༄༅།།《རང་ཉིད་ཁོ་ན་ལ་བདག་པའི་ཁང་མིག་གཅིག》ཅེས་པ་བཀླགས་རྗེས་ཀྱི་དེབ་དཔྱད་ཕྲན་བུ།

གཡུ་སྒྲོན་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-13



ལན་གྲུ། གཡུ་སྒྲོན་འཚོ།

དང་པོ། མཛད་པ་པོ།
        དེབ་འདིའི་མཛད་པ་པོ་ནི་དབྱིན་ཇིའི་སྐྱེས་མ་རྩོམ་པ་པོ་ཨའེ་ཏི་ལིས•ཧྥི་ཅི་ཉི་ཡ•ཝོལ་ཧྥུ(1882.1.25-1941.3.28)ཞེས་པ་དེ་ཡིན་ལ། མོ་ནི་དབྱིན་ཇིའི་སྐྱེས་མ་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ། རྩོམ་རིག་གཞུང་ལུགས་སྨྲ་བ་བཅས་ཡིན་པར་མ་ཟད། རྟོག་པ་འོག་འགྱུའི་རྩོམ་རིག་གི་འཐུས་ཚབ་མི་སྣ་དང་།  དུས་རབས་ཉི་ཤུ་པའི་དེང་རབས་རིང་ལུགས་དང་སྐྱེས་མ་རིང་ལུགས་ཀྱི་གདོང་ལེན་མི་སྣའི་མཚན་སྙན་ཐོབ་པའི་མི་སྣ་གྲགས་ཅན་ཞིག་ཡིན། མོའི་བརྩམས་ཆོས་ལ།  ཀུན་གྱིས་ཤེས་གསལ་ལྟར་རྟོག་པ་འོག་འགྱུའི་འཐུས་ཚབ་བརྩམས་སྒྲུང་གྲགས་ཅན《གྱང་ངོས་ཀྱི་ཁྲ་ཐིག》དང་།  དེ་མིན། 《སྒྲོན་སྟེགས་སྟེང་དུ་བསྐྱོད་པ》《ལྕམ་མོ་ཏ་ལོ་ཝེ》 སྐྱེས་མ་རིང་ལུགས་ཀྱི་བསམ་བློ་མཚོན་པའི་བརྩམས་ཆོས《ཨོ་ལན་ཏའོ》སོགས་དང་།  སྒྲུང་ཐུང་ཕྱོགས་བསྒྲིགས《འདྲེ་ཁང་དང་གཞན་དག》  ཐོར་རྩོམ《ཝོལ་ཧྥུ་ཡི་དཔེ་ཀློག་ཟིན་ཐོ》 དང《རང་ཉིད་ཁོ་ན་ལ་བདག་པའི་ཁང་མིག་གཅིག》 ཅེས་པ་སོགས་ཡོད།
གཉིས་པ། མཛད་དུས།
        1928ལོའི་ཟླ10པར། ཝོལ་ཧྥུ་ཡིས་ཅན་ཆའོ་སློབ་ཆེན་དུ་ སྐྱེས་མ་རྣམས་ལ་ཁ་གཏད་ནས་ཁ་བྱང་ལ“སྐྱེས་མ་དང་བརྩམས་སྒྲུང”ཞེས་པའི་གཏམ་བཤད་ཐེངས་གཉིས་ལ་སྤེལ་མྱོང་ཞིང་།  རྗེས་སོར་དེའི་རྨང་གཞིའི་སྟེང་དེབ་འདི་བྲིས་ཏེ1929ལོར་པར་སྐྲུན་བྱས།

གསུམ་པ། དཔེ་དེབ་མཚམས་སྦྱོར།
