༄༅།།ཁང་ཞིའི་རྡོ་རིང་དང་ཆན་ལུང་རྡོ་རིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 11-02


     རྡོ་རིང་དེ་གཉིས་སྔོན་མ་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཞོལ་གཞུང་སྒོའི་ཕྱི་ངོས་ད་ལྟ་གཞུང་ལམ་འཁེལ་ས་དེར་བཙུགས་ཡོད་ཀྱང་རྗེས་སུ༡༩༦༥ལོར་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་དགོས་མཁོ་དང་བསྟུན་ནས་པོ་ཏཱ་ལའི་རྒྱབ་ཀླུ་ཁང་གི་གཞུང་སྒོའི་ནང་དུ་སྤོས་ཡོད། ཁང་ཞིའི་རྡོ་རིང་གི་སྤྱིའི་མཐོ་ཚད་ལ་སྤྱི་ཁྲེ༣.༧༤ཡོད་པ་དང༌། རྡོ་རིང་མདུན་ངོས་ཀྱི་གཡས་ཕྱོགས་སུ་རྒྱ་ཡིག་ཡིག་ཕྲེང༡༥དང༌། གཡོན་ཕྱོགས་སུ་བོད་ཡིག་ཡིག་ཕྲེང༤༦། རྒྱབ་ངོས་གཡས་ཕྱོགས་སུ་སོག་ཡིག་ཡིག་ཕྲེང༡༥དང་གཡོན་ཕྱོགས་སུ་མན་ཇུའི་ཡི་གེ་ཡིག་ཕྲེང༡༥བཅས་ཡོད།རྡོ་རིང་གི་ཡི་གེ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་ཁྲི་ལོ་དྲུག་ཅུ་པ་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོར་གོང་མ་རང་གིས་བརྩམས་ཤིང་ཡུང་ཀྲེང་ཁྲི་ལོ་གཉིས་པ་ཤིང་འབྲུག(༡༧༢༤)ལོར་ཡི་གེ་རྡོ་རིང་ཐོག་བཀོད་དེ་བཙུགས་ཤིང༌། རྡོ་རིང་ཡི་གེའི་ནང་དུ་སྐབས་དེའི་བོད་ཀྱི་གནས་ཚུལ་རགས་བཤད་ཐོག་གོང་མས་བོད་དུ་དཔུང་དམག་བཏང་སྟེ་སོག་པོ་ཇུན་གར་གྱི་འཁྲུག་ལོང་ཞོད་འཇགས་སུ་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། དེ་ཡང་བོད་རབ་བྱུང་བཅུ་གཉིས་པའི་མེ་བྱ(༡༧༡༧)ལོར་སོག་པོ་ཇུན་གར་པ་ཚེ་དབང་རབ་བརྟན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགྲ་ཤ་ལེན་པ་དང༌། དགེ་ལུགས་པར་རྒྱབ་སྐྱོར་བྱེད་པའི་མིང་འཁྱེར་ནས་རྟ་དམག་དྲུག་སྟོང་ཙམ་ཁྲིད་དེ་བོད་དུ་དཔུང་འཇུག་གིས་ལོ་གསུམ་རིང་ལྷ་ས་བཙན་བཟུང་བྱས་པ་དང༌། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཡང་ཚ་རྒྱལ་པོ་ལྷ་བཟང་དང༌། རྙིང་མའི་བླ་མ་གྲགས་ཅན་ཁག་གཅིག་བཀྲོངས་པ། རྙིང་ཕྱོགས་ཀྱི་དགོན་སྡེ་མང་པོར་གཏོར་བརླག་འཕྲོག་བཅོམ་བྱས་པ་སོགས་བོད་ཀྱི་སྤྱི་ཚོགས་ལ་ཡོ་འཁྱོམས་ཆེན་པོ་བྱུང༌། ཆིང་གི་གོང་མས་བོད་རབ་བྱུང་བཅུ་གཉིས་པའི་ས་ཁྱི༡༧༡༨ལོ(ཁང་ཞིའི་ཁྲི་ལོ༥༧)ནས༡༧༢༠(ཁང་ཞིའི་ཁྲི་ལོ༥༩)ལོའི་བར་བོད་དུ་དམག་དཔུང་སྔ་རྗེས་ཐེངས་གཉིས་བཏང་སྟེ་བོད་ས་གནས་སུ་ཡོད་པའི་ཇུན་གར་བར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