༄༅།།བསྟན་འཛིན་གྱི་འཛུམ་མདངས།

དཀོན་མཆོག་རྡོ་རྗེས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-09



དཀོན་མཆོག་རྡོ་རྗེས་བྲིས།


        འབུམ་ནག་རྩྭ་ཐང་དུ་བཞད་པའི་མེ་ཏོག་སེར་ཆེན་ལ་བཀྲག་མདངས་ཅི་འདྲ་རྒྱས་རུང་། ཀཾ་པོ་གནས་ནང་དུ་སྐྱེས་པའི་གངས་ལྷ་མེ་ཏོག་གི་འཛུམ་མདངས་ཅི་འདྲ་གྲོལ་རུང་། བསྟན་འཛིན་གྱི་བཅོས་མིན་གྱི་འཛུམ་མདངས་ལ་འགྲན་ཟླ་ག་ལ་ནུས།
        བསྟན་འཛིན་གྱིས་འཛུམ་མདངས་ངོམས་སོང་།
        བསྟན་འཛིན་འཛུམ་ཐེངས་གཅིག་གིས་འཛམ་གླིང་ལ་གྲགས་འགུལ་ཐེངས་གཅིག་བཏང་། བསྟན་འཛིན་འཛུམ་ཐེངས་གཅིག་གིས་དུང་ཕྱུར་བཅུ་ཡི་དྲྭ་གྲོགས་ཚོའི་ཡིད་དབང་གཅིག་ཆར་འཕྲོག  བསྟན་འཛིན་འཛུམ་ཐེངས་གཅིག་གིས་དྲྭ་བའི་མྱུར་ལམ་བཀག་ཅིང་ཁ་པར་གྱི་ཤོང་ཚད་ཀྱང་བསྐངས།
        བསྟན་འཛིན་གྱི་འཛུམ་མདངས། འཛུམ་མདངས་ཀྱིས་ཁེངས་པའི་བསྟན་འཛིན། ཁྱོད་ཀྱི་འཛུམ་མདངས་ནི་ཉི་གཞོན་ལས་ཀྱང་དྲོད་འབར་ལེ། ཁྱོད་ཀྱི་འཛུམ་མདངས་ནི་ཟླ་འོད་ལས་ཀྱང་དྭངས་སིང་ངེ་། 
        ཁྱོད་ཀྱི་འཛུམ་མདངས་ནི་སྐར་ཆེན་ལས་ཀྱང་འོད་འཚེར་འཚེར། 
        སྤྱིར་བོད་ལ་ཁྱོད་ནང་བཞིན་གྱི་སྐྱེས་གཟུགས་བརྗིད་ཅིང་། ཁྱོད་ནང་བཞིན་གྱི་འཛུམ་མདངས་འཁོར་བའི་ཕོ་གསར་བརྒྱ་སྟོང་ཡོད་སྲིད་མོད། ཁྱོད་ཁོ་ན་གློ་བུར་དུ་འཛམ་གླིང་དུ་གྲགས་པ་ཅི་ཡི་དོན།  
        ཚངས་དབྱངས་རྒྱ་མཚོའི་སྨོན་ལམ་ཐུགས་སྐྱེད་དུས་སུ་སྨིན་པ་ཡིན་ནམ། དགེ་བསྙེན་གནས་རིའི་བྱིན་རླབས་ཕྲིན་ལས་གློག་ཞག་ལས་མྱུར་བས་ཡིན། ཡང་ན། སྔོན་བསགས་ལས་ཀྱི་བསྐོས་ཐང་གིས་ཁ་ལོ་བསྒྱུར་བ་རེད།
        གང་ལྟར། བསྟན་འཛིན་གྲགས་སོང་། བསྟན་འཛིན་འཛམ་གླིང་དུ་གྲགས་སོང་། 
        ཁ་སང་གི་འབྲོག་ཕྲུག་ཞིག །དེ་རིང་གི་དྲྭ་གྲགས་པ་གྱུར།
        ནུབ་གཅིག་གི་སྙན་གྲགས་ཀྱིས་བསྟན་འཛིན་གྱི་མི་ཚེ་ལ་ཉམས་ཚོད་ཅིག་བླངས་པ་འདྲ། འོན་ཏེ། བསྟན་འཛིན་བྱ་སྤུ་བཞིན་གནམ་མ་འཕུར། ལྒང་ལི་བཞིན་ས་ལ་མ་ལྡིང་།
