༄༅།།བརྩོན་པས་རྨོངས་མུན་སེལ་བ་དང་། ། དཀའ་སྡུག་རེ་ལ་འབྲས་བུ་རེ།།

རྟ་མགྲིན་དབང་ཕྱུག་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-13



ཀྲའོ་ཧུའེ་ཧྥེང་གིས་བརྩམས། རྟ་མགྲིན་དབང་ཕྱུག་གིས་བསྒྱུར།

        ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་གསུང་ཚིག་མང་པོ་ཡོད་ཅིང་། དེ་ལས་གཅིག་ནི། གཞན་ལས་སྔ་མོ་ནས་བརྩོན་འགྲུས་ཆེན་པོས་འབད་པ་བྱས་ན། ད་གཟོད་རྒྱལ་ཁའི་བྲོ་བ་མྱོང་ཐུབ་ཅེས་པ་དེ་རེད། བདེན་ཏེ། རྒྱལ་ཁ་ཡོད་ཚད་རྔུལ་ཆུ་དང་འབྲལ་ཐབས་མེད་ལ།བརྩོན་འགྲུས་དང་འབྲལ་ཐབས་མེད། ལྷན་སྐྱེས་ཀྱི་ཤེས་རབ་ལྡན་མིན་གང་ཡིན་ཡང་། བརྩོན་འགྲུས་ནི་ནམ་ཡང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། གལ་སྲིད་ང་ཚོར་ཤེས་ཡོན་མཐོན་པོ་ཞིག་ལྡན་ཚེ། བརྩོན་འགྲུས་ཀྱིས་དེ་ལ་འོད་སྣང་ཚད་མེད་འཕྲོ་རུ་འཇུག་ཐུབ། དེ་མིན་བློ་རིག་དང་ནུས་པ་འབྲིང་ཙམ་ཞིག་ཡིན་ནའང་།བརྩོན་འགྲུས་ཀྱིས་དེར་ཁ་གསབ་བྱེད་ངེས། གལ་སྲིད་དམིགས་བྱ་གསལ་ཞིང་ཐབས་ལམ་ཡང་དག་ཡིན་ན།བརྩོན་འགྲུས་ཀྱིས་དེ་ལ་འབྲས་བཟང་སྨིན་པར་བྱེད་ངེས།
        “བརྩོན་པས་རྨོངས་མུན་སེལ་བ་དང་།དཀའ་སྡུག་རེ་ལ་འབྲས་བུ་རེ། །”མིང་དུ་གྲགས་པའི་ཚན་རིག་པ་ཨའེ་དབྱིན་སི་ཐན་ནི་དཔེ་གསོན་པོ་ཞིག་རེད།
        ཨའེ་དབྱིན་སི་ཐན་ནི་མིང་དུ་གྲགས་པའི་ཚན་རིག་པ་ཞིག་ཡིན།ཡིན་ཡང་ཁོའི་རིག་པ་དང་འཇོན་ཐང་ནི་ལྷན་སྐྱེས་ནས་ཡོད་པ་ཞིག་མ་ཡིན།བཤད་རྒྱུན་ལྟར་ན་ཁོ་རང་སྔོན་ཆད་ཕུལ་བྱུང་གི་སློབ་མ་ཞིག་མིན་ལ་ཐ་ན་མི་གཞན་གྱིས“གླེན་པ”ཞིག་ཡིན་པར་འདོད། ཁོ་ཅིའི་ཕྱིར་གག་ཕྲུག་མདོག་མེད་ཅིག་ནས་ངང་བར་འགྱུར་ཐུབ་བྱུང་ངམ་ཟེར་ན། རྒྱུ་མཚན་ནི་ཁོ་རང་གི་རྒྱལ་ཁའི་སྤྱི་འགྲོས་ཞིག་ལ་རག་ལས་པ་རེད། དེ་ནི། རྒྱལ་ཁ=བརྩོན་འགྲུས+ཡང་དག་པའི་བྱེད་ཐབས+སྨྲ་བ་ཉུང་བ་ཞེས་པ་དེ་རེད།
