༄༅།།ཞོགས་པ་དེར། ཕ་ཡུལ་དྲན་པ།

ཁ་བ་ན་རོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-13



མཚོ་ལྷོ། ཁ་བ་ན་རོ།

ཞོགས་པ་དེར
ངའི་སེམས་པ་མཁའ་དབུགས་ཀྱིས་བརྟོལ་ཏེ
ཉི་རྩེ་འདྲ་བའི་དྲན་པ་ཕ་ཡུལ་གྱི་པང་ལ་འཕྲོས
དེ་དུས
ཨ་མའི་རྩྭ་ཐང་ནས་འབྲི་མོའི་ངུར་སྒྲ་དང་བཞོ་དབྱངས་མཆེད་ཡོང
ཨ་ཕའི་རྩྭ་ཐང་ནས་རྟ་མཆོག་གི་མཚེར་སྒྲ་དང་གོམ་སྒྲ་གྲག་ཡོང
རྫི་མོའི་རྩྭ་ཐང་ནས་སྒོ་ཟོག་གི་རྨིག་སྒྲ་དང་ལ་གཞས་རྫ་ལ་གཏོར
ད་དུང་འབྲོག་པ་ཚོའི་རྩྭ་ཐང་ན་མི་རྣམས་ངལ་བ་མེད་པར
འགྲུལ་བཞུད་ཀྱི་ལམ་སྣེ་རྒྱང་ལ་འཐེན
དངོས་གནས་རི་མོར་བྲིས་འདྲའི་ངའི་གཅེས་སུ་འོས་པའི་ཕ་ཡུལ
མཐོ་སྒང་གི་བར་ན་དཀྱེལ་ཡངས་ཀྱིས་བྱོན་པའི་ཕ་ཡུལ
ཁྱོད་ནི་ངའི་དྲན་པར་ན་བུན་བཞིན་དུ་འཐིབས་འོང
ཁྱོད་ནི་ངའི་སེམས་པར་ཁ་བ་བཞིན་དུ་འཐོར་འོང
ད་དུང་ཞོགས་པ་རེ་རེར་ཕ་ཡུལ་དྲན་དུས
ཕ་ཡུལ་ན་མཐོ་ཞིང་བརྗིད་པའི་རི་རབ
གསེར་མདོག་གིས་བཞུར་བའི་ཉི་མ
དཀྱེལ་ཡངས་ཀྱི་རྩྭ་ཐང་དང་ནམ་མཁའ
རྒྱུན་རིང་བའི་དྭངས་གསལ་གྱི་ཆུ་མོ་དང་རྡོ་བ
མེ་ཏོག་དང་ནེའུ་གསིང སྤང་རི་དང་རྫ་རི
སྦྲ་ནག་གྲུ་བཞི་དང་ལྷས་ར་གོར་མོ
ད་དུང་མིག་རིག་རིག་ཏུ་འཛུམ་གྱིན་པའི་བྱིས་པ་ཚོ
གར་ལ་རོལ་བ་དང་འདྲ་བའི་བེའུ་དང་ལུ་གུ་ཆུང་ཆུང
ཐོ་རེངས་དང་ས་སྲོས་དུས་ཀྱི་བྱ་བྱེའི་ཡི་སྐད་སྙན་དག
ངའི་ཕྱི་མིག་གི་ཀློང་ནས་འཁྲེང་ཞེན་གྱིས་གཏོང་མ་ཐུབ་པ་དེ་དག་ཡིན་ལ
སེམས་ཀྱི་གླན་ས་དང་ལུས་ཀྱི་འཁོར་ཕྱོགས་ཡང་དེ་དག་ཡིན
ཀྱེ སྙིང་དུ་སྡུག་པའི་ཕ་ཡུལ་ལགས
ཁྱོད་ནི་ངའི་ཞེ་སེམས་ལ་ཉི་འོད་བཞིན་དུ་འཕྲོ་འོང
ཁྱོད་ནི་ངའི་མིག་ལམ་ལ་གློག་བརྙན་བཞིན་དུ་འཆར་འོང


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1