༄༅།།དུས་རབས་བཅོ་ལྔར་རྒྱ་སྲོལ་རི་མོས་བོད་ཀྱི་རི་མོའི་འབྲི་ཐབས་གང་དག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་པའི་སྐོར་གླེང་བ།

བརྩེ་བྱང་སྤེན་པ་དབང་འདུས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། 01-05



བརྩེ་བྱང་སྤེན་པ་དབང་འདུས།
གནད་བསྡུས། རྩོམ་ཡིག་འདིའི་ནང་དུས་རབས་བཅོ་ལྔའི་སྐབས་རྒྱ་སྲོལ་རི་མོས་བོད་ཀྱི་རི་མོའི་འབྲི་ཐབས་གང་དང་གང་ལ་ཤུཊ་རྐྱེན་ཇི་འདྲ་ཐེབས་ཡོད་མེད་སྐོར་ལ་དཔྱད་པ་བྱས་པ་སྟེ། དེ་ཡང་དུས་རབས་བཅོ་ལྔ་དང་དེའི་གོང་གི་རི་མོའི་འབྲི་ཐབས། རྒྱ་ཡི་རི་མོ་དང་བོད་ཀྱི་རི་མོའི་བརྩམ་བྱ་ཁག་གཅིག་དང་འབྲེལ་ཡོད་ཀྱི་རིག་པའི་གཞུང་ལུགས་ཁག་དཔྱད་གཞི་གཙོ་བོར་བཟུང་སྟེ་དུས་རབས་བཅོ་ལྔའི་སྐབས་ཀྱི་བོད་ཀྱི་རི་མོའི་འབྲི་ཐབས་ལ་འགྱུར་བ་གང་འདྲ་བྱུང་ཡོད་མེད་སྐོར་ལ་འབྲེལ་ཡོད་དཔྱད་གཞི་དང་ཟུང་འབྲེལ་གྱིས་དཔྱད་བརྗོད་བྱས་འདུག
གནད་ཚིག དུས་རབས་བཅོ་ལྔ། རྒྱ་སྲོལ་རི་མོ། བོད་ཀྱི་རི་མོ། འབྲི་ཐབས། ཤུགས་རྐྱེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] J205 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-126-08
        འཛམ་གླིང་ཐོག་རིག་གནས་གང་འདྲ་ཞིག་ཡིན་རུང་། དེ་འབྲེལ་ཁྱིམ་མཚེས་སམ་དེ་བས་ཐག་རིང་བའི་རྒྱལ་ཁབ་བམ་མི་རིགས་གཞན་གྱི་ཤུགས་རྐྱེན་མེད་པར་རང་རིགས་རིག་གནས་ཁེར་རྐྱང་གཅིག་པུར་བསྡད་པ་ནི་ཧ་ལམ་མཐོང་རྒྱུ་དཀོན་པ་ཞིག་ཡིན། དེར་བརྟེན་བོད་ཀྱི་རིག་གནས་ལ་ཡང་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་ནི་བརྗོད་མེད་ཅིག་རེད། བོད་ཀྱི་རི་མོའི་འབྲི་ཐབས་ལ་རྒྱ་སྲོལ་རི་མོའི་ཤུགས་རྐྱེན་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་ཐོག་སུམ་ཅུ་སོ་གསུམ་པ་བཙན་པོ་ཁྲི་སྲོང་བཙན་ནམ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