        དེབ་འདི་ནི་སྐྱེས་མ་རིང་ལུགས་ཀྱི་རྩོམ་རིག་བསམ་བློས་ཁྱབ་ཅིང་།  སྐྱེས་མ་དང་སྐྱེས་མའི་གསར་རྩོམ་དང་འབྲེལ་བའི་གཏམ་བཤད་ཐེངས་གཉིས་ཀྱི་མ་ཡིག་གཞིར་བཞག་སྒོས་བརྩམས་པའི་ས་བཅད་དྲུག་ཅན་གྱི་འབོལ་རྩོམ་དེབ་ཆུང་ཞིག་རེད། ཀྲུང་གོའི་སྐྱེས་མ་རིང་ལུགས་པ་ལི་དབྱིན་ཧི(李银河)ལགས་ཀྱིས་འོས་སྦྱོར་བྱས་པའི་སྐྱེས་མ་རིང་ལུགས་དང་འབྲེལ་བའི་རྨང་གཞིའི་དེབ་བདུན་གྱི་གྲས་ཡིན། དེབ་འདི་ལ་རྒྱ་ཡིག་གི་འགྱུར་འགའ་རེ་མཆིས་ཤིང་དབྱིན་ཡིག་གི་དེབ་བྱང《A Room of One’s Own》ཞེས་པར 《一间自己的房间》、《一间自己的屋子》、《一间只属于自己的房间》སོགས་ཀྱི་འགྱུར་མི་འདྲ་བ་ཁ་ཤས་ཡོད་པ་ལས་འདིར་ངོ་སྤྲོད་པར་བྱ་བ་ནི་རྗེས་མ་སྟེ།  ཀྲུའུ་ཡིན་ཆི་ཡིས་བསྒྱུར་ཅིང2019ལོའི་ཟླ10པར་ཐེན་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རང་ཉིད་ཁོ་ན་ལ་བདག་པའི་ཁང་མིག་གཅིག》(ISBN:978-7-201-15165-6)ཅེས་པ་དེ་ཡིན།  རྩོམ་པ་པོས་སྤྱིར་བཏང་གི་བབ་ཆགས་པའི་སྐད་ཆས་དཔེ་འགོད་གསོན་ཉམས་ཅན་དང་ལོ་རྒྱུས་དོན་དངོས། ལོ་རྒྱུས་མི་སྣ་དངོས་སོགས་ཀྱི་དཔེ་གཞི་མང་དུ་དྲངས་ནས་ཁ་བརྡའི་རྣམ་པར་བརྩམས་ཡོད་པས་ལྷོད་ཉམས་དང་གོ་བདེ་བའི་སྣང་བ་ཞིག་འདུག
        དེབ་འདིའི་ནང་དུ། “ཝོལ་ཧྥུ་ཡིས་ཕོ་དབང་སྤྱི་ཚོགས་ཁྲོད་དུ། སྐྱེས་མའི་འཚོ་གནས་ཀྱི་དཀའ་ངལ་དང་། ལོ་རྒྱུས་ཀྱིས་སྐྱེས་མར་བཟུང་བའི་ཕྱོགས་ཞེན་གྱི་ལྟ་སྟངས། སྐྱེས་མས་གདོང་གཏོད་དགོས་པའི་ཐུན་མོང་གི་ལས་དབང་། སྐྱེས་མ་དབུལ་པོ་ཡིན་པ་དེས་སྐྱེས་མའི་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་གནད་དོན་ཞིབ་བརྗོད་བྱས་ཡོད།”①ཅེས་བྱུང་བ་ལྟར།  དེབ་འདིར་མོས་གཙོ་བོ་སྐྱེས་མ་རྩོམ་པ་པོའམ་གསར་རྩོམ་བྱ་མཁན་སྟེ། ལྷག་པར་བརྩམས་སྒྲུང་གསར་རྩོམ་བྱེད་མཁན་ཞིག་ཡིན་ན་ངེས་པར་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ལ་ཕྱི་རྐྱེན་དང་ནང་རྐྱེན་གང་དག་འཛོམས་དགོས་ཚུལ་དང་། སྐྱེས་མའི་རྩོམ་རིག་གི་གོ་ས་མཐོན་པོ་མེད་པའི་རྒྱུ་རྐྱེན། སྐྱེས་མས་རང་ཉིད་ལ་བརྟེན་ནས་རྩོམ་རིག་སྒྱུ་རྩལ་གྱི་ལམ་བུར་ཇི་ལྟར་བགྲོད་དགོས་ཚུལ་སོགས་བྲིས་ཡོད་པས། རྩོམ་རིག་ལ་མོས་པ་ཡོད་ཅིང་གསར་རྩོམ་གྱི་ལས་ལ་འཇུག་མཁན་གྱི་སྐྱེས་མ་ཀློག་པ་པོ་ཞིག་ལ་མཚོན་ན་དེབ་འདི་ནི་མ་བཀླག་ཐུ་མེད་ཀྱི་གྲས་དང་། གཞན་ཡང་། དེབ་འདིར་སྐྱེས་མ་རྣམས་ཀྱིས་རང་ཉིད་ཀྱི་གནས་བབ་ལ་ངོས་འཛིན་གསལ་པོ་ཡོང་བ་བྱས་ཏེ། རང་སྟེང་གི་བག་ལ་ཉལ་བའི་ཐུན་མིན་གྱི་ནུས་སྟོབས་ཕྱིར་མངོན་ནས་ཐོག་མར་རང་ཉིད་ཀྱི་དཔལ་འབྱོར་སྒེར་ཚུགས་ཡོང་བ་བྱེད་དགོས་ཤིང་། དེ་ལ་བརྟེན་ནས་རང་ཉིད་ལ་དཔེ་ཀློག་དང་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཏེ་རང་ཉིད་ཡར་སྐྱེད་དང་བསམ་བློ་སྒེར་ཚུགས་ཡོང་བར་འབད་དགོས་ཚུལ་སོགས་ཀྱི་བསམ་བློ་མངོན་ཡོད་པས་སྐྱེས་མ་ཀློག་པ་པོ་ཞིག་ཡིན་ཕྱིན་ཅིས་ཀྱང་བཀླག་རི་བའི་དེབ་ཅིག་ཏུ་མཐོང་ངོ་།  །

བཞི་པ། ནང་དོན་མཚམས་སྦྱོར།
        དེ་ཡང་ཀློག་པ་པོ་སྟོང་ལ་ཧམ་ལེ་ཐི་སྟོང་ཞེས་པའི་དཔེ་ལྟར། ཀློག་པ་པོ་མི་འདྲ་བ་རེ་རེས་དེབ་གཅིག་བཀླགས་པ་ཡིན་ནའང་ཀློག་པ་པོ་སོ་སོས་དེབ་དེ་ལས་བསྔོགས་པའི་ཤེས་བྱའི་མ་ལག་དང་གཞིབ་པའི་བསམ་བློའི་ཉིང་བཅུད་སོགས་ལ་ཁྱད་པར་ཡོད་སྲིད་པས།  འདིར་རང་གིས་གོ་བ་ལོན་ཚད་ཀྱིས《རང་ཉིད་ཁོ་ན་ལ་བདག་པའི་ཁང་མིག་གཅིག》ཅེས་པའི་དེབ་ཀྱི་ནང་དོན་དཔེ་མཚོན་ཙམ་གཤམ་གྱི་ཕྱོགས་གསུམ་ནས་ངོ་སྤྲོད་པར་འདོད་པ་ལ།  ཐོག་མར། དེབ་འདིའི་རྩོམ་པ་པོ་ཁོང་ནས་གསུངས་པའི“དཔེ་ཀློག་དང་འབྲེལ་བའི་སྐོར་ནས། ང་ལ་བསམ་འཆར་གཅིག་མ་གཏོགས་མེད་དེ། གཞན་གྱིས་ཅི་བཤད་ལ་མི་ཉན་པར། རང་གི་རང་གཤིས་དང་རིག་སྟོབས་ཀྱི་རྗེས་འབྲངས་ནས་བསམ་བློ་བཏང་རྗེས་རང་ཉིད་ཀྱི་སྡོམ་ཚིག་ཐོབ་ཐུབ་ན་དེས་ཆོག”ཅེས་པ་འདིས་རང་ཉིད་ལ་སྙིང་ཕུར་ཞིག་ཀྱང་བརྡབས་པ་ཡིན།

