མཚོ་སྔོན་པོར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་པའི་འབྲས་བུ་མངོན་གསལ་བྱུང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-05



    ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་12ཚེས་30ཉིན། གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་སྔོན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་དགུན་དུས་ཀྱི་སྐོར་སྲུང་སྐོར་ཞིབ་དང་དགུན་དུས་ཀྱི་ཆུ་བྱ་དང་དགོ་བ་ལ་ལྟ་ཞིབ་ལས་དོན་སྤེལ་བ་རེད། ལྟ་ཞིབ་འབྲས་བུ་ལས་མངོན་གསལ། མཚོ་སྔོན་པོ་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་པའི་འབྲས་བུ་མངོན་གསལ་ཆེ་ཞིང་། དགུན་སྒྲོལ་ཆུ་བྱ་དང་དགོ་བའི་ཁ་གྲངས་ཚང་མ་ཇེ་མང་ལ་འགྲོ་བཞིན་པའི་རྣམ་པ་མངོན་ཡོད། 
   མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཡོད་པའི་མཚོ་སྔོན་པོ་ནི་རྒྱལ་སྤྱིའི་ན་འདམ་གཙོ་བོ་ཞིག་ཡིན་ལ། ཀྲུང་གོའི་ཆེས་ཆེ་བའི་ནང་སའི་ཚྭ་ལྡན་མཚོ་དང་། འཛམ་གླིང་མཐོ་སྒང་གི་སྐམ་སའི་མཚོའི་ན་འདམ་རིགས་ཀྱི་དཔེ་མཚོན་དང་། ཆུ་བྱ་སྐྱེ་འཕེལ་བྱེད་གནས་གཙོ་བོ་དང་། གནས་སྤོ་ལམ་བུའི་ཁྲོད་ཀྱི་ཁ་ཕྱོགས་བསྒྱུར་མཚམས་དང་། ཀྲུང་གོའི་ནུབ་རྒྱུད་ཀྱི་ཆུ་ཁུངས་དང་ཆུ་རླངས་འཁོར་སྐྱོད་ཀྱི་ལམ་བུ། མཚོ་བོད་མཐོ་སྒང་སྐྱེ་ཁམས་བདེ་འཇགས་ཀྱི་ཆུའི་མ་ལག་གཙོ་བོ། ནུབ་རྒྱུད་བྱེ་ཐང་ཅན་ཤར་ཕྱོགས་སུ་ཁྱབ་པར་འགོག་བྱེད་ཀྱི་རང་བྱུང་གི་ཡོལ་བ་ཞིག་ཀྱང་རེད། 
   ངོ་སྤྲོད་བྱས་པར་གཞིགས་ན། སྐོར་སྲུང་སྐོར་ཞིབ་བྱེད་རིང་། ཆུ་བྱའི་རྣམ་པར་ལྟ་ཞིབ་ཚད་ལེན་བྱེད་པའི་བརྒྱུད་རིམ་ནང་དགུན་སྒྲོལ་ངུར་པ་དང་། བྱ་གག་མགོ་ལྗང་ཅན། སྐྱར་མོ་དཀྱུས་མ། ངང་དཀར་བཅས་རིགས་4ཡི་བྱ་1800ལྷག་ཙམ་ཟིན་ཐོར་བཀོད་ཡོད་པ་དང་། གཞི་གྲངས་དཔྱད་བསྡུར་བྱས་པ་བརྒྱུད་ཉེ་བའི་ལོ་གསུམ་རིང་ངང་དཀར་མཚོ་སྔོན་པོའི་ངོགས་སུ་དགུན་སྒྲོལ་བྱས་པའི་གྲངས་འབོར་200ནས་400བར་ཟིན་ཡོད་པ་རེད། 
   མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་ཝུའེ་ཆི་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་དགོ་བ་ཡོད་སའི་ཁུལ་15ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ཁྱོན་དགོ་བ་3000ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་པ་དེ་ན་ནིང་ལོ་ལས་700ལྷག་ཙམ་མང་དུ་ཕྱིན་ཡོད། དགོ་བ་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་འོ་འཐུང་སྲོག་ཆགས་ཁྲོད་ཀྱི་གྲངས་འབོར་ཉུང་ཤོས་ཀྱི་སྲོག་ཆགས་ཤིག་ཡིན་ལ་ཀྲུང་གོ་དང་ཐ་ན་འཛམ་གླིང་ཐོག་གི་ སྲོག་ཆགས་ རྨིག་པ་ཅན་གྱི་ཁྲོད་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཤིག་ཀྱང་རེད། 
   གཞན་ཡང་། གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་ཆུ་ཐོན་ཚན་རིག་ཞིབ་འཇུག་ཁང་འབྲི་ཆུའི་ཆུ་ཐོན་ཞིབ་འཇུག་ཁང་གིས་ལྟ་ཞིབ་བྱས་པ་བརྒྱུད། མཚོ་སྔོན་པོའི་ཉའི་ཐོན་ཁུངས་བསགས་ཚད་ཏུན་ཁྲི་10.04ཟིན་ཞིང་། དེ་ནི་ན་ནིང་དང་བསྡུར་ན་ཏུན་ཁྲི་0.74མང་དུ་ཕྱིན་ཞིང་། 7.9%ཇེ་མང་སོང་ཡོད་པ་དང་། སྲུང་སྐྱོང་བྱས་མ་ཐག་དང་བསྡུར་ན་ལྡབ་38མང་དུ་ཕྱིན་ཡོད། (http://tibet.people.com.cn/15834268.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1