བརྩོན་པར་བརྟེན་ནས་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-16



— དིང་རི་རྫོང་དཔལ་འབྱོར་སྒང་གྲོང་ཚོའི་གྲོང་མི་བྱང་ཆུབ་ཀྱི་དབུལ་སྒྲོལ་གྱི་གཏམ་རྒྱུད།
      བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཁྱིམ་ཚང་གི་ཡིག་ཚགས།
     བྱང་ཆུབ། དིང་རི་རྫོང་དཔལ་འབྱོར་སྒང་གྲོང་ཚོའི་གྲོང་མི་ཡིན་ལ། ད་ལོ་ལོ་32ཡིན་ཞིང་། ནང་མི་བཞི་ཡོད། 2016ལོར་བྱང་ཆུབ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བཀོད་ཡོད། 2017ལོ་ནས་བཟུང་། བྱང་ཆུབ་ཀྱིས་བཟའ་ཟླ་དང་མཉམ་དུ་ཕྱིར་གླ་པར་སྐྱོད་པ་དང་ལག་རྩལ་སྦྱོང་བར་བརྟེན་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཅིང་། 2018ལོར། བྱང་ཆུབ་ཀྱིས་གྲོང་མིའི་ཨུ་ཡོན་ལྷན་ཁང་ལ《ངས་དབུལ་སྒྲོལ་བྱེད་དགོས། ངས་དབུལ་ཞྭ་ཕུད་དགོས》ཞེས་པའི་རེ་འདུན་ཞུ་ཡིག་ཕུལ་ནས་རང་འགུལ་གྱིས་དབུལ་ཞྭ་ཕུད་པ་རེད། 2020ལོར་བྱང་ཆུབ་ཚང་གི་ལོ་གཅིག་གི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་13ཟིན་པ་དང་བཟའ་ཟླ་གཉིས་ལ་ད་དུང་དིང་རི་རྫོང་གིས“ལས་ལ་བརྩོན་པའི་ཁྱིམ་ཚང”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།
     དིང་རི་རྫོང་ཆུ་ལྷོ་ཤང་དཔལ་འབྱོར་སྒང་གྲོང་ཚོར། གྲོང་མི་བྱང་ཆུབ་ཀྱིས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་གྱི་གནས་ལུགས་གསོན་ཉམས་ལྡན་པའི་ངང་གསལ་བཤད་བྱས་པ་རེད།
     ལོ་ཤས་སྔོན། བྱང་ཆུབ་དང་བཟའ་གྲོགས་རྣམ་རྒྱལ་སྒྲོལ་དཀར་གྱིས་ཁྱིམ་དུ་ཞིང་ལས་བྱེད་ཀྱི་ཡོད་ལ། ཕྲུ་གུ་ད་དུང་ལོ་གཅིག་དང་ཕྱེད་ཀ་ཡང་ཟིན་མེད། ཁྱིམ་མི་ཚང་མ་ནས་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་ལ། ཕྱིར་ལས་ཀ་བྱེད་པར་འགྲོ་ཐབས་བྲལ་བས་ཁྱིམ་ཚང་གི་ཡོང་འབབ་ཡོང་ཁུངས་གཅིག་རྐྱང་ཡིན། 2016ལོར་གནད་སྨིན་དབྱེ་འབྱེད་བྱས་རྗེས་བྱང་ཆུབ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་དུ་བཅུག་པ་རེད།
     2017ལོར། ལོ་29ལ་སོན་པའི་བྱང་ཆུབ་ལ་ཕྱི་རུ་གླ་པར་སྐྱོད་པའི་འདུན་པ་སྐྱེས་ཤིང་། བཟའ་ཟླ་གཉིས་ཀྱིས་གྲོས་བསྡུར་བྱས་རྗེས། ཕྲུ་གུ་གཉེན་ཉེར་བཅོལ་ནས་ལྟ་སྐྱོང་བྱ་རྒྱུའི་ཐག་བཅད།