གཅིག    སྐྱེས་མ་དང་གསར་རྩོམ་ལག་ལེན།
        འདིར་སྐྱེས་མའི་གསར་རྩོམ་དང་འབྲེལ་བའི་དགོངས་པ་གཙོ་བོ་ནི། “གལ་ཏེ་སྐྱེས་མ་ཞིག་གིས་གསར་རྩོམ་བྱ་འདོད་ན། ངེས་པར་དུ་དངོས་པོ་གཉིས་ཀྱི་མཐུན་རྐྱེན་འཛོམས་དགོས་ཏེ། གཅིག་ནི་དངུལ་སྒོར་དང་ཅིག་ཤོས་ནི་རང་ཉིད་ཁོ་ན་ལ་བདག་པའི་ཁང་མིག་ཅིག་ཡིན།”②ཞེས་གསུངས་པ་ལྟར། སྐྱེས་མ་ཞིག་གིས་གསར་རྩོམ་བྱ་དགོས་ན་ངེས་པར་དུ་དཔལ་འབྱོར་དང་བར་སྟོང་གི་མཐུན་རྐྱེན་ཚང་དགོས་པ་བསྟན་པ་རེད། འདི་ནི་རྩོམ་པ་པོས་དངོས་ཡོད་ཀྱི་གནས་ཚུལ་དང་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་གཞིགས་ནས་བཏོན་པའི་ལྟ་བ་གལ་ཆེན་ཞིག་ཀྱང་རེད། སྤྱིར་རྩོམ་པ་པོའམ་གསར་རྩོམ་བྱ་མཁན་ཞིག་ལ་མཚོན་ན། ཕོ་མོ་རྒན་གཞོན་དང་གནའ་དེང་ཕྱི་ནང་ལ་ཁྱད་མེད་པར་ཕྱི་དངོས་པོའི་མཐུན་རྐྱེན་དང་ནང་བསམ་བློའི་བློ་སྦྱོང་། རྩོམ་རིག་ལ་འགྱུར་མེད་ཀྱི་དད་མོས་ཤིག་དང་གསར་རྩོམ་ལ་ལྷོད་མེད་ཀྱི་བརྩོན་པ་ཞིག་དགོས་པ་སོགས་འཛོམས་དགོས་པའི་ཆ་རྐྱེན་མི་ཉུང་བ་ཞིག་ཡོད་སྲིད་པ་འདྲ་འདྲ་ཡིན་ངེས་མོད།  འདིར་དམིགས་ཀྱིས་སྐྱེས་མ་གསར་རྩོམ་མཁན་ཞིག་ལ་མཚོན་ན་ཐོག་མར་ཅིས་ཀྱང་དངོས་པོའི་མཐུན་རྐྱེན་ཏེ་དཔལ་འབྱོར་གྱི་གནད་དོན་དང་བར་སྟོང་གི་ཆ་རྐྱེན་འདི་གཉིས་ཐག་གཅོད་དགོས་པར་བསྟན་པ་ལ་རྒྱུ་མཚན་ཡོད་པར་འདོད་དེ།  