༄༅། །རྒྱ་གར་ལོ་རྒྱུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


      རྒྱ་གར་སྐམ་ས་ཆེན་མོ་ནི་ལོ་ངོ་ཙམ་ 75,000 གོང་ནས་མིའི་རིགས་ཀྱི་འཚོ་བརྟེན་བྱེད་བཞིན་ཡོད་པའི་ལོ་རྒྱུས་དང་། ལོ་ངོ་ 500,000 ཙམ་ཕྱིན་པའི་གདོད་མའི་མིའི་རིགས་ཀྱི་ཀེང་རུས་ཡང་རྙེད་སོན་བྱུང་ཡོད། སེང་གེ་གཙང་པོའི་གཤོངས་ཀྱི་དཔལ་ཡོན། སྤྱི་ལོའི་གོང་གི་ལོ་ངོ་3300 ནས་ཙམ་ལ་དེང་དུས་ཀྱི་པག་སི་ཐན་དང་རྒྱ་གར་ནུབ་བྱང་ཡུལ་དུ་ལྷོ་ཨེ་ཤི་ཡའི་ཐོག་མའི་འགྲོ་བ་མིའི་དཔལ་ཡོན་བྱུང། སྤྱི་ལོ་གོང་གི་ལོ་ངོ་ ནས་ 1900 BCE བར་ ལ་ཆེས་ཐོག་མའི་སྔོན་ཐོན་ཅན་གྱི་ཧ་ར་པྤན་དུས་རབས་ཀྱི་གྲོང་ཁྱེར་གྱི་རིག་གཞུང་གོང་འཕེལ་བྱུང། གསེར་དངུལ་གྱི་སྟེང་ཡིག་རིས་སྣ་ཚོགས་བརྐོས་ནས་ཐམ་ཀ་དང་རྒྱན་ཆ་སོགས་བཟོ་ཡི་ཡོད།

      སྤྱི་ལོའི་གོང་གི་དུར་རབས་ཉི་ཤུ་ཙམ་ལ་དཔལ་ཡོན་དེའི་རིམ་བཞིན་ཉམས་རྒྱུད་ཕྱིན་པ་དང། ལྕགས་ཀྱི་དུས་རབས་ཝི་རྡི་དཔལ་ཡོན་མཇུག་འཐུད། མི་རྣམས་ཀྱིས་རིམ་བཞིན་གྲོང་ཁྱེར་ནང་འཚོ་སྡོད་བྱེད་རྒྱུ་མཚམས་འཇོག་བྱས་ནས་འཚོ་བའི་ལམ་བུ་གསར་པ་ཞིག་གཏོད་འགོ་བརྩམས། ལོ་ངོ་3000 ཡར་སྔོན་དུ་རྒྱ་གར་གྱི་རྒྱལ་ཕྲན་མང་པོའི་ནང་རྒྱལ་པོའམ་རཱ་ཇཱ་བདམས་པའི་སྲོལ་འདི་འདྲ་ཞིག་བྱུང། ལོ་ངོ་ 2500 ཙམ་གྱི་ཡར་སྔོན་དུ་ཁོ་ཚོར་ཆེ་མཐོང་ཆེན་པོ་སྤྲད་ནས་མ་ཧཱ་ཇྷཎ་་པཌ་འམ་ས་སྐྱོང་ཆེན་པོ་ཞེས་པའི་མཚན་གནས་འབུལ་གྱི་ཡོད། དེ་རིམ་བཞིན་རྒྱ་གར་གང་གའི་གཙང་པོའི་གཤོངས་ཀྱི་དཔལ་ཡོན་ཞེས་སུ་གྲགས། མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲས་ཝ་ཇི་སྤྱི་མཐུན་རྒྱལ་ཁབ་དང་དམག་འཐབ་ལོ་མང་བྱས་ནས། མཐར་མ་སྐྱེས་དགྲ་ལ་རྒྱལ་ཁ་ཐོབ་སྟེ་རྒྱ་གར་བྱང་ཕྱོགས་ཁུལ་དུ་མངའ་ཐང་ཆེ་ཤོས་སུ་གྱུར། རང་རེའི་ནང་པ་སངས་རྒྱས་པའི་ཆོས་ལུགས་སྟོན་པ་ཤཱཀྱ་ཐུབ་པ་དང་གཅེར་བུ་པའི་གྲུབ་མཐའ་སྤེལ་མཁན་ཝར་དྷ་མ་ན་མ་ཧཱ་ཝི་ར་གཉིས་ཀྱང་དུས་རབས་དེ་སྐབས་བྱུང།

