​ཐོན་ལས་གསར་གཏོད་བྱས་ཏེ། སྔོ་རྩྭ་གསེར་རྩྭར་བསྒྱུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 11-02




  རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཧུ་ར་མ་སྡེ་བའི་ཕྱུགས་རྩྭ་འདེབས་འཛུགས་ཀྱིས་དབུལ་སྒྲོལ་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ། 

    སྟོན་མཇུག་གི་རླུང་བུ་བསིལ་བསིལ་ལྡང་དུས། དགུན་འགོ་མའི་ཁ་བ་ཡང་དལ་གྱིས་ས་གཞི་འདིའི་ཕང་བར་བབས། ཡིན་ཡང་། ཉི་ཟེར་གྱི་དྲོད་ཁོལ་གྱིས་གཅའ་རོ་གྲོང་རྡལ་ཧུ་ར་མ་སྡེ་བའི་ཡུལ་འདི་ཡོངས་སུ་ཁེབས་ཡོད།
    “གཅིག  གཉིས།  གསུམ།”སྡེ་མི་རྣམས་ཀྱིས་ཕྱུགས་རྩྭ་བསྡམས་ནས་རླངས་འཁོར་དུ་འཇོག་གི་ཡོད། “ད་ལོར་ཕྱུགས་རྩྭ་སྐྱེས་པ་ཡག་པས་རིན་གོང་མཐོ་པོ་རག་གི་འདུག ཞེས་ཧུ་ར་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་བསྟན་གྱིས་བཤད། ཕྱུགས་རྩྭ་དེ་དག་སྡེ་བའི་མཉམ་ལས་ཁང་དུ་དབོར་རྒྱུ་དང་དེ་རྗེས་རྒྱལ་ཁབ་མ་འཇོག་ཀུང་སི་སྒོ་རྩར་ཡོང་ནས་ཉོ་རྒྱུ་རེད།

    ཕྱུགས་རྩྭ་འདེབས་འཛུགས་རྟེན་གཞི་ནི་ཧུ་ར་མ་གྲོང་ཚོའི་འབྲི་གཡག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་སྦྲེལ་ཐག་ཅིག་རེད། གཟན་རྩྭ་སྤུས་ལེགས་འདེབས་གསོ་བྱ་རྒྱུ་གཙོ་བོར་བྱེད་པ་དང་མིག་སྔར་རྟེན་གཞིར་མུའུ་2000ཡོད་པའི་སྤུས་ལེགས་རྩྭ་རའི་ཐོན་ཁུངས་ཡོད། 2016ལོར་དབུལ་བྲལ་གནད་སྒྲོལ་དང་བསྟུན་ནས། ཧུ་ར་མ་སྡེ་བའི“ཨུ་ལྷན་གཉིས”དང་གྲོང་མིའི་འཐུས་མིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་གཅིག་སྡུད་གྲོས་བསྡུར་བྱས་པ་བརྒྱུད་འབྲི་གཡག་གསོ་ཚགས་ལ་བརྟེན་ནས་འབབ་འཕར་ལ་རམ་འདེགས་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་རགས་ཙམ་བྱས་ཡོད། རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཧུ་ར་མ་སྡེ་བའི་འབྲི་གཡག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས།
    ལོ་3རིང་ལག་ལེན་ལས་གནད་དོན་མང་པོ་ཁྱད་དུ་བསལ་དེ་ཐོན་ལས་གྲུབ་ཚུལ་ལེགས་འགྱུར་དང་ལེགས་སྒྲིག་བྱས་ནས།ཡུལ་བབ་དང་བསྟུན་ནས“གཟན་རྩྭ་སྤུས་ལེགས་འདེབས་འཛུགས་དང་ཕན་ཚུན་ཁ་གསབ་བྱེད་པའི”འདེབས་གསོའི་བསམ་ཕྱོགས་གསར་པ་བཏོན་པ་དང་། སྡེ་བ་དེའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།

    འཁོར་སྐྱོད་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱེད་ཆེད། མཉམ་ལས་ཁང་གིས“ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་བཙུགས་ནས་སྡེ་བའི་ཏང་ཀྲི་པུའུ་ཡིས་འབྲོག་པ་མང་ཚོགས་ཁྲོད་ནས་ལེགས་གྲས་གཅིག་བདམས་ཏེ་གསོ་ཚགས་དང་འབྲི་གཡག་ཐོན་ལས་གཉེར་སྐྱོང་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་གསོ་ཚགས་དུད་ཆེན་བདམས་ནས《རྩྭ་ར་བེད་སྤྱོད་གན་རྒྱ》བཞག་པ་རེད། རྩྭ་ར་མུའུ་2000བོགས་མར་བཏང་ཡོད། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁེ་གཙང་གི་30%རྩྭ་རའི་བོགས་དངུལ་ལ་བརྩིས་ནས་ལག་བསྟར་ཅིན་ལིའི་འགན་འཁུར་བ། གདན་ཞུ་བྱས་པའི་དབུལ་སྒྲོལ་དུད་ཚང་2ཀྱི་སྣེ་ཁྲིད་དེ་ཡུན་རིང་ཆེད་ལས་མཉམ་ལས་ཁང་གི་རྒྱུན་གཏན་འཁོར་སྐྱོད་སྲུང་སྐྱོང་ལས་དོན་སྤེལ་ཡོད། ཕྱུགས་རྩྭ་བརྔ་བསྡུ་བྱེད་རིང་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱེད་པ་དང་། འབྲོག་དུད་ངལ་རྩོལ་ནང་ཞུགས་སྐབས་མཉམ་ལས་ཁང་གིས་འཕྲུལ་ཆས་བཀོལ་སྤྱོད་ལག་རྩལ་པ་གདན་དྲངས་ནས་བརྔ་བསྡུ་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས་པ་རེད། ལོ་གཉིས་རིང་འབྲོག་དུད་ཀྱི་ལས་མི་མི་ཐེངས་4000ཟིན་ཡོད།
    “དེ་སྔ་ཕྱིར་ཞོར་ལས་སུ་འགྲོ་འདོད་ཆེན་པོ་ཡོད་ཀྱང་ཁྱིམ་མིར་ལྟ་རྟོག་བྱེད་ཐབས་བྲལ། བསམ་ཚུལ་འདི་ཐོག་མཐའ་བར་གསུམ་དུ་མངོན་འགྱུར་བྱུང་མེད། ད་ལྟ་ཡག་པོ་བྱུང་ཡོད། སྡེ་བའི་ནང་གི་གཟན་རྩྭ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་ཆོག་པས་ན་ནིང་ང་དང་བཟའ་ཟླར་ཟླ་རེར་གླ་ཆ་སྒོར་6000ལྷག་ཙམ་རག་བྱུང་། ཞེས་སྡེ་མི་ཀླུ་གྲུབ་ཀྱིས་དགའ་ཚོར་ཆེན་པོས་བཤད།

    “མིག་སྔར་རྟེན་གཞིར་ལོ་ལྟར་སྤུས་ལེགས་ཕྱུགས་རྩྭ་ཏུན་500ལྷག་ཐོན་གྱི་ཡོད། ཆ་སྙོམས་ཏུན་རེར་རིན་གོང་སྒོར་1300ཡས་མས་ཡིན་པ་དང་། ཞིབ་ཕྲའི་རིན་གོང་དེ་ལོ་དེའི་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་འཕར་ཆག་ཕྲན་བུ་ཡོད། ལོ་རེར་ས་གནས་དེ་གའི་སྡེ་མིར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཡོང་གི་ཡོད། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་5པའི་བར་ནི་ཕྱུགས་ཟོག་བཤས་གཏོང་ཚད་མང་ཤོས་ཀྱི་དུས་ཡིན་པས། ནོར་གནག་གི་རིན་གོང་མར་ཆག་པས།བྱ་ཐབས་མང་པོ་སྤྱད་དེ་ཕྱུགས་རིགས་གསོ་ཚགས་བྱེད་ཀྱི་ཡོད། ཟླ་6པ་ནས་ཟླ་10པའི་བར། ཕྱུགས་རྩྭ་སྤུས་ལེགས་འགོག་གསོ་འདེབས་འཛུགས་དང་ཐོན་རྫས་ཐོན་སྐྱེད་བྱེད་པ་དང་རྩྭ་ར་ཁ་ཐོར་དུ་གསོ་ཚགས་བྱེད་པར་བརྟེན་ཁེ་བཟང་རག་ཐབས་བྱས་ཏེ་ཕྱུགས་རྩྭ་དང་ཕྱུགས་ཟོག་རེས་མོས་ངང་འཚོང་བའི་འཁོར་རྒྱུག་རྣམ་པ་ཞིག་ཆགས་ཡོད།“ང་དང་བཟའ་ཟླ་གཉིས་ཀ་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཟླ་རེར་གླ་ཕོགས་བརྟན་པོ་རག་ཐུབ་པ་མ་ཟད། ད་དུང་ཁྱིམ་དུ་གསོས་པའི་འབྲི་གཡག་30གསོ་ཐུབ་ཀྱི་ཡོད།  ཅེས་སྡེ་མི་བསོད་ནམས་ཀྱིས་གསར་འགོད་པར་བཤད།
    ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ་བཅས་བྱས་པ་བརྒྱུད་ཧུ་ར་མ་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར“མེད་པ”ཐོལ་བརྒལ་བྱུང་ཡོད། 2019ལོར། ཕྱུགས་རྩྭ་ཏུན་500བརྔ་བསྡུ་བྱས་ཡོད། ལག་ཡོད་ཕྱུགས་རིགས་197ལ་ཁེ་སྤོགས་སྒོར་ཁྲི་50.5384ཟིན་ཡོད། མཉམ་ལས་ཁང་གིས་20%འཐེན་འཇོག་བྱས་པ་དང་ཁེ་སྤོགས་སྒོར་ཁྲི་15.165དང་འབྲོག་དུད་ཡོངས་ཀྱི་ཁེ་སྤོགས་སྒོར་ཁྲི་25.269ཟིན་ཡོད།
    ཧུ་ར་མ་སྡེ་བས་འདེབས་གསོའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད། གྲོང་ཚོའི་མཉམ་སྡེབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་། དོན་འཁྱོལ། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་དགོས། ཁེ་ཕན་བགོ་བཤའི་ལམ་ལུགས་འཛུགས་པར་གཙོ་ཁྲིད་བྱེད་པ་དང་། ཕྱོགས་སོ་སོ་ཞུགས་པའི་ཧུར་སེམས་མུ་མཐུད་སྐུལ་སློང་བྱ་དགོས། སྣ་མང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ནང་གནས་ཀྱི་སྒུལ་ཤུགས་མཁོ་འདོན་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1