        ཆུང་དུས་སུ་ཁོ་ནི་ཀུན་གྱིས་གཅིག་མཐུན་དུ་བསམ་པའི“གླེན་པ”ཞིག་ཡིན།རྒྱུན་དུ་སློབ་གྲོགས་གཞན་གྱི་བརྙས་བཅོས་མྱོང་བ་རེད།ཁོའི་རིག་པ་རྟུལ་བས་དགེ་རྒན་གྱིས་དུས་རྒྱུན་སྡུག་དམོད་དང་ཆད་པ་གཅོད་ངེས།དགེ་རྒན་དང་སློབ་གཙོ་ཀུན་གྱིས་ཁོ་གཏན་ནས་འཇོན་མི་ཞིག་ཏུ་འགྱུར་མི་སྲིད་སྙམ།བཟོ་རྩལ་སློབ་ཁྲིད་ཅིག་གི་སྐབས་སུ་བྱིས་པ་གཞན་དག་གིས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ལེགས་པོ་ཡར་སྤྲོད་དུས་ཁོ་རང་གིས་ཤིང་གི་རྐུབ་སྟེགས་རྫོབ་པོ་ཞིག་སྤྲད།དགེ་རྒན་གྱིས་རྐུབ་སྟེགས་དེ་བླངས་ནས“ངས་བསམས་ན་འཇིག་རྟེན་སྟེང་འདི་ལས་ཐབས་རྡུགས་པའི་རྐུབ་སྟེགས་ཤིག་ཡོད་པ་མ་རེད།”ཚང་མའི་དགོད་སྒྲའི་ཁྲོད་ཨའེ་དབྱིན་སི་ཐན་གྱིས་གདོང་མདོག་དམར་པོར་འགྱུར་བཞིན“ངས་བསམས་ན་དེ་ལྟ་བུའི་རྐུབ་སྟེགས་ཡོད་པ་རེད”ཅེས་བཤད་ཞོར་ཁོས་ཙོག་ཙེའི་འོག་ནས་རྐུབ་སྟེགས་རྙིང་གོག་གཉིས་བླངས་ནས“འདི་ནི་ངའི་ཐེངས་སྔོན་མ་གཉིས་ལ་ལས་པ་ཡིན།ཁྱེད་ལ་སྤྲད་པ་ནི་ཐེངས་གསུམ་པར་ལས་པ་ཡིན།ཡག་པོ་མེད་ཀྱང་སྔོན་མ་གཉིས་ལས་བཟང”ཞེས་དབུགས་ཐེངས་གཅིག་གིས་དེ་འདྲ་མང་པོ་ཞིག་བཤད་པས། ཁོ་རང་ཉིད་ཀྱང་ཧ་ལས་སུ་བཅུག་པ་མ་ཟད། དགེ་རྒན་ཡང་ཁ་གདངས་མིག་ཅེར་ནས་བསྡད།
        རང་རྒྱལ་གྱི་མིང་དུ་གྲགས་པའི་གྲངས་རིག་པ་ཧྭ་ལུའོ་ཀེན་གྱིས་གསུང་རྒྱུར། “ངས་མི་ལ་ལྷན་སྐྱེས་ཀྱི་ཁྱད་པར་ཡོད་པ་ཁས་ལེན་མོད།འོན་ཀྱང་རྩ་བའི་གནད་དོན་ནི་བརྩོན་འགྲུས་ཡིན། ང་རང་ཆུང་དུས་སློབ་གྲྭ་འགྲིམ་སྐབས། ཁྱིམ་མི་དག་གིས་ང་གླེན་པ་ཞིག་རེད་ཟེར་བ་དང་།དགེ་རྒན་གྱིས་ཀྱང་ང་ལ་གྲངས་རིག་སློབ་པའི་འཇོན་ནུས་མི་འདུག་ཟེར། དེ་ནི་ང་ལ་མཚོན་ན་དོན་ངན་ཞིག་མིན། ངས་རང་གིས་མི་ནུས་པ་ཤེས་པས།སྔར་ལས་འབད་འབུངས་དང་དུས་རྒྱུན་རང་ཉིད་ལ་རང་གི་བརྩོན་འགྲུས་ཀྱིས་འདང་མིན་ཕྱིར་འདྲི་བྱས་པ་ཡིན།”
        རྒྱལ་ཁའི་འབྲས་བུ་ནི་བརྩོན་འགྲུས་ཀྱི་རྔུལ་ཆུ་ལས་ཐོབ་པ་ཡིན་ལ། དཀའ་སྡུག་རེ་ལ་འབྲས་བུ་རེ་ཟེར་བ་བཞིན། ཉིན་ཐོག་ཟླ་བརྩེགས་དང་ཆུ་ཐིགས་བསགས་ནས་རྒྱ་མཚོ་ལྟར། ཉུང་ནས་མང་དུ་བསགས་ན། ད་གཟོད་ངོ་མཚར་བའི་མཛད་རྗེས་འབྱུང་ངེས།
        འཚོ་བའི་ཁྲོད། “བརྩོན་འགྲུས་ཀྱིས་རྨོངས་པ་སེལ་བའི་བསླབ་བྱའི་གནས་ལུགས”དེ་མི་མིང་གྲགས་ཅན་ཁོ་ནའི་ལས་དོན་དཔེར་བཀོད་ནས་སྟོན་དགོས་པ་ཞིག་ག་ལ་ཡིན། གལ་སྲིད་ཁྱོད་ཀྱིས་རང་གི་ཉེ་འཁོར་གྱི་སློབ་གྲོགས་དག་ལ་ཞིབ་ལྟ་བྱས་ཚེ། ཁོ་ཚོ་མི་མང་པོ་ཞིག་ཀྱང་མི་མིང་གྲགས་ཅན་དེ་དག་དང་འདྲ་བར་བརྩོན་འགྲུས་ཀྱི་སྙིང་སྟོབས་ལྡན་པ་ཤེས་ཐུབ།‌ ཁྱེད་རང་བརྙན་འཕྲིན་ཟློས་གར་གྱི་རྩེད་མོར་གཡེང་ཐེངས་གང་མང་ཞིག་ལ། ཁོ་ཚོས་སྒྲོན་མེའི་འོད་ལ་བརྟེན་ནས་ཤེས་བྱ་འཚོལ་བཞིན་ཡོད། ཁྱེད་རང་གྲོགས་པོ་དང་དོན་མེད་ལབ་གླེང་བྱེད་ཐེངས་གང་མང་ཞིག་ལ། ཁོ་ཚོ་རྩིས་གཞི་དང་དྲི་བ་སྣ་ཚོགས་ལ་འཐམ་ནས་ཡོད། ཁྱེད་རང་སློབ་གྲྭ་ནས་ཕྱིར་ཡུལ་ལ་འབྱོར་རྗེས་ཇི་ལྟར་ལྷོད་ལྷོད་གནང་རྒྱུར་བསམ་བློ་འཁོར་བའི་དུས་སུ། ཁོ་ཚོས་དབྱིན་སྐད་ཀྱི་ཐ་སྙད་བློར་སྐྱོར་བཞིན་འགྲོ་བ་རེད། ཡང་གཅིག་བཤད་ན་ཁོ་ཚོའི་བློ་གྲོས་དེ་ཁྱེད་ཀྱི་དོ་ཡ་མིན་ཡང་སྲིད་མོད།འོན་ཀྱང་མཐའ་མར་འབྲས་བུ་གཟེངས་སུ་ཐོན་པ་ནི་ཁོ་ཡིན་པ་ལས་ཁྱོད་མིན་པ་དེ་ཅི་ཡིན་ནམ།
        སློབ་ལ་བརྩོན་འགྲུས་ལྡན་གྱུར་ན། །བློ་གྲོས་དམན་ཡང་འབྲས་བུ་སྨིན། ། དེའི་ཕྱིར། རང་ལ་ལྷན་སྐྱེས་ཀྱི་བློ་གྲོས་དམན་པར་བསམ་པའི་གྲོགས་པོ་དག་གིས་སྐྱོ་སྣང་མི་འཛིན་པར་བརྩོན་འགྲུས་བྱས་ན་འབྲས་བུ་འབྱུང་བར་ཡིད་ཆེས་དགོས།
        ཐོག་མ་ཉིད་ནས་བརྩོན་འགྲུས་གོམས་པའི་མི་མེད།གཙོ་ཆེ་བ་ནི་དཔེ་ཀློག་གི་རིན་ཐང་ཤེས་རྗེས་བརྩོན་འགྲུས་བྱེད་རྒྱུ་གལ། རང་ཉིད་ལ་དཔེ་ཀློག་བྱེད་པའི་བསོད་ནམས་མེད་བསམས་ནས་མདུན་སྐྱོད་མི་བྱེད་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཡིན།སྐྱེས་མ་ཐག་ནས།དཔེ་ཀློག་བྱེད་ཤེས་པའི་མི་མེད།གནའ་ནས་ད་བར་དུ།བྱ་གཤོག་རྩལ་མེད་པ་སྔོན་དུ་འཕུར་བའི་དཔེར་བརྗོད་ནི་བགྲང་གིས་མི་ལངས་པ་ཡོད།དེ་མིན།བརྩོན་འགྲུས་ཀྱི་རྒྱུན་སྐྱོང་དགོས། རེ་ཞིག་སློབ་པའི་འདུན་པ་འཕྱུར་བའི་མིས་ནམ་ཡང་ཤེས་བྱའི་ཚོགས་ཀྱི་གཏིང་མཐའ་ཆོད་མི་སྲིད་ལ།ངོ་མཚར་བའི་གྲུབ་འབྲས་ལོན་པ་ཡང་མི་སྲིད། དེའི་ཕྱིར། སློབ་སྦྱོང་ནི་འུ་ཅག་གིས“རྡོ་ལས་གསེར་བཙགས་པ་དང་།ཆུ་ཐིགས་ཀྱིས་རྡོ་ཕིག་པ”ལྟ་བུའི་སྙིང་རུས་དང་བརྩོན་སེམས་བརྟན་དགོས། གཏན་ནས་འགྱུར་ལྡོག་དང་རྣམ་གཡེང་བྱེད་མི་རུང་།
        བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་དང་དཀའ་སྤྱད་སྡུག་རུས་བསྐྱེད་ཚེ། ད་གཟོད་སློབ་སྦྱོང་ཟམ་མི་ཆད་པར་ཡར་ཐོན་འབྱུང་ངེས། །

(བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1