༄༅།།གློག་བརྙན《དབུགས་ལྒང》ལ་བལྟས་པའི་མྱོང་སྣང་ཕྲན་བུ།

ལྷ་བྱམས་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-17



པེ་ཅིན། ལྷ་བྱམས་རྒྱལ།
        སྐུ་ཞབས་པད་མ་ཚེ་བརྟན་མཆོག་གིས་ང་ཚོར་འཁྲབ་ཁྲིད་པ་དང་སྒྲུང་གཏམ་པའི་ལས་རིགས་འདི་གཉིས་ཕན་ཚུན་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཐུབ་པ་ཡང་དང་ཡང་དུ་ར་སྤྲོད་བྱས་བྱུང་། ངས་ད་ཐེངས་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《དབུགས་ལྒང》ཞེས་པ་འདིར་བལྟས་རྗེས། སེམས་སུ་གནད་དོན་གཉིས་ལ་བསམ་གཞིག་གཏོང་དགོས་བྱུང་།
        གཅིག་ནི་སྒྲུང་གཏམ་དང་གློག་བརྙན་བར་གྱི་འབྲེལ་བ་རེད།སྔ་མོ་ནས་ཁོང་གི་སྒྲུང་གཏམ《དབུགས་ལྒང》བཀླགས་གྲུབ་ཅིང་། མཚམས་ཤིག་ནས་ཁོང་གིས་སྒྲུང་གཏམ་འདི་གློག་བརྙན་དུ་ཕབ་སྐྲུན་བྱེད་བཞིན་པ་གོ ། དེ་ནས་བཟུང་ངས་དབང་མེད་དུ་རེ་སྒུག་བྱས་པ་ཡིན། ཉིན་ཁ་ཤས་ཀྱི་སྔོན་ལ་ངས་གཞི་ནས་གློག་བརྙན་འདིར་བལྟས་ཤིང་། སེམས་སུ་སྒྲུང་གཏམ་སླེབས་ས་དེར་གློག་བརྙན་སླེབས་ཐུབ་པར་བྱེད་པ་དང་། གློག་བརྙན་སླེབས་ས་དེར་སྒྲུང་གཏམ་སླེབས་ཐུབ་པར་བྱེད་པ་ནི་འཇོན་ཐང་དགོས་པའི་ལས་ཀ་ཞིག་རེད་སྙམ། པད་མ་ལགས་ཀྱི་གློག་བརྙན་སྔར་བཞིན་ལྷིང་ཞིང་འཇགས་ལ། ཡོལ་རས་ངོས་སུ་འགུལ་བཞིན་པའི་སྣང་བརྙན་དང་ལྗོངས་རྣམ་དེ་དག་ནི། ཁོང་གི་བབ་ཆགས་པའི་སྒྲུང་གཏམ་གྱི་ཐ་སྙད་དེ་དག་ཤོག་ངོས་ནས་འགུལ་ཏེ་འཕྱོ་བཞིན་པ་ལྟར་རེད། ཁོང་གིས་སྒྲུང་གཏམ་ལྟ་བུའི་གློག་བརྙན་ཞིག་ཕབ་འདུག་པ་དང་། ཅི་ནུས་ཀྱིས་སྒྲུང་གཏམ་སླེབས་ས་དེར་གློག་བརྙན་ཡང་སླེབས་པར་ཚོད་ལྟ་བྱས་འདུག