གཅིག་ནས་རྩོམ་རིག་སྒྱུ་རྩལ་ནི་མིའི་རིགས་འཚོ་གནས་ཀྱི་དགོས་མཁོའི་སྐས་རིམ③ལས་རིམ་པ་མཐོ་ཤོས་ཏེ་དངོས་པོའི་འཚོ་རྟེན་གྱི་དགོས་མཁོ་འགྲུབ་རྗེས་ད་གཟོད་བསམ་པའི་དགོས་མཁོ་འཚོལ་སྙེག་བྱེད་པའི་རིམ་པར་ཡོད་པས། སྐས་རིམ་དང་པོ་རྡོག་པས་མནན་རྗེས་ད་གཟོད་སྐས་རིམ་གཉིས་པར་སྤོ་དགོས་པ་ནི་སྤྱིར་བཏང་གི་འགྲོ་རིམ་ཡིན་པ་དང་། གཉིས་ནས་སྐྱེས་མ་གསར་རྩོམ་མཁན་ཞིག་ལ་མཚོན་ན་དངོས་པོའི་མཐུན་རྐྱེན་དང་དཔལ་འབྱོར་གྱི་ཆ་རྐྱེན་རང་ཉིད་ནས་ཐག་གཅོད་བྱ་མི་ནུས་པ་ཡིན་ན། ནམ་ཡང་གཞན་དབང་གི་ར་བ་ལས་འབུད་ཐབས་མེད་པ་དང་གཞན་བརྟེན་གྱི་འདུ་ཤེས་རབ་རིབ་པའི་རྒྱ་བར་ནས་ཐར་དཀའ་བར་མ་ཟད། རང་ཉིད་ཀྱི་ལ་རྒྱ་དང་རང་དབང་སོགས་ཀྱང་གླེང་ཐབས་མེད་པས། རང་ཉིད་ལ་ཡིད་ཆེས་དང་སྙིང་སྟོབས་ཆེན་པོས་བསམ་བློ་སྒེར་ཚུགས་ཡོང་བ་བྱ་བར་ཤུགས་རྐྱེན་ཐེབས་སྲིད་པ་རེད།
        དེ་མིན། རྩོམ་པ་པོ་མོ་རང་ནས་ཀྱང“བློ་སྟོབས་ཀྱི་རང་དབང་ཐམས་ཅད་དངོས་པོའི་ཁོར་ཡུག་ལ་བརྟེན་དགོས་ཤིང་། སྙན་ངག་ནི་བློ་སྟོབས་ཀྱི་རང་དབང་ལ་བརྟེན་ནས་བྱུང་བ་ཡིན།  སྐྱེས་མ་དབུལ་ཕོངས་སུ་གྱུར་ནས་ལོ་ངོ་ཉིས་བརྒྱ་ཙམ་གྱིས་ག་ལ་ཚད་དེ། སྐྱེས་མ་ལོ་རྒྱུས་སྟེང་མ་གཞི་ནས་དབུལ་ཕོངས་བྱས་ནས་ཡོང་བ་རེད། སྐྱེས་མའི་རིག་སྟོབས་ཐད་ཀྱི་རང་དབང་ནི་ཡ་ཏེན་གྱི་བྲན་གཡོག་སྐྱེས་པ་དང་ཡང་བསྡུར་ཐབས་མེད་པས། སྐྱེས་མ་སྙན་ངག་པ(རྩོམ་པ་པོ)  བྱུང་བའི་རེ་བ་ཤིན་ཏུ་ཉག་ཕྲ་བ་རེད། འདི་ནི་ངས་ཅིའི་ཕྱིར་དངུལ་སྒོར་དང་རང་ལ་དབང་བའི་ཁང་མིག་ཅིག་ནན་བཤད་ཡང་ཡང་བྱེད་དགོས་པའི་རྒྱུ་མཚན་ཡིན།”④ཞེས་གསུངས་པས་ཀྱང་རྟོགས་ནུས་སོ། །

གཉིས།  སྐྱེས་མ་དང་རྩོམ་རིག་བརྩམས་ཆོས།
        རྩོམ་པ་པོས་དཔེ་མཛོད་ཁང་དུ་ཆེད་དམིགས་ཀྱིས་སྐྱེས་མ་དང་འབྲེལ་བའི་དེབ་དང་སྐྱེས་མས་བརྩམས་པའི་དཔེ་དེབ་བཙལ་འཚོལ་བྱས་པའི་མཇུག་འབྲས་ནི་ཁོ་མོའི་བློ་སེམས་ཕམ་དགོས་པ་ཞིག་ཏུ་གྱུར་ཡོད།“ཁྱོད་ཀྱིས་ཤེས་སམ། ལོ་གཅིག་ནང་སྐྱེས་མ་དང་འབྲེལ་བའི་དེབ་ག་ཚོད་ཅིག་དཔར་སྐྲུན་བྱེད་ཀྱིན་ཡོད་དམ། དེའི་ནང་ག་ཚོད་ཅིག་ནི་སྐྱེས་པས་བྲིས་པ་རེད་དམ།  