        ཁྲི་མ་འབུམ་གྱི་གསར་འགྱུར་ཁག་གིས་ཉིན་མཚན་ཀུན་ཏུ་ཅི་འདྲ་བསྟོད་ཀྱང་རུང་། ཕར་ངོ་ཚུར་ཤེས་མེད་པའི་དྲྭ་གྲོགས་དག་གིས་ཆ་ལག་དངོས་པོ་ཅི་འདྲ་བསྐུར་ཡང་རུང་། ཞིང་ཆེན་མང་པོས་འཕྲོག་རེས་ངང་དུ་གདན་འདྲེན་ཞུ་ཡིག་ཅི་ཙམ་མང་པོ་འབྱོར་ནའང་། བསྟན་འཛིན་གྱི་སེམས་ལ་གྲགས་འགུལ་ཅི་ཡང་མ་ཐེབས་པ་ང་ཚོས་ཚོར་བཞིན་ཡོད།
        བསྟན་འཛིན་ལགས།
        ཁྱོད་ནི་ལི་ཐང་ནས་འཕུར་བའི་ཁྲུང་ཁྲུང་དཀར་མོ་དེ་ཡིན་པས། གཤོག་རྩེས་འཛམ་གླིང་བསྐོར་ཡང་གཤོག་གཡས་ལི་ཐང་དུ་ལུས་ཡོད། ཁྱོད་ནི་གནས་མཆོག་ལི་ཐང་ནས་འཚར་ལངས་བྱུང་བའི་ཕོ་རྒོད་ཅིག་ཡིན་པས། སྒྱུ་ལུས་ཀྱིསའཇིག་རྟེན་བསྐོར་ཡང་བརྩེ་སེམས་ལི་ཆུའི་འགྲམ་དུ་ལུས་ཡོད།  
        ཁྱོད་ཀྱིས་ཕ་ཡུལ་ལི་ཐང་གི་མགྲིན་ཚབ་པ་བྱ་རྒྱུའི་ཆོད་སེམས་བཏོན་པ་ནི། ཁྱོད་ཀྱི་མི་ཚེའི་ཁྲོད་དུ་ཕ་ཡུལ་ལ་བཞག་པའི་རྐང་རྗེས་དང་པོ་དེ་ཡིན་ལ། ཕ་ཡུལ་ལ་ཕུལ་བའི་དུང་བ་ཟབ་མོ་ཞིག་དང་འཛུམ་མདངས་དྲོན་མོ་དེའང་མཚོན།
        ཁྱོད་ཀྱི་འཛུམ་མདངས་ནི་འཛུམ་མདངས་ཕལ་པ་ཞིག་ག་ལ་ཡིན་སྲིད། 
        ཁྱོད་ཀྱི་འཛུམ་མདངས་ནི་གསེར་ལས་སེར། དུང་ལས་དཀར། བྱེ་རུ་ལས་དམར། ཁྱོད་ཀྱི་འཛུམ་མདངས་ནི་གངས་རི་ལས་གསལ།  གཙང་པོ་ལས་དྭངས། སྤང་ལྗང་ལས་གཙང་།   ཁྱོད་ཀྱི་འཛུམ་མདངས་ཀྱིས་ཕ་ཡུལ་གྱི་སྙན་གྲགས་དགུང་དུ་སྟེགས། ཁྱོད་ཀྱི་འཛུམ་མདངས་ཀྱིས་ཕ་ཡུལ་གྱི་མཛེས་སྡུག་འཛམ་གླིང་དུ་བཤམས། ཁྱོད་ཀྱི་འཛུམ་མདངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཕ་ཡུལ་དུ་བཀུག  བསྟན་འཛིན་ལགས། མུ་མཐུད་འཛུམ་མདངས་ངོམས་ཤིག 
        ཁྱོད་ནི་ལི་ཐང་གི་དགུང་སྔོན་དབྱིངས་སུ་འཚེར་བའི་ཆེས་བཀྲག་མདངས་ལྡན་པའི་གྲགས་སྐར་དེ་ཡིན། ཁྱོད་ནི་ལི་ཆུ་དྭངས་མས་ཚེ་སྲོག་གསོས་པའི་ཆེས་རྫིག་ཉམས་ལྡན་པའི་ཁམས་པའི་ཕོ་རྒོད་དེ་ཡིན། ཁྱོད་ནི་དྲྭ་གྲོགས་ཡོངས་ཀྱི་སྙིང་དབུས་སུ་སིམས་པའི་ཆེས་བཅོས་མིན་གྱི་འཛུམ་མདངས་ཀྱི་བདག་པོ་ཡིན།  བསྟན་འཛིན་ལགས། མུ་མཐུད་འཛུམ་མདངས་ངོམས་ཤིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1