སྤྱིར་བཏང་གཏམ་རྒྱུད་ལ་བརྟེན་དགོས་པའི་ཐུན་མོང་གི་ཁྱད་ཆོས་ཡོད་ཀྱང་། མཚོན་ཐབས་མི་འདྲ་བས་སྒྲུང་གཏམ་དང་གློག་བརྙན་གཉིས་ལ་སོ་སོར་དམིགས་བསལ་གྱི་མཚོན་སྟོབས་མི་འདྲ་བ་རེ་ཡོད། སྒྲུང་གཏམ་གྱི《དབུགས་ལྒང》དང་གློག་བརྙན་གྱི《དབུགས་ལྒང》གཉིས་པད་མའི་སྒྱུ་རྩལ་གྱི་འཇོན་ཐང་ལ་བརྟེན་ནས་ཟུར་གཉིས་ནས་ངོས་གཅིག་ཏུ་གྱུར་འདུག་ཅིང་།ཡོད་ཚད་དེ་ལྟར་རང་བྱུང་ལྷུན་ཆགས་ཀྱིས་སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་བྱུང་ཞིག་ཏུ་གྱུར་འདུག་སྙམ།
        སྒྲུང་གཏམ་ལྟ་བུའི་གློག་བརྙན་ལ་རིག་རྩལ་གློག་བརྙན་གྱི་ཁྱད་ཆོས་སྟུག་པོ་ཞིག་གིས་ཁེངས་ཡོད་པ་གཞིར་བཞག་ཡིན་ཏེ། དེ་ནི་དེང་སྐབས་གློག་བརྙན་ཁང་དུ་ཤིན་ཏུ་བྲིན་པའི་ཚོང་ལས་གློག་བརྙན་ཟེར་བ་དང་མི་འདྲ་བར། མི་ཀུན་གྱིས་རྒྱ་ཆེན་གྱིས་དགའ་བསུ་དང་དང་ལེན་བྱེད་ཐུབ་པའི་ངེས་པ་མེད་པ་འདྲ། ཕལ་ཆེར་ང་རང་སྒྲུང་གཏམ་འབྲི་བར་མོས་པའི་རྐྱེན་ཡིན་ནམ་ཅི། གང་ལྟར་ང་རང་ནི་རིག་རྩལ་གློག་བརྙན་དེ་རིགས་ལ་ལྟ་བར་མོས་ཤིང་། དེའི་ནང་གི་ཆུ་ལྟར་བཞུར་བའི་ལྷོད་ཤ་དང་། མངོན་ཆུང་གིས་རྒྱས་ཡོང་བའི་སེམས་འགུལ་དེ་དག ད་དུང་དགོད་སྒྲའི་རྗེས་ཀྱི་ཁུ་སིམ་དེ་དག་ལ་དགའ་མོས་ཚད་མེད་ཅིག་འདུག པད་མའི་གློག་བརྙན་གྱིས་དུས་ནམ་ཡང་ང་ལ་འདི་ལྟ་བུའི་ཚོར་བ་སྟེར་ཐུབ་ཅིང་། ཐེངས་འདིའི《དབུགས་ལྒང》ཞེས་པའི་གློག་བརྙན་འདི་ཡང་བལྟས་ཚར་རྗེས་འགྲམ་པ་ལག་པས་བསྐྱོར་ནས་བསམ་གཞིག་གི་དབྱིངས་སུ་ལྷུང་འགྲོ་བ་ཞིག་རེད།
        སྤྱིར་འཇིག་རྟེན་འདིའི་གནད་དོན་མང་པོ་ཞིག་ལ་ལན་གཏན་ཁེལ་བ་ཞིག་མེད་པ་འདྲ། ཡིན་ན་ཡང་ང་ཚོས་དུས་རྒྱུན་ཨུ་ཚུགས་བརྒྱབ་ནས་ལན་གཏན་ཁེལ་ཞིག་ལ་རེ། འདིའི་དབང་གིས་པད་མའི་གློག་བརྙན་འདི་ཡང་དེ་བཞིན་ཡིན་པ་འདྲ་སྟེ། ང་ཚོས་བལྟས་ཚར་རྗེས་ཅིས་ཀྱང་ཁོང་གིས་ཅི་ཞིག་སྟོན་འདོད་པའི་དོན་སྙིང་རྡོག་རྡོག་གཅིག་ཡོད་པར་བགྲོ་གླེང་བྱེད་སྲིད་ཅིང་། དེ་ལ་ངས་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད། ལྟ་མཁན་གྱིས་རང་རང་གི་ངོས་ནས་གདེང་འཇོག་བྱེད་སྲིད་ཅིང་། རང་རང་གི་བསམ་ཚུལ་ལྟར་འགྲེལ་བཤད་རེ་རྒྱག་སྲིད། སྤྱིར་འདི་ནི་སྒྱུ་རྩལ་བརྩམས་ཆོས་ཡོད་དོ་ཅོག་གི་ཁྱད་ཆོས་ཤིག་ཀྱང་ཡིན་སྲིད།