     “ཐོག་མར་ལྷ་སར་འབྱོར་དུས། ལས་ཀའི་ཉམས་མྱོང་མེད་པ་དང་སྐད་ཆའི་འབྲེལ་འདྲིས་ལ་འགལ་རྐྱེན་ཡོད་ཐོག ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པས། ངེད་བཟའ་ཟླ་གཉིས་ཀྱིས་འཛུགས་སྐྲུན་ལས་ཡུལ་དུ་ངལ་ཤུགས་ཀྱི་ལས་ཀ་ལས་དགོས་བྱུང”ཞེས་བྱང་ཆུབ་ཀྱིས་བཤད།
     ལག་རྩལ་མེད་ན་རྐང་པ་འཛུགས་མི་ཐུབ་པ་ཚོར་དུས། བྱང་ཆུབ་ཀྱིས་ལས་དུས་འཕར་མ་བྱས་ནས་སློབ་སྦྱོང་བྱེད་འགོ་ཚུགས། ལས་རོགས་གཞན་གྱི་ངལ་གསོའི་བར་གསེང་དང་བསྟུན་ནས་བྱང་ཆུབ་ཀྱིས་དགེ་རྒན་རྒན་པར་རྩིག་པ་ཇི་ལྟར་རྒྱག་དགོས་པ་དང་། ལྕགས་རྩིབས་ཇི་ལྟར་ལྷས་དགོས་པ། ཨར་འདམ་ཇི་ལྟར་དཀྲོག་དགོས་པ་སོགས་ཀྱི་ཐད་རང་འགུལ་ངང་བཀའ་འདྲི་ཞུས་པ་རེད། ཟླ་ཤས་སོང་རྗེས་ལས་ཡུལ་དུ་ལག་རྩལ་ཆུང་གྲས་ཚང་མ་བྱང་ཆུབ་པོར་གྱུར་ཡོད།
     ཕྱིས་སུ་བྱང་ཆུབ་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་སོ་ཕག་བཟོ་བ་དང་། འདོན་འཇུག རྩིག་རྨང་འདིང་བ་སོགས་ཀྱི་རྣམ་གྲངས་ཆུང་གྲས་འགན་གཙང་བླངས་པ་རེད། སྐབས་དེར། ཁོང་དང་བཟའ་ཟླས་ལྷ་སར་གླ་པར་སྐྱོད་པའི་ཟླ་གཅིག་གི་ཡོང་འབབ་སྒོར་13500ཟིན་པ་དང་ལོ་གཅིག་རིང་ཕྱིར་གླ་པར་སྐྱོད་པའི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད།
     “ཕྱི་རུ་གླ་པར་སྐྱོད་པ་ནི་ཁ་གསོ་བའི་ཆེད་དུ་ཡིན། འོན་ཀྱང་ཆུང་མས་ང་དང་མཉམ་དུ་གླ་པར་སྐྱོད་ནས་དཀའ་སྡུག་མྱངས་བར་རིག་དུས་ངའི་སེམས་སུ་གནོང་འགྱོད་ཆེན་པོ་སྐྱེས།” 2017ལོའི་ལོ་མཇུག་ཏུ། བྱང་ཆུབ་ཀྱིས་བཟའ་གྲོགས་ཁྲིད་དེ་དཔལ་འབྱོར་སྒང་གྲོང་ཚོར་ཕྱིར་ལོག་པ་དང་ཁོང་གཉིས་ཀྱིས་གླ་པར་སྐྱོད་ནས་ཁེ་བཟང་རག་ཐབས་བྱེད་པའི་གནས་ཚུལ་དེ་དཔལ་འབྱོར་སྒང་གྲོང་ཚོའི་གྲོང་མི་ཚོའི་གླེང་གཞིར་གྱུར་ཡོད། ཆུ་ལྷོ་ཤང་ཏང་ཨུད་ཀྱིས་ད་དུང་ཁོང་གཉིས་ལས་བརྩོན་ཕྱུག་འགྱུར་གྱི་ཚད་གཞིར་བརྩིས་པ་རེད།
     ལོ་མཇུག་གི་ཁོམ་ལོང་གི་སྐབས་དང་བསྟུན། ཀླད་པ་སྐྱེན་པོ་ཡིན་པའི་བྱང་ཆུབ་དིང་རི་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྤེལ་བའི“མི་གཅིག་ལ་གསོ་སྦྱོང་བྱས་ནས་དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པར་བྱེད་པའི”བྱེད་སྒོའི་ནང་རང་འགུལ་ངང་ཞུགས་རྒྱུའི་མིང་ཐོ་བཀོད་པ་མ་ཟད། རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ཡང་བླངས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ལེགས་བྱས་པའི་བྱང་ཆུབ་ཀྱི་ངར་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།
