༄༅།།བོད་ཡ་ཐོག་གི་རིག་གནས་སྐོར།

རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-10


        དེས་ན་ང་ཚོ་བོད་ཀྱི་རིག་གནས་དེའང་གནའ་ནས་ད་ཡི་བར། མི་ལོ་ཁྲི་ཕྲག་གམ་འབུམ་ཕྲག་དུ་མའི་བརྒྱུད་རིམ་ནང་དུ་མེད་པ་ནས་ཡོད་པ། ཆ་ཤས་ནས་ཡོངས་རྫོགས་སུ་གྲུབ་པར་ངེས་ཤིང་། ལོ་རྒྱུས་བརྒྱུད་རིམ་ནང་དུ་ལས་ལ་བརྩོན་ཞིང་དཔའ་སྙིང་ལྡན་པའི་རྒྱ་ཆེ་བའི་བོད་མི་རྣམས་ཀྱིས་ཐོག་མར་གཅན་གཟན་རི་དྭགས་སོགས་དང་རེས་ཕམ་རེས་རྒྱལ་གྱིས་འཐབ་རྩོད་བརྒྱུད་རིམ་ཁྲོད་དུ། དུས་རབས་ཀྱི་དགོས་མཁོ་དང་བསྟུན་འཚོ་བའི་ཉམས་མྱོང་དང་སློབ་གསོའི་ཉམས་མྱོང་སོགས་རིག་གནས་ཕྲན་བུ་དུ་མ་བསགས་ཏེ་ཡར་རྒྱས་སོང་བ་ཞིག་རེད། དེ་ནས་རིམ་བཞིན་རྡོ་ཆས་གསར་པ་རྣམས་ལས་ཤེས་པ་དང་ཆབས་ཅིག་ཏུ་ཞིང་རྨོ་བ་དང་མཁར་ཁང་བརྩིགས་པ། ཚོང་ལས་དང་སྨན་བཅོས་མེ་འབུད་སོགས་ཤེས་པ་ནས་བཟུང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་ཤེས་རིག་གི་གོ་རྟོགས་ཡར་རྒྱས་ཆེན་པོར་སླེབས་ཡོད་པར་མ་ཟད་ཆོས་ལུགས་ཀྱང་བྱུང་ཡོད་པར་སེམས། སྤྱིར་ལོ་རྒྱུས་སྟེང་མ་རྒྱུད་ཚོགས་པ་ཞེས་པ་ནི་བྱིས་པ་རྣམས་ཀྱིས་རང་གི་མར་ངོས་འཛིན་ཤེས་ནའང་ཕ་ངོ་བཟུང་བའི་སྲོལ་མེད་པ་དེ་ལྟ་བུའི་དུས་རབས་ཤིག་ལ་གོ། དེ་ནི་རྡོ་ཆས་སྤྱོད་པའི་དུས་རབས་ཐོག་མ་ཞེས་རྡོ་དང་དབྱུག་པ་སོགས་ཀྱིས་ལག་ཆ་སྟབས་བདེ་རེ་བཟོས་ཤིང་གཅན་གཟན་རྣམས་དང་རེས་ཕམ་རེས་རྒྱལ་གྱི་འཚོ་བ་རོལ་ནས་གནས་ཡོད། དེ་ནི་ང་ཚོ་འགྲོ་བ་མིའི་རིག་གནས་དར་བའི་དུས་རིམ་དང་པོ་ཡིན། [1]དེ་ནས་ཕྱི་ལུས་ཀྱི་སྐྱེ་མཆེད་དང་ནང་གི་བསམ་བློའི་འདུ་ཤེས།འཚོ་བའི་ལྟ་བ་དང་དད་པ་སོགས་ཁྱོན་ཡོངས་ལ་འགྱུར་ལྡོག་ཆེན་པོར་ཐེབས་ཏེ་འཚོ་བའི་ཆུ་ཚད་དང་གོ་རྟོགས་ཀྱང་སྔར་ལས་ཇེ་མཐོར་སོང་བས་བྱིས་པ་རྣམས་ཀྱིས་རང་རང་གི་ཕ་ངོ་བཟུང་བའི་སྲོལ་ཆགས། དེར་བརྟེན་ཕ་དེས་ཀྱང་རང་གི་བུ་ཚ་དང་བུ་ཚའི་ཨ་མ་སྟེ་རང་གི་ཆུང་མ་སོགས་བདག་བཟུང་བྱེད་པའི་སྲོལ་དར། དེར་བརྟེན་ཕ་དང་ཁུ་བོ། མ་དང་ཞང་བོ། བུ་དང་ཚ་བོ་ཡང་ཚ་སོགས་ཀྱི་འབྲེལ་བ་ཆགས་པ་ནས་རིགས་རུས་འདེད་པའི་ལུགས་སྲོལ་གསར་དུ་དར། དེ་ནས་ཕ་དེས་ཀྱང་རང་གི་ཁྱིམ་ཚང་ངམ་ཐབ་ཀ་གཅིག་ལ་འཁོར་བའི་རུས་རྒྱུད་རྣམས་ལ་བདག་སྐྱོང་དང་འགན་ཁུར་བའི་སྲོལ་བྱུང་སྟེ་དུད་ཚང་ངམ་ཐབ་ཚང་ཟེར་བའི་རུས་རྒྱུད་བཅད་བཟུང་གི་སྲོལ་ཆགས། དེ་ནི་ཡ་ཐོག་རིག་གནས་འཕེལ་རྒྱས་ཀྱི་རིམ་པ་གཉིས་པ་ཡིན། དེའང་ཐབ་ཀ་གཅིག་ལ་འཁོར་བའི་ཁྱིམ་རྒྱུད་རྣམས་ལ་ཐབ་ཚང་ངམ་ཁྱིམ་ཚང་ཟེར། དེའི་ངོ་བོ་གོང་འཕེལ་ལ་སོང་བས་རུས་རྒྱུད་ཚོ་བ་ཆགས་དགོས་པ་རེད། [2] དེ་ནི་རྡོ་ཆས་སྤྱོད་པའི་དུས་རབས་བར་མ་དང་ཐ་མ་རྣམས་ཡིན་པའང་ཤེས་དགོས། དེའི་དུས་ནས་ལྕགས་ཤིང་མཉམ་སྦྱོར་གྱི་ཅ་ལག་བཟོ་ཤེས་པ་བྱུང་། དེ་ལྟ་བུའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་རིག་གནས་ཕྲན་བུ་མང་པོ་འདུས་བསགས་བྱས་ཡོད་པ་དཔེར་ན། ཞིང་རྨོ་སོ་ནམ་གྱི་ལས་རིམ་དང་དེའི་ཡོ་བྱད་དམ་ཅ་ལག་སོགས་བེད་སྤྱོད་ཤེས་པ་བྱུང་། དེ་བཞིན་དུ་ཁང་པ་རྒྱག་པ་དང་རྨ་བཅོས་བྱེད་པ། རྔོན་བདའ་དང་གོན་པ་དྲ་དྲུབ་ཀྱི་ལག་ཆ་སོགས་བཟོས་ཤེས་པ་བྱུང་བས་འཚོ་བའི་ཁྲོད་ཀྱི་རིག་གནས་རྣམས་དར་བའི་དབུ་བརྙེས། ཞེས་གོ་ལའི་ལོ་རྒྱུས་ཆེན་མོ། འཛམ་གླིང་ལོ་རྒྱུས་མདོར་བསྡུས། མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་སོགས་སུ་གསལ། གཞན་ཡང་ལྷ་མཆོད་པ་དང་ཀླུ་བཀར་བ་སོགས་ལྷ་འདྲེའི་དད་པའམ་ཆོ་ག་རྣམས་དར་བ་དང་ཆབས་ཅིག་ཏུ་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་དུ་མ་དར་བའི་འགོ་བཟུང་། དཔེར་ན་སྟོན་པ་གཤེན་རབ་མ་བྱོན་བའི་གོང་དུ་དར་བའི་ལྷ་བོན་དང་ཀླུ་བོན། བདུད་བོན་དང་བཙན་བོན་ཟེར་བ་ལྟ་བུ་རྣམས་རེད། དེར་བརྟེན་དད་པ་དང་ལྟ་བ་མི་འདྲ་བ་དུ་མ་ཞིག་དར་ཡོད་པའང་ཚང་མས་ཤེས་གསལ་ལྟར་ལགས། [3]ཆོས་ལུགས་སམ་གྲུབ་མཐའ་དེ་རྣམས་ཀྱང་ཐོག་མར་ཁྱིམ་རྒྱུད་གཅིག་གི་དད་པ་ཡིན་པ་དེ་ཉིད་རིམ་གྱིས་འཕེལ་རྒྱས་ལ་སོང་ནས་རུས་རྒྱུད་ཚོ་བ་གཅིག་གི་དད་པ་བྱེད་སའི་ཆོས་ལུགས་དང་། དེ་ནས་རིམ་བཞིན་མི་རིགས་གཅིག་གི་དད་པ། རྒྱལ་ཁབ་གཅིག་གི་དད་པ་ནས་འཛམ་གླིང་ཡོངས་ཀྱི་དད་པར་ཆགས་དགོས་པ་དེ་ལྟ་བུ་ལགས། དེ་ལས་ལ་ལ་རྒྱུ་རྐྱེན་གྱི་དབང་གིས་མེད་པར་ཆགས་པ་དང་ཆོས་ལུགས་གཞན་པར་འཐིམས་པ་སོགས་བྱུང་། དེ་དག་གི་དུས་སུ་རུས་རྒྱུད་ཚོ་བ་སོ་སོས་ས་ཁོངས་དང་རུས་རྒྱུད་བཅད་བཟུང་གི་འོག་ཏུ་རང་རང་གི་དགོས་མཁོ་ལྟར་ཆབ་སྲིད་དང་དམག་དོན། (ཞེས་སྤྱི་ཚོགས་ཚན་རིག་ཁང་གིས་བརྩམས་པའི་འཛམ་གླིང་ཆོས་ལུགས་ཆེན་མོ་བཅུའི་ལོ་རྒྱུས་ཞེས་པ་ལས་གསལ། )དཔལ་འབྱོར་དང་སློབ་གསོ་རིག་གནས་སོགས་རིམ་གྱིས་དར། [4] དེ་ནི་ལོ་རྒྱུས་སྟེང་རུས་རྒྱུད་ཚོ་བ་ཉིད་བྲན་གཡོག་ཚོ་བར་བརྒྱུད་པའི་དུས་རིམ་ཙམ་ཡིན་པར་ཤེས་དགོས། དེའང་ལོ་རྒྱུས་མཁན་པོ་རྣམས་ཀྱིས་བཤད་པ་ལྟར་ན། རུས་རྒྱུད་ཚོ་བའི་ཚོ་དཔོན་རྣམས་ཕལ་ཆེར་བསྐོས་པའི་རྒྱལ་པོ་ཡིན་པས་རུས་རྒྱུད་ཀྱིས་དབང་ཆ་བཟུང་བའི་སྲོལ་མེད། དཔེར་ན་བོན་ལུགས་གཤེན་ཆེན་ཀླུ་དགས་གཏེར་ནས་དྲངས་བའི་སྲིད་པའི་མཛོད་ཕུགས་དང་ཆོས་ལུགས་ཀྱི་མངོན་པ་མཛོད་སོགས་ནས་བཤད་པའི་མང་བཀུར་རྒྱལ་པོ[5]་ཞེས་པ་ལྟ་བུ་རྣམས་རེད། འོན་ཀྱང་རྗེས་སུ་སྤྱི་ཚོགས་འཕེལ་རིམ་ནང་དུ་རྒྱལ་པོ་དེ་དག་ཀྱང་ལྷ་ལྟར་དད་པ་བྱེད་སའི་ཡུལ་དུ་གྱུར་བ་དང་མཉམ་དུ་རུས་རྒྱུད་ཀྱིས་དབང་ཆ་བཟུང་བའི་སྲོལ་དར།[6]དུས་དེ་ནས་བཟུང་ཆོས་སྲིད་རིག་དཔལ་གྱི་དབང་ཆ་མཐའ་དག་རྒྱལ་པོའི་སྲས་རྒྱུད་རྣམས་ཀྱིས་བཟུང་། རྒྱལ་སྲས་དེ་དག་གི་རྒྱབ་རྟེན་ཆོས་ལུགས་པ་དང་ཡང་ན་རྒྱལ་བློན་རིམ་པ་རྣམས་ཀྱིས་མཛད་པ་དེ་ལྟ་བུའོ།། དེ་ནི་དུས་རབས་ཧ་ཅང་གསར་པ་ཞིག་ལ་སླེབས་པའི་བར་ཡིན་པར་མ་ཟད་རུས་རྒྱུད་ཚོ་བ་ཉིད་བྲན་གཡོག་ཚོ་བར་བརྒྱུད་པའི་དུས་ཙམ་ཡིན་པར་ཤེས་དགོས།[7]དེས་ན་ང་ཚོའི་བོད་ལ་མཚོན་ན།གཉའ་ཁྲིའི་སྔོན་ལ་གནོད་སྦྱིན་ནག་པོ་དང་། བདུད། སྲིན་པོ། ཀླུ། མ་སངས་གཉན།རྒྱལ་ཕྲན་བཅུ་གཉིས་སོགས་མངའ་མཛད་ཆེན་པོ་དྲུག་