        གཉིས་ནི་ཇི་ལྟར་རང་ཉིད་མངོན་མཚོན་བྱ་རྒྱུའི་སྐོར་རེད། ད་ལྟའི་བར་དུ་པད་མའི་གློག་བརྙན་གླེང་ཡོང་དུས། ཁ་ཤས་ཀྱིས་ཁོང་གིས་བོད་མ་ཡིན་པའི་རིགས་གཞན་ལ་ཁ་གཏད་ནས་ཕབ་སྐྲུན་བྱས་འདུག་ཟེར། ཁ་ཤས་ཀྱིས་པད་མས་བོད་ཀྱི་འཚོ་བ་དངོས་ཕབ་སྐྲུན་བྱས་འདུག་ཟེར། ཁ་ཤས་ཀྱིས་ཁོང་གི་གློག་བརྙན་མི་གོ་བར་འདུག་ཟེར། བཤད་སྟངས་འདི་ཚང་མ་རྡོག་གཅིག་ཏུ་དྲིལ་ན་དུས་རབས་ཀྱི་རྒྱབ་ལྗོངས་འདིའི་འོག་ནས་བོད་པས་རང་ཉིད་ཇི་ལྟར་མངོན་མཚོན་བྱ་རྒྱུའི་སྐོར་དེ་རེད་སྙམ། རེད་ཨང་། འདི་ལྟ་བུའི་དོ་ཁུར་ལ་ཁག་ཅི་ཡོད། ད་ལྟའི་བར་དུ་རང་ཉིད་ཕྱིར་མངོན་མཚོན་བྱེད་པའམ་ཡང་ན་ངོ་སྤྲོད་བྱེད་དུས། ང་ཚོ་དུས་ནམ་ཡང་གཞན་གྱི་པར་མིག་དང་། སྨྱུག་ཁ། སྨྲ་བརྗོད་སོགས་སུ་ཕྱིར་མངོན་མཚོན་བྱེད་ཀྱིན་ཡོད་ཅིང་། དེ་དག་གིས་རང་རང་གི་འདོད་མོས་སམ་རྟོག་སྣང་ལ་བརྟེན་ནས་རྒྱུས་མེད་པའི་ང་ཚོ་ཞིག་ངོ་སྤྲོད་བྱས་ཡོང་། ཁོ་ཚོས་མངོན་པར་བྱས་ཤིང་མཚོན་པར་བྱས་པའི་ང་ཚོ་ནི་ང་ཚོ་རང་གིས་ཀྱང་མི་ཤེས་པ་ཞིག་ཏུ་གྱུར་འགྲོ། ཕྱོགས་འདིའི་ངོས་ནས་ང་ཚོས་སྐུ་ཞབས་པད་མ་ཚེ་བརྟན་མཆོག་ལ་ཐུགས་རྗེ་ཆེ་ཞུ་དགོས་སྙམ་སྟེ། ཁོང་གི་བློ་སྤོབས་དང་འཇོན་ཐང་ལ་བརྟེན་ནས་གཞི་ནས་ང་ཚོར་རང་གིས་རང་ཉིད་མངོན་མཚོན་བྱེད་པའི་གོ་སྐབས་ཤིག་བྱུང་བ་དང་། ཁོང་གིས་གློག་བརྙན་གྱི་པར་མིག་ལ་བརྟེན་ནས་ང་ཚོར་འདྲིས་ཤིང་རྒྱུས་ཡོད་པ། བློ་ཉེ་ལ་མཉེས་གཤིན་ཡོད་པའི་ང་ཚོ་རྣལ་མ་ཞིག་མངོན་མཚོན་བྱས་ཡོད། ང་རང་གིས་པད་མའི་གློག་བརྙན་འདིར་ལྟ་དུས་ཀྱང་སྣང་བ་ཞིག་ལ་པར་མིག་ནང་གི་འཇིག་རྟེན་དེ་ནི་ཅི་འདྲའི་བདེན་ཐུབ་ཀྱིས་ཁྱོགས་ཤིང་ཅི་འདྲའི་སྒྱུ་རྩལ་གྱིས་ཕྱུག་པའི་ང་ཚོ་རང་ཉིད་རེད་ཨང་སྙམ་བྱུང་། མཚམས་རེར་ངས་པད་མའི་གློག