱུས་ཡོད་ཀྱི་ཚོར་བ་ཞིག་ཡོད་དམ།
དེ་ལྟར་རྒྱུན་པར་ཞོ་ནི་“ཟས་འཇུ་བར་ཕན་པ་དང་། ཕོ་རྒྱུ་འགུལ་བར་སྐུལ་འདེད་བྱེད་པའི”མཚོན་རྟགས་ཤིག་ཏུ་གྱུར་ཡོད།
འོན་ཀྱང་ཁྱོད་ཀྱིས་ཤེས་སམ།
སྤྱིར་ཞོ་ནི་བདེ་ཐང་ལ་ཕན་པ་ཡོད་རུང་།
ནུས་པ་དེ་འདྲ་ཆེན་པོ་ཞིག་ཡོད་པའི་ངེས་པ་མེད།
ཟ་མ་ཟོས་རྗེས་ཞོ་འཐུང་བ་ནི་ཚན་རིག་དང་མི་མཐུན་པ་ཞིག་རེད།
          ཞོ་ཡིས་ཕོ་རྒྱུའི་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་མི་སྲིད།
          དོན་ངོ་མར་ཞོ་འཐུང་ན་ཟས་འཇུ་བའི་ནུས་པ་དེ་འདྲ་ཐོན་མི་ཐུབ། མིའི་རིགས་ཀྱིས་འཇུ་བྱེད་ཐབས་ལམ་ལ་གཙོ་བོ་རིགས་གཉིས་ཡོད་དེ། གཅིག་ནི་སོ་ཡིས་ལྡད་པ+ཕོ་རྒྱུ་འགུལ་བའི་རྣམ་པའི་རེངས་མཁྲེགས་ཟས་འཇུ་རྣམ་པ་དང་། གཞན་ཞིག་ནི་མིའི་ལུས་སྟེང་གི་འཇུ་རྩི་ཡི་རྫས་འགྱུར་ཟས་འཇུ་ཡིན། 
          འོན་ཀྱང་། ཞོ་ཡིས་ཕོ་རྒྱུའི་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅིང་། འཇུ་རྩི་ཡང་འདུས་མེད་པས། ཞོ་འཐུང་ན་ཟས་འཇུ་བར་ཕན་པ་ཚན་རིག་གི་གཞི་འཛིན་ས་མེད། ཕོ་བ་འགྲངས་རྗེས་ཞོ་འཐུང་ན་དེ་ལས་ལྡོག་སྟེ་ཕོ་བ་དང་རྒྱུ་མའི་ཁུར་པོ་ཇེ་ལྗིད་དུ་འགྲོ་སྲིད།
          ཞོ་འཐུང་ན་ཟས་འཇུ་བར་ཕན། དེ་ངོ་མ་ཡིན་ནམ། 
          ཞོ་ཞིམ་པོ་ཡོད་མོད། མི་ཚང་མར་འཚམ་པའི་ངེས་པ་མེད།
          ཞོ་ཚད་རན་པོ་ཞིག་འཐུང་ན་བདེ་ཐང་ལ་ཕན་པ་ཡོད་མོད། འོན་ཀྱང་དེ་ནི་མི་ཚང་མར་འཚམ་པའི་ངེས་པ་མེད་ལ། གཤམ་གྱི་མི་ཚོགས་ཀྱིས་དམིགས་བསལ་དུ་དོ་སྣང་བྱེད་དགོས། 
          01 ལོ་གཅིག་མན་གྱི་ཕྲུ་གུ
          ཕྲུ་གུ་ལོ་གཅིག་མ་ལོན་པའི་སྔོན་དུ། ཕྲུ་གུ་ལ་ཨ་མའི་འོ་མ་སྣུན་པའམ་འོ་ཕྱེ་སྡེབ་སྦྱོར་བྱེད་པ་གཙོ་བོ་བྱ་འོས་ཏེ། དེའི་འཚོ་བཅུད་ཀྱི་འདུས་ཚད་དང་བསྡུར་ཚད་ཕྲུ་གུའི་དགོས་མཁོ་དང་འཚམ་པོ་ཡོད། ཞོ་དང་ཨ་མའི་འོ་མའི་བར་ཁྱད་པར་ཅུང་ཆེ་བས། ལོ་གཅིག་མན་གྱི་ཕྲུ་གུར་ལྡུད་ན་དེ་འདྲ་འཚམ་པོ་མེད།
          02 ཕོ་སྐྱུར་མང་དྲགས་པའི་མི། 
          ཕོ་བ་རུལ་ནད་ཅན་དང་ཡང་ན་ཕོ་སྐྱུར་མང་དྲགས་པའི་མི་ནི་སྐྱུར་ལ་སྐྲག་ཅིང་། མི་འདི་རིགས་ཀྱིས་ཁོག་སྟོང་དུ་ཞོ་འཐུང་བར་མི་འཚམས་ལ་འཐུང་ཚེ་ཕོ་བ་མི་བདེ་བས། ཞོ་མ་འཐུང་བའི་སྔོན་ལ་ཟ་མ་ཅུང་ཟད་ཟ་འོས།
          03 སྨན་ལ་ལ་ཞིག་འཐུང་མཁན། 
          ཞོ་དང་སྨན་ལ་ལ་ཞིག་ཕན་ཚུན་མི་མཐུན་ཞིང་། གལ་ཏེ་མཉམ་དུ་འཐུང་ན། སྨན་ནུས་ཇེ་དམའ་རུ་གཏོང་བའམ་ཡང་ན་དེ་ལས་ལྡོག་པའི་ནུས་པ་ཐོན་སྲིད། དཔེར་ན་ལྕགས་རྒྱུ་སྨན་ལྟ་བུ། རྒྱུ་མཚན་ནི་ཀལ་མང་པོ་ཞིག་གིས་ལྕགས་ཀྱི་གཞི་རྒྱུ་བསྡུ་ལེན་བྱེད་པར་འགོག་རྐྱེན་བཟོ་ངེས་ཡིན་ལ། ལིའུ་མེ་སུའུ་དང་ཧོང་མེ་སུའུ་སོགས་སྲིན་འགོག་རྒྱུ་དང་ཧོང་ཨན་རིགས་ཀྱི་སྨན་རྫས་ཀྱིས་ཞོ་ནང་གི་འོ་སྐྱུར་སྲིན་ལ་གཏོར་བརླག་ཐེབས་སྲིད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1