      སྤྱི་ལོའི་གོང་གི་དུས་རབས་གསུམ་པ་དང་བཞི་པའི་སྐབས་ཉེ་བའི་གླིང་ཕྲན་ཕལ་མོ་ཆེ་མོར་ཝི་ཡ་གོང་མའི་མངའ་ཁོངས་སུ་བསྡུས། དུས་རབས་དེ་སྐབས་སངས་རྒྱས་ཀྱི་ཆོས་སཱི་རིཡཱ་དང་ཨིཇིཔྚ། གྷི་རི་སེ། ཤྲི་ལངྒ་། སོགས་ཡུལ་ལུང་གཞན་དག་ཏུ་སྤེལ་དགོས་པའི་བཀའ་མངགས་དང་བཅས་ཕོ་ཉ་རྣམས་ཡུལ་ཕྱོགས་སོ་སོར་བཏང་། གོང་མའི་མངའ་ཐང་ཆེན་པོ་དེའི་ཁོངས་སུ་པ་ཊ་ལི་པུཏྲ་དང་། རྡོ་འཇོག་ཨུ་ཇན་བཅས་གྲོང་ཁྱེར་ཆེ་ཁག་ཁ་ཤས་ཡོད། དེའི་རྗེས་ཀྱི་ལོ་ངོ་1,500 རིང་རྒྱ་གར་ཆ་ཤས་འདྲ་མིན་རྣམས་རྒྱལ་ཕྲན་ཆུང་ངུ་མང་པོས་འཛིན་སྐྱོང་བྱས། དེ་དག་དབུས་ནས་གུབ་ཊ་གོང་མའི་མངའ་ཐང་ནི་ཆེས་འབུར་དུ་ཐོན་པ་ཞིག་བྱུང། དུས་རབས་བདུན་པ་ནས་བཅུ་གཅིག་བར་དུ་ཕྰ་ལ་རྒྱལ་ཕྲན་དང། རཥ་ཊག་ཨུ་ཀྲ་རྒྱལ་ཕྲན། གུར་ཇར་ཕར་ཏི་ཧ་ར་རྒྱལ་ཕྲན། བཅས་རྒྱལ་རབས་གསུམ་གྱི་འཐབ་འརྩོད་བྱུང། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ ཅ་ལུག་ཡ་རྒྱལ་ཕྲན། ཅོལ་ལ་རྒྱལ་ཕྲན། ཕལ་ལ་བ་རྒྱལ་ཕྲན། ཕན་ཌ་ཡན་རྒྱལ་ཕྲན། ནུབ་ཅ་ལུག་ཡ་རྒྱལ་ཕྲན། བཅས་བྱུང། སྤྱི་ལོ་དུས་རབས་བཅུ་གཅིག་དུས་དཀྱིལ་དུ་ཅོལ་ལ་རྒྱལ་ཕྲན་གྱི་རྒྱ་གར་ལྷོ་ཕྱོགས་དབང་སྒྱུར་བྱེད་པ་མ་ཟད་ཤྲི་ལང་ཀ་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཕྲན་མང་པོ་ཞིག་ལ་ཡང་བརྩན་འཛུལ་བྱས།