་བརྙན་ལ་ལྟ་བ་ནི་སྒྲུང་གཏམ་ཞིག་བཀླགས་པའི་ཚོར་བ་དེར་བསམ་བློ་གཏོང་དུས། གཞི་ནས་ཁ་ཤས་ཤིག་གིས་ཁོང་གི་གློག་བརྙན་གང་མྱུར་གྱིས་དང་ལེན་བྱེད་མི་ཐུབ་པའི་གནད་དེ་གཞི་ནས་རྙེད་བྱུང་སྟེ། སྤྱིར་སྒྱུ་རྩལ་བརྩམས་ཆོས་གང་ཡིན་རུང་དེའི་མཛེས་པ་དང་ཟབ་ཚད་སོགས་ལ་དེ་བཞིན་དུ་ངེས་རྟོགས་སྐྱེ་རྒྱུ་ནི་མི་སུ་ཡིན་རུང་དེ་བཞིན་དུ་ནུས་པ་ཞིག་ག་ལ་ཡིན། ལྷག་པར་དུ་གཏམ་རྒྱུད་ལྟ་བུའི་སྟབས་བདེ་དང་ཕྱི་ཤུན་ཙམ་ལ་གོམས་ཡོད་པའི་མི་དག་གིས་ནི་དེ་བས་ཀྱང་སྒྲུང་གཏམ་ལྟར་མངོན་མཚོན་བྱེད་པའི་གློག་བརྙན་ཞིག་གི་ཡོད་ཚད་དང་ལེན་བྱེད་པར་དཀའ་ཁག་འབྱུང་སྲིད་པ་དེར་ཡང་བསམ་ཤེས་བྱེད་ཐུབ།
        《དབུགས་ལྒང》ནང་གི་མི་སྣ་དེ་དག་ནི་ཅི་འདྲའི་སྙིང་ཉེ་བ་ཞིག་རེད་ཨང་། དར་རྒྱས་དང་སྒྲོལ་དཀར། སྟག་འབུམ་རྒྱལ་དང་བྱང་ཆུབ་སྒྲོལ་མ། ཨ་མྱེས་དང་ཚ་བོ་གཉིས། དེ་མིན་འཇམ་དབྱངས་དང་སྨན་པ་འབྲུག་མཚོ་ལ་སོགས་པ་ནི་དུས་རབས་འདིའི་བོད་པ་རེ་རེའི་ལས་དབང་གི་རི་མོ་རེ་རེ་ཡིན་པ་དང་། པད་མའི་གློག་བརྙན་གྱི་པར་མིག་བརྒྱུད་ནས་ང་ཚོར་རང་གིས་རང་ལ་ལྟ་བའི་མེ་ལོང་ཞིག་སྤྲད་བྱུང་། དེ་བས་ཀྱང་། ང་ཚོ་ཡང་གོ་ལ་ཟླུམ་པོ་འདིའི་སྒང་གི་མི་གཞན་དག་དང་མཚུངས་པར་དུས་རབས་ཀྱི་འཕོ་འགྱུར་ཁྲོད་འགྱུར་ལྡོག་དང་བརྟན་སྲུང་ཡོད་པ། མདུན་སྐྱོད་དང་ཕྱི་སྣུར་ཡོད་པ། ཆག་གྲུམ་དང་ཆ་ཚང་ཡོད་པ། འཛུམ་མདངས་དང་མིག་ཆུ་ཡོད་པའི་མི་ཕལ་བ་འབའ་ཞིག་ཡིན་པ་མངོན་མཚོན་བྱས་འདུག
        མདོར་ན། སྐུ་ཞབས་པད་མ་ཚེ་བརྟན་ལགས་ཀྱིས་སྒྲུང་གཏམ་སླེབས་མི་ཐུབ་པའི་ས་དེར་གློག་བརྙན་གྱིས་ལག་སྙོབས་བྱས་འདུག་པ་དང་། ཡང་གློག་བརྙན་སླེབས་མི་ཐུབ་པའི་ས་དེར་སྒྲུང་གཏམ་གྱིས་ལག་སྙོབས་བྱས་འདུག ཁོང་ནི་དུས་རབས་འདིའི་ནང་གི་ང་ཚོའི་མགྲིན་ཚབ་པ་ཞིག་ཀྱང་ཅི་ལ་མིན་ཨང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1