་དབུ་ཚུགས། དེ་ཡང་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་གྱི་སངས་རྒྱས་ཤཱཀྱ་མུ་ནེའི་བཞུགས་གནས་སུ་རྒྱ་སྟག་ར་མོ་ཆེ་དེ་ཉིད་བཞེངས་གནང་མཛད། དེའི་དུས་སུ་རྒྱ་ནག་ནས་རྒྱ་ཡི་བཟོ་བོ་མང་པོ་གདན་དྲངས་ནས་དེའི་ཨར་སྐྲུན་གྱི་ལས་དང་། ནང་གི་རྟེན་གསུམ་བཞེངས་པ་སོགས་ཕྱོགས་གང་ཅིར་བོད་ཀྱི་རི་མོ་བ་སོགས་ལག་ཤེས་པ་རྣམས་དང་མཉམ་ལས་མང་དུ་བྱས་པ་ནས་བཟུང་བོད་ཀྱི་རི་མོའི་འབྲི་ཐབས་ལ་ཡང་ཆེ་ཆུང་ལ་མ་ལྟོས་པར་ཤུགས་རྐྱེན་ཐེབས་ཡོད། དེ་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དབུ་རྩེ་རིགས་གསུམ་དེ་ཉིད་ཀྱི་ཕྱི་ནང་གི་བཀོད་པ་ལ་བོད་དང་། རྒྱ་ནག རྒྱ་གར་གསུམ་གྱི་ཁྱད་ཆོས་ལྡན་པ་ཞིག་མཛད་ཡོད། དེས་བོད་ཀྱི་རི་མོའི་འབྲི་ཐབས་ལ་བསྐྱར་དུ་ཤུགས་རྐྱེན་མི་ཐེབས་པ་ག་ལ་སྲིད། དེའི་རྗེས་སུ་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་ཐོག་རིམ་བྱོན་དང་། བོད་སིལ་བུའི་དུས་རབས། ས་སྐྱའི་དུས་རབས་སོགས་རྒྱལ་རབས་དང་དུས་རབས་རྗེས་མ་རྣམས་སུ་བོད་དང་རྒྱ་ནག་དབར་འགྲོ་འོང་རྒྱུན་ཆད་མེད་པ་ནི་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ་ཤེས་ཐུབ། ལྷག་དོན་དུ་ས་སྐྱའི་དུས་རབས་ནས་བཟུང་ཕན་ཚུན་འགྲོ་འོང་དེ་བས་མང་དུ་ཕྱིན་ཡོད་པས་ན་བོད་ཀྱི་རི་མོ་ཙམ་མ་ཟད། རིག་གནས་གཞན་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། འདིར་སྐབས་བབས་ཀྱི་བརྗོད་དོན་ནི་དུས་རབས་བཅོ་ལྔར་རྒྱ་སྲོལ་རི་མོས་བོད་ཀྱི་རི་མོའི་འབྲི་ཐབས་གང་དག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་པ་ནི། པེ་ཅིང་གྲོང་ཁྱེར་དུ་དུས་རབས་བཅོ་ལྔའི་ལོ་རབས་སུམ་ཅུར་གསར་དུ་བསྐྲུན་པའི་ཧྥ་ཧའེ་སེ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གླང་མདོ་རྫོང་དུ་དུས་རབས་བཅུ་བཞིའི་ལོ་རབས་དགུ་བཅུའི་ནང་བཞེངས་འགོ་བརྩམས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གྲོ་ཚང་རྡོ་རྗེ་འཆང་དགོན་ནམ་གྲོ་ཚང་ལྷ་ཁང་གོ་ཏམ་སྡེ་དགེ་རྒྱས་བདེ་ཆེན་གླིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དུས་རབས་བཅོ་ལྔའི་ལོ་རབས་བཅུ་དྲུག་ནང་བཞེངས་པའི་དཔལ་ལྡན་འབྲས་སྤུངས་དགོན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་གནས་པའི་དུས་རབས་བཅོ་ལྔའི་ལོ་རབས་ཉི་ཤུར་བཞེངས་འགོ་བརྩམས་པའི་དཔལ་འཁོར་ཆོས་སྡེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་དུས་རབས་བཅོ་ལྔའི་ལོ་རབས་དྲུག་ཅུར་བཞེངས་པའི་གོང་དཀར་ཆོས་སྡེ། དེ་མིན་དུས་རབས་དེའི་ནང་སྟག་ཚང་ལོ་ཙཱ་བས་བཞེངས་པར་གྲགས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་སྟག་ལུང་དགོན་གྱི་དུས་རབས་བཅོ་ལྔའི་ཁྱད་ཆོས་ལྡན་པའི་ལྡེབས་བྲིས་[1]སོགས་གཙོ་བོར་འཛིན་ཏེ་བསྟན་པར་འདོད་པ་ལ། ཡིག་ཚོགས་ཉུང་བའི་ཆེད་དུ་དམིགས་བསལ་གྱི་གསལ་བཤད་བྱེད་དགོས་པ་ཕུད། གཤམ་འོག་གི་དཔྱད་བརྗོད་རྣམས་གོང་གི་དགོན་སྡེ་ཁག་ཕན་ཚུན་བསྡུར་བའི་མཇུག་འབྲས་ཡིན་པས་དགོངས་འཇགས་འཚལ། དེ་ཡང་ནང་ཚན་ལྔ་ཡི་ཐོག་ནས་བཤད་ན།
དང་པོ། ལྗོངས་ཕབ་སྟངས་དང་ཡུལ་ལྗོངས་ཀྱི་བཀོད་པའི་སྐོར།
        དུས་རབས་བཅོ་ལྔའི་སྐབས་སུ་བོད་ཀྱི་རི་མོའི་འབྲི་ཐབས་ཐད་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་གནས་འདིར་ཞིབ་འཇུག་གནང་མཁན་གྱི་རིགས་གཅིག་མཁས་ཅན་ནམ་ཞིབ་འཇུག་པ་སྤྱིར་བཏང་བ་སུ་འདྲ་ཞིག་ཡིན་རུང་ཞལ་བཞེས་མི་གནང་བ་མེད། དུས་རབས་བཅོ་ལྔའི་གོང་དུ་ལྗོངས་ཕབ་སྟངས་དང་ཡུལ་ལྗོངས་ཀྱི་བཀོད་པའི་ཐད་ལྷ་སྐུ་ཞི་དྲག་གི་རི་མོ་གང་འདྲ་ཞིག་ཡིན་ཡང་རི་མོ་དེའི་དཀྱིལ་དུ་གཙོ་ལྷ་ཆེ་ཙམ་ཞིག་དང་གཡས་གཡོན་དུ་ལྷ་མགྲོན་རྣམས་ཆུང་ཙམ་བྱས་ནས་རེའུ་མིག་ནང་ཆེ་ཆུང་གཅིག་མཚུངས་ཙམ་གྱི་སྒོ་ནས་བྲིས་ཡོད། ལྷ་སྐུ་རྣམས་ཀྱི་རྒྱབ་ཕྱོགས་སུ་པ་ཏྲའི་རྣམ་པའམ་དེ་དང་ཉེ་བའི་ཐོག་ནས་ལྗོན་ཤིང་མེ་ཏོག་སྤྲིན་ལ་སོགས་པ་བྲིས་ཡོད་ལ་ཞིང་བཀོད་དང་སངས་རྒྱས་ཀྱི་མཛད་པ་སོགས་འབྲི་བའི་སྐབས་སུ། རྒྱ་ཕིབས་ལ་སོགས་བྲིས་ཡོད་ཀྱང་དེ་ཙམ་གྱིས་བཀོད་པ་མི་ལེགས་པར་སྣང་ངོ་། །དུས་རབས་བཅོ་ལྔའི་སྐབས་སུ་ལྗོངས་ཕབ་སྟངས་དང་ཡུལ་ལྗོངས་ཀྱི་བཀོད་པའི་ཐད་ལ་སྐུ་བརྙན་གཙོ་བོ་ཆེ་ལ་ལྷ་མགྲོན་རྣམས་ཆུང་བར་བཀོད་པའི་རྒྱུན་དེ་མུ་མཐུད་གནས་པ་མ་ཟད། ལྷ་མགྲོན་ཕན་ཚུན་རེའུ་མིག་དུ་བཀོད་པ་འབའ་ཞིག་མ་ཡིན་པར་ཅུང་ཟད་འཁྲུག་ཆ་དོད་དུ་ཕྱིན་ཡོད་པ་དང་། སྟེང་དུ་སྔོ་ཞིང་དྭངས་བའི་ནམ་མཁར་ཕར་འགྲོ་ཚུར་འོང་གི་སྤྲིན་རིས་སྣ་ཚོགས་དང་། བར་དུ་སྔོ་ལྗང་ཅན་གྱི་བྲག་རི་སྤང་རི། ལྗོན་ཤིང་མེ་ཏོག་དང་བྱ་བྱིའུ་སྣ་ཚོགས་ཀྱིས་བརྒྱན་པ། གཤམ་འོག་ཏུ་ལྷུང་ལྷུང་དུ་རྒྱུགས་པའི་ཆུ་རྒྱུན་སོགས་ཀྱི་རྣམ་པས་ཁེངས་པ། ལྷག་པར་དུ་སངས་རྒྱས་ཀྱི་མཛད་པ་དང་ཞིང་བཀོད་རྣམས་སུ་རྒྱ་ནག་ཡུལ་ཕྱོགས་གང་སར་མཇལ་རྒྱུ་ཡོད་པའི་དགོན་སྡེ་ཁག་གི་རྒྱ་ཕིབས་དང་། རྒྱལ་ཁང་གི་རྒྱ་ཕིབས་ལྟ་བུ་རྒྱ་སྲོལ་རི་མོའི་ནང་ལ་ཡང་མཐོང་རྒྱུ་ཤིན་ཏུ་དཀོན་པ་མང་དག་ཅིག་དུས་རབས་འདིའི་བོད་ཀྱི་རི་མོའི་ནང་མཇལ་རྒྱུ་ཡོད་ལ། བཀོད་པ་དེ་བས་མཛེས་པའི་ངང་ནས་བེད་སྤྱོད་བྱས་པ་སོགས་ནི་རྒྱ་སྲོལ་རི་མོ་ལས་ཤུགས་རྐྱེན་བྱུང་བ་ཤ་སྟག་ཡིན་པ་གོར་མ་ཆག །
གཉིས་པ། སྐུ་བརྙན་སོགས་ཀྱི་ཚུགས་དང་ན་བཟའི་བཟོ་དབྱིབས་ཀྱི་སྐོར།
        གཅིག སྐུ་བརྙན་སོགས་ཀྱི་ཚུགས་བཤད་པ།
        སྐུ་བརྙན་སོགས་ཀྱི་ཚུགས་ལ། སྔོན་དུས་ཀྱི་སྐུ་བརྙན་རྣམས་དང་མི་འདྲ་བར་སངས་རྒྱས་རྣམས་ཀྱི་ཞལ་གྱི་དབྱིབས་ལ་ནི། འགྲམ་པའི་ཟུར་ཁུག་ནས་ཀོས་ཀོའི་བར་གྱི་སོར་མོའི་ཕྲི་སྟངས་ཐད་ཅུང་ཟད་ཉུང་བའམ་མངོན་གསལ་ཆུང་དུ་ཕྱིན་ཡོད་པ་མ་ཟད། སྒོར་གཟུགས་ཀྱི