ཁྱོད་ཀྱིས་རང་ཉིད་ནི་སའི་གོ་ལའི་སྟེང་གཏམ་བརྗོད་སྤེལ་བ་ཆེས་མང་སའི་སྲོག་ཆགས་དེ་ཡིན་པ་ཤེས་ཚོར་བྱུང་ཡོད་དམ།”ཞེས་དང་། “ངས་ཡིག་འབྲུ་དང་པོ Mཅན་གྱི་དཔེ་དེབ་བཙལ་བ་ཡིན། —— དེར་སྐྱེས་པ་རྩོམ་པ་པོའི་བརྩམས་ཆོས་ཁོ་ན་ལས་མི་འདུག  སྐྱེས་མས་དཔེ་ཆ་བརྩམས་ཏེ་སྐྱེས་པར་ཞིབ་འཇུག་བྱ་མི་སྲིད། ……”ཅེས་ཐོག་མར་བརྩམས་ཆོས་ཀྱི་གྲངས་ཀའི་ཐད་ནས་སྐྱེས་པ་དང་སྐྱེས་མའི་བརྩམས་ཆོས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ལས་མོ་ལ་བསམ་བློ་གཏོང་རྒྱུ་མང་པོ་ཞིག་བྱུང་ཞིང་། “སྐྱེས་པ་ཞིག་ཡིན་ཕྱིན་ཚང་མས་སྙན་ངག་འབྲི་ནུས་པའི་དུས་རབས་ཤིག་ལ། སྐྱེས་མས་འོད་མདངས་བཀྲ་བའི་རྩོམ་རིག་བང་མཛོད་ནང་དུ་ཡིག་འབྲུ་གཅིག་ཀྱང་བཞག་མེད་པ་ནི་ཅིའི་ཕྱིར་ཡིན་ནམ། འདི་ནི་དུས་གཏན་གྱི་གབ་ཚིག་ཅིག་རེད།”⑤ཅེས་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན་རྩོམ་རིག་གི་མངའ་ཐང་ཆེན་པོ་ན་སྐྱེས་མའི་རྩོམ་རིག་གི་གྲིབ་སོ་ནི་རབ་རིབ་དང་མག་མོག་ཅིག་ཏུ་སྣང་ལ། དེབ་ཀྱི་རིགས་སྣའི་ཐད་ནས་ཀྱང་སྐྱེས་མས་བྲིས་པའི་སྒྲུང་གཏམ་རེ་གཉིས་ལས་སྐྱེས་མས་བྲིས་པའི་གནའ་དཔྱད་རིག་པའི་དེབ་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་དེབ་སོགས་མ་མཐོང་བས། མོས་དེའི་རྒྱུ་མཚན་དང་རྩ་བར་བསམ་བློ་ཡང་ཡང་བཏང་། མཐར་དེ་དག་གི་རྒྱུ་མཚན་ནི་སྔར་བཞིན་སྐྱེས་མས་མྱངས་པའི་སློབ་གསོ་དང་གསར་རྩོམ་གྱི་ལག་ལེན་སོགས་དང་འབྲེལ་ཞིང་། གསར་རྩོམ་གྱི་ལག་ལེན་དེ་ཡང་དངོས་པོའི་རྨང་གཞི་དང་བསམ་བློའི་བློ་སྦྱོང་སོགས་ལ་འབྲེལ་བའི་རྒྱུ་འབྲས་གཏན་ཚིགས་ཀྱི་འབྲེལ་བ་རྙེད་ཡོད།