     2018ལོར། བྱང་ཆུབ་ཀྱིས་གྲོང་ཚོ་ཨུ་ལྷན་ལ《ངས་དབུལ་སྒྲོལ་བྱེད་དགོས། ངས་དབུལ་ཞྭ་ཕུད་དགོས》ཞེས་པའི་ཞུ་ཡིག་ཕུལ་ནས་རང་འགུལ་ངང་དབུལ་སྒྲོལ་ཐུབ་ཡོད།
     སྐབས་དེའི་བྱང་ཆུབ་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་ཨར་ལས་རྣམ་གྲངས་ཆུང་གྲས་འགན་གཙང་ལེན་འགོ་ཚུགས་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན།
     ལག་རྩལ་ཅི་ཙམ་མང་ན་དེ་ཙམ་ཡག་པའི་འདུ་ཤེས་ལ་གཞིགས་ནས། 2020ལོའི་ཟླ་9པར་བྱང་ཆུབ“དིང་རི་རྫོང་གི་ཀྲུང་ལུགས་གཡོས་སྦྱོར་མཁས་པའི”རྩལ་ནུས་གསོ་སྦྱོང་ནང་ཞུགས་ནས། ཚལ་རིགས་སྣ་ཚོགས་ཀྱི་གཡོས་སྦྱོར་ལག་རྩལ་རྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་རེད། གཡོས་སྦྱོར་གྱི་ལག་རྩལ་ཁོང་དུ་ཆུད་རྗེས། བཟའ་ཟླ་གཉིས་ཀྱིས་དཔལ་འབྱོར་སྒང་གྲོང་ཚོར་ཟ་ཁང་ཞིག་བཙུགས་ནས་རང་ཉིད་ཀྱིས་སྦྱངས་པའི་གཡོས་སྦྱོར་ལག་རྩལ་བཟའ་གྲོགས་ལ་བསླབས་ནས། བཟའ་གྲོགས་ཀྱང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱུང་ཡོད།
     “རྩལ་ནུས་མང་ཙམ་ཤེས་ན་དེ་ཙམ་གྱིས་ཕན་པ་ཡོད།” ཉེ་ཆར། ཞིང་དལ་སྐབས་དང་བསྟུན་ནས། བྱང་ཆུབ་ཀྱིས་ཉེ་བའི་ལོ་ཤས་རིང་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་ལག་རྩལ་རེ་རེ་བཞིན་དགོས་མཁོ་ཡོད་པའི་དཔལ་འབྱོར་སྒང་གྲོང་ཚོའི་གྲོང་མིར་བསླབས་ནས་ནུས་པས་ལྕོགས་ཚོད་ཀྱིས་གྲོང་པ་ཁྱིམ་མཚེས་ལ་རོགས་རམ་བྱས་པ་རེད།

     “དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག བྱང་ཆུབ་ནི་མིག་དཔེ་བཟང་པོ་ཞིག་རེད། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་ཟིན་པ་དང་། ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་དཔེ་མཚོན་དངོས་མཐའ་འཁོར་གྱི་མང་ཚོགས་ལ་དཔེ་སྟོན་ཡག་པོ་བྱས་ཡོད། ཁོང་ནི་དཔལ་འབྱོར་སྒང་གྲོང་ཚོའི་ལས་བརྩོན་ཕྱུག་འགྱུར་གྱི་ཚད་ཤིང་ལྟ་བུ་ཡིན་པས་གྲོང་ཚོའི་ན་གཞོན་ཚོས་ཁོང་ལ་སློབ་སྦྱོང་བྱེད་དགོས”ཞེས་དཔལ་འབྱོར་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འཇམ་དབྱངས་ཀྱིས་མཐེ་བོང་བསྒྲེངས་ནས་བཤད། (http://tibet.people.com.cn/15832764.html)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1