་རྣམ་པ་ཆེ་རུ་ཕྱིན་ཡོད་པ་དང་། སྐབས་རེ་སངས་རྒྱས་ཀྱི་གཙུག་ཏོར་སྟེང་གི་ནོར་བུའི་ཏོག་རྒྱ་ལུགས་སུ་བགྱིས་པ་ཡང་མངོན།[2] སྐུ་གཟུགས་ཐད་ལ་ཡང་སྔར་བས་མཉེན་བྱ་དོད་དུ་ཕྱིན་ཡོད་པ་དང་། མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་རས་ཀྱང་སྒོར་བཟོ་དོད་དུ་ཕྱིན་པ་གང་ཞིག །ཕྱག་ཞབས་སོགས་ཀྱང་མཉེན་ཆ་དང་ལྡན་པ། ཁྲོ་བོ་རྣམས་ནི་འཇིགས་རུང་གི་རྣམ་པ་དེ་བས་ཆེ་བ་དང་། ཞལ་དབྱིབས་ཀྱང་སྔར་ལས་ཅུང་ཟད་རིང་བའམ་ནར་དུ་ཕྱིན་ཡོད་པ། སྐུ་གཟུགས་ཀྱི་སྟངས་སྟབས་ཐད་དེ་བས་བདེ་ཞིང་མཉེན་ཆ་དོད་པ། ཞལ་གདངས་མཆེ་བརྩེགས་ཀྱི་རྣམ་པ་ཤུགས་ཆེར་བཏང་ཡོད་པ། མི་མགོའི་དོ་ཤལ་དང་ཞབས་གནོན་གྱི་ལྷ་ལ་སོགས་པའི་ཞལ་རས་སམ་སྐུ་གཟུགས་སོགས་ཕྱི་ཚུལ་གྱི་རྣམ་པ་ཙམ་མ་ཡིན་པར་བཟོ་བཀོད་ལེགས་ལ་མངོན་སུམ་དང་ཐག་ཇེ་ཉེར་ཕྱིན་ཡོད་པ། དྲག་པོ་ཁྲོ་བོ་རྣམས་ཀྱི་སྤྱན་གྱི་དབྱིབས་ཀྱང་སྒོར་གཟུགས་ཀྱི་རྣམ་པ་ལས་ཅུང་ཟད་ནར་སྟབས་སུ་འགྱུར་ཡོད་པ་མ་ཟད། སྤྱན་གྱི་ཕྱི་དབྱིབས་ལ་གྱ་གྱུའི་འགྱུར་བའམ་ཉམས་འགྱུར་ཁྱད་མཚར་ལྡན་ཡོད་པ་སོགས་དང་། དྲང་སྲོང་ཁྲོས་པ་རྣམས་ཀྱང་ཞལ་རས་དང་སྐུ་གཟུགས་ཀྱི་ཆེ་ཆུང་། གར་སྟབས་ཀྱི་ཉམས་འགྱུར་ལ་སོགས་སྔར་ལས་ཆ་སྙོམས་ལ་མཉེན་ཆ་དོད་པ། ལྷག་པར་དུ་རྣམ་སྲས་རྟ་བདག་བརྒྱད་དང་། གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་འབྲི་བའི་སྐབས་སུ་རྣམ་འགྱུར་དང་ཞལ་རས་ཀྱི་དབྱིབས། རྟ་ལ་སོགས་པའི་སེམས་ཅན་ཁག་གི་གཟུགས་བརྙན་རྣམས་དང་། ཉི་ཟླ་ལ་བྱ་དང་རི་བོང་གི་གཟུགས་ཀྱིས་མཚན་པ། ཁྲུང་ཁྲུང་མགོ་དམར་དང་། རྒྱ་བྱ་གཡུ་འབྲུག་[3]སོགས་རྒྱ་སྲོལ་རི་མོ་དང་ཐག་དེ་བས་ཉེ་བ་ཡོད་པའོ། །མདོར་ན། དེའི་དུས་སུ་སྐུ་བརྙན་སོགས་ཀྱི་ཕྱིའི་དབྱིབས་ལ་ཤུགས་རྐྱེན་ཐེབས་ཡོད་པ་གང་ཞིག