གསུམ།  སྐྱེས་མ་དང་དཔེ་ཀློག་དུས་ཚོད།
        ནམ་རྒྱུན་ཚང་མས་གླེང་མོལ་སྣ་ཚོགས་བྱ་སྲིད་པའི་གནད་ཅིག་སྟེ།   སྐྱེས་མ་རྩོམ་འབྲི་བ་ཞིག་ལ་མཚོན་ན།   ཁྱིམ་གྱི་ལས་ཀ་དང་རང་གི་ལས་ཀ དཔེ་ཀློག་དང་རྩོམ་འབྲིའི་ལས་ཀ་བཅས་ཀྱི་དུས་ཚོད་བཀོད་སྒྲིག་དང་བྱ་བ་སྙོམ་སྒྲིག་ཇི་ལྟར་བྱ་ཚུལ་སོགས་ཀྱི་ཐད་ལ་ལྟ་ཚུལ་སྣ་ཚོགས་འབྱུང་གིན་ཡོད་པ་རེད།  དེར་ལོ་ངོ་བརྒྱ་ལྷག་གི་སྔོན་ལ་ཝོལ་ཧྥུ་ཡིས “སྐྱེས་མས་ཐབས་བརྒྱ་ཇུས་སྟོང་སྒོས་ལོ་རེར་དབྱིན་པང་ལྔ་བརྒྱ་བཙལ་ནུས་པའི་སྐབས་སུ། ཁྱོད་ཀྱིས་ཚོར་ངེས་ཏེ། གོ་སྐབས་མེད་པ་དང་སྦྱོང་བརྡར་མེད་པ། དུས་ཚོད་མེད་པ་དང་དངུལ་ལོར་མེད་པས་ལན་སོང་ཞེས་པའི་ཁ་གཡོར་ས་དེ་དག་བཀོལ་དགོས་མེད།”⑥ཅེས་ནད་བརྒྱ་སྨན་གཅིག་གི་ཚུལ་དུ་ཚིག་ཐག་ཆོད་པའི་སྒོ་ནས་ལན་གསུངས་ཡོད་པ་རེད། སྐད་ཆ་འདི་ནི་ཅི་འདྲའི་རྙིང་རྒྱུ་མེད་པ་ཞིག་རེད་ཨང་།  མ་མཐའ་ཡང་ད་ལྟའི་སྐྱེས་མ་རྩོམ་འབྲི་བ་དག་གི་དངོས་ཡོད་གནས་ཚུལ་དང་ཅི་འདྲའི་ཁ་འཕྲོད་པ་ཞིག་རེད།  འདིའི་ཐད། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་སྐྱེས་མའི་རྩོམ་འབྲིའི་ཐད་ཀྱི་དྲི་བ་ཞིག་ལ་ལན་འདི་ལྟར་གནང་ཡོད་དེ། “གལ་ཏེ་སེམས་ཤུགས་དང་མོས་པ་ཡོད་ན་དུས་ཚོད་རང་གིས་ཡོད་པར་བྱེད་ཆོག་པ་རེད། དཔེར་ན། བོད་ཀྱི་བུད་མེད་ཀྱིས་ཀྱང་མ་མ་གླས་ཏེ་རང་ཉིད་ཀྱི་ཤེད་ཤུགས་ལས་དོན་གྱི་ཕྱོགས་སུ་བཀོལ་ཆོག་པ་ཡིན། དེང་བོད་ཀྱི་ལས་བྱེད་པ་ཕལ་ཆེ་བ་ཁྱོ་ཤུག་གཉིས་ཀ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ལ། ཁང་པའང་ཆེན་པོ་ཡོད། དེ་བས་ངས་ལས་རིགས་གསུམ་པར་གྱུར་པའི་སྒོ་ནས་རྩོམ་འབྲིའི་མི་མཐུན་རྐྱེན་བཤད་པ་དེ་ཁས་ལེན་བྱེད་མི་ཐུབ།”⑦ཅེས་སེམས་ཤུགས་དང་དངོས་སྟོབས་ཀྱིས་སྐྱེས་མའི་གསར་རྩོམ་གྱི་བཀག་རྒྱ་སེལ་ཐུབ་པའི་དགོངས་ཚུལ་བསྟན་ཡོད་པ་ལྟ་བུས་ཀྱང་མཚོན་ཐུབ།