ཏེ།༡༧༢༠ལོའི་ཟླ༨པར་ཇུན་གར་གྱི་དམག་ཤུགས་ཡོངས་རྫོགས་བོད་ནས་མཐར་སྐྲོད་བཏང་བ་དང༌།བོད་ཀྱི་སྤྱི་ཚོགས་བདེ་ལ་བཀོད་པ་རེད། ཆན་ལུང་རྡོ་རིང་དེའི་མདུན་ངོས་གཡས་སུ་རྒྱ་ཡིག་ཡིག་ཕྲེང༡༧དང༌། གཡོན་དུ་མན་ཇུའི་ཡི་གེ་ཡིག་ཕྲེང༡༧། རྒྱབ་ངོས་གཡས་སུ་བོད་ཡིག་ཡིག་ཕྲེང༣༩། གཡོན་དུ་སོག་ཡིག་ཡིག་ཕྲེང༡༧བཅས་བཀོད་ཡོད།རྡོ་རིང་གི་ཡི་གེ་ནི་ཆན་ལུང་ཁྲི་ལོ་ལྔ་བཅུ་ང་བདུན་པ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་བྱི(༡༧༩༢)ལོར་གོང་མ་རང་ཉིད་ཀྱིས་བརྩམས་པ་ཞིག་ཡིན། དེའི་ནང་དོན་དུ་ཆན་ལུང་གོང་མ་རང་གིས་སྲིད་སྐྱོང་བའི་ལོ༥༧རིང་གི་དྲག་པོ་དམག་གི་བྱས་རྗེས་ཆེན་པོ་བཅུ་དང༌། ཐེངས་དེར་བོད་དུ་དམག་དཔུང་བཏང་ནས་གོར་ཥ་བཙན་འཛུལ་དམག་མཐར་སྐྲོད་བཏང་བའི་གནས་ཚུལ་བཅས་བཀོད་ཡོད། དེ་ཡང་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོར་གོར་ཥའི་དབང་སྒྱུར་པས་བསྙད་འདོགས་འཁྲུག་སློང་གིས་དཔུང་དམག་ཕོན་ཆེ་བཏང་ནས་བོད་དུ་བཙན་འཛུལ་བྱས་ཏེ་སྔ་རྗེས་སུ་སྐྱིད་གྲོང་དང༌། གཉའ་ལམ།གཞིས་རྩེ་ལ་སོགས་པའི་བོད་ཀྱི་ས་ཆ་བཙན་བཟུང་ཐོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོས་གཙོས་གཙང་ཁུལ་དགོན་སྡེ་མང་པོར་འཕྲོག་བཅོམ་གཏོར་བརླག་ཚོད་མེད་བྱས་པ་དང༌། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་ཀྱང་ལྷ་སར་ཉེན་གཡོལ་དུ་ཕེབས་དགོས་བྱུང་བ་སོགས་བོད་མི་རིགས་དང་མི་དམངས་ལ་གོད་ཆག་ཚབས་ཆེན་ཕོག་ཡོད། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་གནས་ཚུལ་དེ་མཁྱེན་རྟོགས་བྱུང་རྗེས་ལོ་དེར་ཅའ་ཡུང་གུང་ཧྥུ་ཁང་ཨན་དམག་དཔོན་ཆེན་པོར་བསྐོས་ཏེ་དམག་དཔུང་སྟོབས་པོ་ཆེའི་སྣེ་ཁྲིད་ཀྱིས་བོད་དུ་བཏང་བ་དང༌། ཐེངས་དེའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་དེར་བོད་ཀྱི་རིམ་གྲས་ཁག་གི་མི་དམངས་ཀྱིས་བརྩི་བཀུར་དང༌། རྒྱབ་སྐྱོར། གཞོགས་འདེགས་གང་ལེགས་བྱས་པར་བརྟེན་དཔུང་འཇུག་བདེ་བླག་ངང་ལེགས་འགྲུབ་ཀྱིས་ལོ་རྗེས་མའི་ཟླ༥པར་གོར་ཥ་བཙན་འཛུལ་དམག་ཡོངས་རྫོགས་མཐའ་མཚམས་ནས་ཕྱིར་བསྐྲད་དེ་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་ལ་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ཐོབ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1