གིས་དབང་བསྒྱུར་བར་བཤད། [8]བོད་རྒྱལ་ཕྲན་བཅུ་གཉིས་ཀྱི་དུས་ནས་རུས་རྒྱུད་ཚོ་བ་མང་པོ་ཆགས་པའི་མི་རིགས་སམ་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། དེ་རྣམ་པས་མི་ལོ་སྟོང་ཕྲག་ཁ་ཤས་རིང་དབང་བསྒྱུར་ཡོད་པ་དཔེར་ན་བོན་གྱི་ལོ་རྒྱུས་རྣམས་སུ། སྟོན་པ་གཤེན་རབ་མི་བོ་བོད་དུ་ཕེབས་སྐབས་བོད་རྒྱལ་ཕྲན་བཅུ་གཉིས་ལས་ཀོང་རྗེ་དཀར་པོའི་སྐབས་ཞེས་གསལ་བོ་བཤད་ཡོད་པ་དེ་ལྟར་ན་རྒྱལ་ཕྲན་བཅུ་གཉིས་ལའང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་ཉེར་ལྔ་དང་བཞི་བཅུ་སོགས་སྔ་ཕྱི་རིམ་གྱིས་འཕེལ་རྒྱས་སོང་བར་དུས་ཡུན་རིང་ཙམ་འགོར་དགོས་པར་ཤུགས་ལས་གསལ། བོན་གྱི་ལོ་རྒྱུས་རྣམས་སུ་བཤད་པའི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པ་རྣམས་ཀྱང་དེ་དུས་ནས་དར་ཡོད། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཤེས་རིག་དང་རྒྱབ་སྐྱོར་སོགས་ལ་བརྟེན་ནས་བོད་བཙན་པོའི་སྲིད་དབང་གསར་དུ་འཛུགས་ཐུབ་པ་བྱུང་།[9]སྐབས་དེར་བོད་ཅེས་པ་དེ་ནི་ཡུལ་ཡར་ལུང་ཕྱོགས་ཀྱི་ཡུལ་གྲུ་ཉི་ཚེ་བ་དྲུག་ལ་ངོས་བཟུང་ཡོད་པས། བོད་ཅེས་པའི་ཐ་སྙད་དེའང་ཆུང་བ་ནས་ཆེན་པོར་ཆགས་པ་ཞིག་ཡིན་པར་ཤེས་སླ། ཤེས་པ་ཅན་བཅུ་གཉིས་ཞེས་པ་ནི་བོད་རྒྱལ་ཕྲན་བཅུ་གཉིས་ཀྱིས་མངའ་ཁོངས་བཅད་བཟུང་ནང་དུ་དར་བའི་རིག་གནས་ཚན་པ་བཅུ་གཉིས་ལ་མཁས་པའི་མཁས་པ་ལ་ཟེར་ཏེ། ཁོང་ཚོ་ནི་རིག་གནས་དེར་སྤྱོད་པའི་བོན་ཤེས་པ་ཅན་བཅུ་གཉིས་སམ་སློབ་དཔོན་ཆེན་པོ་བཅུ་གཉིས་ཡིན་པར་ཤེས་དགོས།[10] དེས་ན་བོན་གྱི་དཔེ་རྙིང་བྱམས་མ་སྐྱོན་གྱི་འཇིགས་སྐྱོབ་མ་སོགས་ལས་བཤད་པ་ལྟར་ན། དེ་རྣམས་ཀྱི་རིག་གནས་ཁྱབ་ཁོངས་སུ་གསོ་བ་སྨན་གྱི་རིག་པ། རྩིས་དཀར་ནག་གི་རིག་པ། མོ་དང་པྲ་ཡི་རིག་གནས། གཏོ་དང་མདོས་སེལ་སོགས་ཀྱི་རིག་གནས། བཟོ་དང་སྒྲ་ཚད་ཀྱི་རིག་གནས། ལོ་རྒྱུས་དང་སྒྲུང་གཏམ་སོགས་གྲངས་ལས་འདས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1