མཇུག་སྡུད་པ།
        དེབ་འདིར་རྩོམ་པ་པོས་འདས་པའི་དུས་ཀྱི་ཉམ་ཐག་པའི་སྐྱེས་མའི་གནས་སྟངས་སྤྱི་དང་ལྷག་པར་སློབ་སྦྱོང་དང་དཔེ་ཀློག་ལ་བརྟེན་ནས་རང་གི་ལྷན་སྐྱེས་ཀྱི་འཇོན་ནུས་སྔོག་འདོན་བྱེད་པའི་གོ་སྐབས་ཉུང་བ། ཕུགས་བསམ་དང་རང་དབང་འཚོལ་སྙེག་བྱེད་པར་བཀག་རྒྱ་མང་བ་སོགས་སྐྱེས་མར་འཕྲད་པའི་གནད་དོན་མང་པོས་གླེང་བསླངས་ཐོག  དེ་དག་གི་ཕྱི་རོལ་གྱི་རྒྱབ་ལྗོངས་ཆེན་པོ་སྟེ། ཁྲིམས་ལུགས་དང་ཆོས་ལུགས། མི་རིགས་ཀྱི་གོམས་སྲོལ་སོགས་ཀྱིས་སྐྱེས་མའི་མགོ་ཐོག་ལ་མི་མངོན་པའི་ན་བུན་སྟུག་པོ་ཞིག་དཀྲིས་ཡོད་པའི་དབང་གིས། སྐྱེས་མས་རང་སྟོབས་ཀྱིས་མགོ་བོ་བཀྱགས་ནས་རང་ཉིད་ཀྱི་ཁ་རྒྱབ་ལ་འགན་ཁུར་པའི་གོམ་པ་དང་པོ་སྤོ་བའི་སྙིང་སྟོབས་མེད་སོང་བ་དང་། དེ་འབྲེལ་སྒྱུ་རྩལ་དང་རྩོམ་རིག་གསར་རྩོམ་གྱི་བགྱི་བ་ལྷུ་རུ་ལེན་རྒྱུའང་དྲན་སྲིད་ཀྱང་བསྒྲུབ་མི་སྤོབས་པ་ཞིག་ཆགས་པ་སོགས་གླེང་བརྗོད་སྣ་མང་བྱས་ཡོད་པས།  སྐྱེས་མ་རིང་ལུགས་ཀྱི་རྩོམ་རིག་ཞིབ་འཇུག་པ་ཞིག་ལ་མཚོན་ནའང་མ་བཀླག་ཐུ་མེད་ཀྱི་དེབ་མཆོག་ཅིག་ཏུ་འཁུམས་སོ་ཞེས་ཀྱང་ཞུའོ། །



① 豆瓣网:www.douban.com
② 《一间只属于自己的房间》费吉尼亚·伍尔夫 著  周颖琪 译 天津人民出版社  第2页
③ 马斯洛人类需求金字塔理论
④ 《一间只属于自己的房间》费吉尼亚·伍尔夫 著  周颖琪 译 天津人民出版社  第141页
⑤ 《一间只属于自己的房间》费吉尼亚·伍尔夫 著  周颖琪 译 天津人民出版社  第53页
⑥ 《一间只属于自己的房间》费吉尼亚·伍尔夫 著  周颖琪 译 天津人民出版社  第147页
⑦ 《བོད་མོའི་དོགས་གཞི་དང་ཐུན་མོང་གི་ལྟ་ཚུལ།》 མགོན་པོ་སྐྱིད་ཀྱིས་སྒྲིག་རྩོམ་བྱས།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ཤ108


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1