      དུས་རབས་བཅུ་གསུམ་པའི་འགོ་སྟོད་ནས་དིལླི་ཁ་ཆེའི་རྒྱལ་ཁམས་གསར་འཛུགས་བྱེད་པའི་རྨང་གཞི་བརྟན་པོ་ཆགས། དིལླི་ཁ་ཆེའི་རྒྱལ་ཁམས་ནི་རྒྱལ་རྒྱུད་མི་འདྲ་བ་དྲུག་ལས་གྲུབ་ཅིང་། རྒྱལ་པོ་རིམ་བྱོན་གྱིས་གྲོང་དང་གྲོང་ཁྱེར་སྣ་ཚོགས་བསྐྲུན་ཏེ། རིམ་བཞིན་དེང་གི་དིལླི་གྲོང་ཁྱེར་གྱི་རྣམ་པ་འདི་ཆགས། ཁ་ཆེའི་རྒྱལ་རྒྱུད་སུལཏཱན་གྱི་དུས་རབས་མཇུག་རྫོགས་རྗེས། དུས་རབས་བཅུ་དྲུག་པའི་ནང་མུ་གལ་རྒྱལ་རྒྱུད་ཀྱི་རྨང་གཞི་བཙུགས། དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་ལྡི་ལི་དང་ཨག་ར་སོགས་ལ་དབང་སྒྱུར་རིམ་པར་བྱས་རྗེས། དུས་རབས་བཅུ་བདུན་པའི་ནང་རྒྱ་གར་གྱི་སྐམ་ས་ཆེན་མོའི་མངའ་ཁུལ་ཕལ་ཆེ་བར་དབང་སྒྱུར་བྱས། མུ་གལ་གོང་མ་མཐའ་མ་འདི་གྲོངས་རྗེས་བུ་ཕྲུག་ནང་ཁུལ་དབང་ཆ་འཐབ་རྩོད་ཀྱི་ནང་འཁྲུག་བྱུང་བ་དང་། མུ་གལ་གོང་མའི་མངའ་ཁུལ་གང་ས་ནས་གྱེན་ལངས་བྱས་པ། ཨི་རན་དང་ཨཧྥ་གྷན་སོགས་ཕྱི་རྒྱལ་གྱིས་བཙན་འཛུལ་སོགས་ལ་བརྟེན། རིམ་བཞིན་མངའ་ཐང་ཉམས་རྒུད་དུ་གྱུར། མརཱཋཱའི་རྒྱལ་ཁམས་སྟོབས་ཆེན་པོར་གྱུར་ནས་མུ་གལ་གྱི་ཁ་གཏད་དུ་ལངས། དེ་བཞིན་ཇཱགས་དང་སིག་མི་རིགས་ཀྱིས་ཕྱོགས་གང་ས་ནས་ངོ་རྒོལ་གྱེན་ལངས་བྱས།

      ཕྱི་ལོ་ 1757 ལོའི་ཕ་ལ་སེའི་གཡུལ་འགྱེད་ཀྱི་རྗེས་ནས་རྒྱ་གར་ནང་དབྱིན་ཇིའི་སྲིད་དོན་དབང་ཤུགས་ཀྱི་རྨང་གཞི་བཙུགས་པ་དང་། ཕྱི་ལོ་ 1848 ལོར་དབྱིན་ཇི་དཔོན་རིགས་དྷལ་ཧོ་སི་རྒྱ་གར་ནང་དབྱིན་ཇིའི་སྤྱི་ཁྱབ་གཞུང་འཛིན་པར་བསྐོས་ཤིང་། ཁོང་གི་སྐབས་སུ་རྒྱ་གར་ནང་དབྱིན་ཇི་དབང་ཤུགས་དར་བའི་རྩེ་མོར་སོན་ཏེ་པན་ཇབ་དང་། པེ་ཤ་ཝར། པ་ཐན་ཚོ་བ་རྣམས་རྒྱ་གར་ནུབ་བྱང་མངའ་ཁོངས་སུ་ཟླ་སྒྲིལ་བྱས། ཕྱི་ལོ་ 1857 