ཞལ་རས་ཀྱི་དབྱིབས་དང་། སྤྱན་གྱི་བཟོ་ལྟ། སྙན་ལྕོག་ནང་རིས། དབུ་སྐྲའི་འཁྱེར་བཟོ། ཁྲོ་བོ་ཁྲོ་མོའི་སྐུ་རྒྱབ་ཀྱི་མེ་རིས་རླུང་རིས། རྒྱབ་ཡོལ་དབུ་ཡོལ་སྒོར་གཟུགས་དོད་དུ་ཕྱིན་པ། སྐུ་གཟུགས་ཀྱི་མཉེན་ཆ་དང་། སྒེག་པ་དང་དཔའ་བ་ལ་སོགས་གར་གྱི་ཉམས་དགུ་ལ་སོགས་ཕྱོགས་གང་ཅིར་འདྲ་མིན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད།
        གཉིས། ན་བཟའ་རྒྱན་ཆ་སོགས་བཤད་པ།
        ན་བཟའ་ལ་དུས་རབས་འདིའི་ནང་བོད་ཀྱི་རི་མོ་ལ་རྒྱ་སྲོལ་རི་མོས་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་ཡོད་པ་ནི་སངས་རྒྱས་ཀྱི་ན་བཟའ་དེ་སྔ་ཡིན་ན་རྒྱ་གར་གྱི་རི་མོའི་ལུགས་སམ་བལ་པོའི་ལུགས། ཡང་ན་བོད་ཀྱི་ལུགས་སོགས་སུ་བྱས་པ་མང་། དུས་རབས་འདིར་ན་བཟའི་རིགས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་དང་། ཆོས་གོས་རྣམ་གསུམ་གྱི་བཟོ་བཀོད་ཕན་ཚུན་གྱི་སྟབས་བསྟུན་ཡང་ཇེ་མཁས་སུ་ཕྱིན་ཡོད་པ་མ་ཟད། ན་བཟའི་ལྷོབ་ཆ་ཡང་ཆེ་རུ་ཕྱིན་ཡོད། ལོངས་སྤྱོད་རྫོགས་པའི་སྐུ་དང་། རྒྱལ་ཡུམ་ལྷ་མོ། དྲང་སྲོང་ཁྲོས་པ། ཁྲོ་བོ་ཁྲོ་མོ་སོགས་ཀྱི་དར་དཔྱངས་དང་། མཛེས་ལྡན་ཆོས་གོས། སྟོད་གཡོག །ཤམས་ཐབས། ཕོད་ཁ། རིན་ཆེན་རྒྱན་ཆ། རུས་པའི་རྒྱན་སོགས་ཀྱི་བཟོ་དབྱིབས་ལ་ཡང་རྒྱ་ནག་རི་མོ་ལས་ལེགས་ཆ་གང་མང་བླངས་ཡོད། ལྷག་པར་དུ་དར་དཔྱངས་ཀྱི་བསྒྲོན་སྟངས་དང་། རང་རྒྱལ་ཉན་ཐོས་ཀྱི་ཚོགས་འཕགས་པའི་གནས་བརྟན་དང་། སྦྱིན་བདག་གི་ཚུལ་དུ་གནས་པའི་མི་སྣ་མང་དག་གི་ན་བཟའ་རྣམས་དེ་བས་རྒྱ་ཡི་བཟོ་དང་མཐུན་པར་སྣང་བས་དཔེ་མཚོན་ཙམ་ཞུས་ན། འཕགས་པའི་གནས་བརྟན་ལ་ཕོད་ཁ་ཕུལ་བ་དང་།[4] སྦྱིན་བདག་འགར་མིང་རྒྱལ་རབས་དང་དེའི་གོང་གི་རྒྱལ་རབས་ནང་རྒྱ་མི་རིགས་ཀྱི་ཞྭ་དང་ཕྱུ་པ། ལྷམ་ལ་སོགས་ཀྱིས་སྤྲས་པ་མཐོང་རྒྱུ་ཡོད།[5] གོང་བརྗོད་དེ་དག་ནི་དུས་རབས་གོང་མ་རྣམས་ལ་ཆེས་དཀོན་པའམ་བྱུང་མྱོང་མེད་པ་ཞིག་རེད།
གསུམ་པ། ཚོན་མདངས་དང་བཅད་ཀྱི་སྐོར།