ལོར་མཻ་རུ་ཊ་ས་གནས་སུ་དམག་མི་ཚོས་གྱེན་ལོག་ངོ་རྒོལ་བྱས་ཤིང། རིང་པོ་མ་འགོར་བར་ས་གནས་མང་པོ་ནས་དབྱིན་གཞུང་ལ་གྱེན་ལོག་ངོ་རྒོལ་བྱས་པས། སྐབས་དེའི་དབྱིན་ཇིའི་དབང་སྒྱུར་སྔར་བཞིན་སྲ་བརྟན་ཡོང་བར་དཀའ་ངལ་འཕྲད་ཡོད། སྤྱིར་ལོ་ངོ་གཅིག་ཙམ་གྱི་ནང་གྱེན་ལོག་ངོ་རྒོལ་དེར་དབྱིན་གཞུང་གིས་སྟངས་འཛིན་ཐུབ་པ་བྱུང་ཡོད་ཀྱང་། ཕྱི་ལོ་ 1919 ཟླ་ 4 ཚེས་༡༣ ཉིན་མང་ཚོགས་སྟོང་ཕྲག་མང་པོ་ཨམ་རི་སར་ཡོད་པའི་གསེར་གྱི་ལྷ་ཁང་ཉེ་འགྲམ་གྱི་རྗ་ལན་ཝ་ལ་སྤྱི་གླིང་གི་དམར་གསོད་ཆེན་མོའི་དོན་རྐྱེན་བྱུང། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་དབུ་ཁྲིད་འོག་དབྱིན་གཞུང་ལ་མཉམ་ལས་མི་བྱེད་པའི་ལས་འགུལ་འགོ་བརྩམས། ཕྱི་ལོ་1920 ཟླ་ 10 ནས་ཕྱི་ལོ་ 1922ཟླ་ 2 བར་ཀོང་རེ་སི་ཚོགས་པའི་ངོས་ནས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་གོ་རྟོགས་སད་པར་ནུས་པ་ཆེན་པོ་ཐོན། ཕྱི་ལོ་ 1942 ཟླ་ 8 ནང་གྷན་དྷི་མཆོག་གིས་ཨིན་ཇི་དབང་ཤུགས་མཐའ་སྤྲོད་གཏོང་བའི་ལས་འགུལ་འགོ་བརྩམས་ཤིང་། དབྱིན་ཇི་རྒྱ་གར་ས་ཐོག་ནས་མཐར་སྤྲོད་གཏོང་ཆེད་དབྱིན་གཞུང་གི་བཀོད་ཁྱབ་མི་བརྩི་བའི་ཞི་རྒོལ་ལས་འགུལ་(འཆི་གསོན་དབྱེ་ཐག་གཅོད་པའི་ལས་འགུལ) གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་ཐག་བཅད།

      དེ་ལྟར་ཕྱི་ལོ་ 1947 ཟླ་ 8 ཚེས་ 14 ཡི་མཚན་དཀྱིལ་དུ་རྒྱ་གར་ལ་རང་བཙན་ཐོབ། (དེ་ནས་བཟུང་ལོ་རྟག་པར་ཕྱི་ཟླ་ 8 ཚེས་ 15 ཉིན་ནི་རྒྱ་གར་ལ་བཙན་དབང་འོག་ནས་རང་བཙན་ཐོབ་པའི་ཉིན་མོར་ངོས་འཛིན་གྱིས་སྲུང་བརྩི་བྱེད་ཀྱི་ཡོད།) སྐབས་དེར་ནེ་རུ་རྒྱ་གར་གྱི་ལོ་རྒྱུས་ནང་ཆེས་ཐོག་མའི་སྲིད་བློན་དུ་བསྐོས་པ་དང་། ཁོང་གིས་ཕྱི་ལོ་ 1964 བར་སྲིད་བློན་གྱི་ཐུགས་འགན་བསྟུད་མར་འཁུར་གནང་མཛད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1