        གཅིག ཚོན་མདངས་བཤད་པ།
        ཚོན་མདངས་ཐད་དུས་རབས་འདིར་བོད་ཀྱི་དགོན་སྡེ་ཁག་དང་། ཕོ་བྲང་སོགས་ཀྱི་ལྡེབས་བྲིས་དང་ཐང་ཀ་སོགས་ལ་སྔོན་མེད་ཀྱི་རྣམ་པ་གསར་པ་ཞིག་ཐོན་ཡོད་པ་ནི། རི་མོའི་ཁྱོན་ཡོངས་ཀྱི་གཞིའམ་ཚོན་མདངས་དེ་སྔའི་དྲོ་ཚོན་ནམ་དམར་ཤས་ཆེ་བ་ལས་རིམ་བཞིན་གྲང་ཚོན་ནམ་སྔོ་ཤས་ལྗང་ཤས་ཅན་དུ་འགྱུར་འགོ་ཚུགས་པ་དང་། ནམ་མཁའི་སྤྲིན་གྱི་ཁ་དོག་ཀྱང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། མདངས་ཀྱི་འགྲོ་སྟངས་ཀྱང་རྒྱ་བྲིས་དང་ཉེ་བའང་མཐུན་པ། ལྗོན་ཤིང་མེ་ཏོག་སོགས་ཀྱི་ཚོན་མདངས་དང་། གཡུ་འབྲུག་དང་རྒྱ་བྱ། ཁྲུང་ཁྲུང་། སེང་གེ །སྟག་གཟིག །ཅེ་སྤྱང་ལ་སོགས་སེམས་ཅན་རྣམས་ཀྱི་ཚོན་མདངས། ལྷག་པར་དུ་བྲག་རི་ཆུ་བོ་སོགས་ལ་ཐང་རྒྱལ་རབས་ཀྱི་དུས་ནས་དར་འགོ་ཚུགས་པའི་སྔོ་ལྗང་རི་ཆུའི་འབྲི་སྟངས་དེ་བོད་ཀྱི་ས་གནས་མང་ཆེ་བར་བེད་སྤྱོད་བྱེད་འགོ་ཚུགས་པ་མ་ཟད། རྒྱབ་ཡོལ་དབུ་ཡོལ་ལ་རྒྱན་རིས་པ་ཏྲ་བེད་སྤྱོད་མི་གཏོང་བར་ཚོན་སྣ་འདྲ་མིན་ལེབ་བྱུགས་ཐོག་དེ་དང་མཐུན་པའི་ཚོན་གྱིས་མདངས་རྒྱག་པའི་རྣམ་པ་དེ་ཡང་ཐོན་འགོ་ཚུགས་འདུག་ལ། སྟག་དང་སེང་གེ་སོགས་ལ་སྤུ་གསེབ་ཀྱི་རྒྱག་སྲོལ་ཡང་དར་ཁྱབ་བྱུང་འདུག །
        གཉིས། བཅད་རྒྱག་སྟངས་བཤད་པ།
        བཅད་རྒྱག་སྟངས་ཐད་དུས་རབས་འདི་ནི་ཤིན་ཏུ་ནས་གལ་ཆེ་བའི་དུས་སྐབས་ཤིག་ཡིན། དུས་རབས་འདིའི་དུས་འགོའམ་དུས་རབས་གོང་མ་རྣམས་སུ་ཤ་བཅད་འདྲ་བའི་བཅད་ཕྲ་སྦོམ་དབྱེར་མེད་ཀྱིས་སྐུ་བརྙན་དང་། མི་སྣ། གཅན་གཟན་དང་སེམས་ཅན་གཞན། ཡུལ་ལྗོངས། པ་ཏྲ་སོགས་ཀྱི་དབྱིབས་མཐའ་དག་གི་རྣམ་འགྱུར་རམ་ཁྱད་ཆོས་རྣམས་མཚོན་པར་བྱེད་ཀྱི་ཡོད། དུས་རབས་འདིའི་དུས་དཀྱིལ་ཙམ་ནས་བཟུང་དེང་དུས་ཀྱི་བཅད་རྒྱག་སྟངས་དང་འདྲ་བར་བཅད་རིགས་མི་འདྲ་བ་རྣམ་པ་ལྔ་ཡོངས་སུ་རྫོགས་པར་གྲུབ་འདུག དེ་དག་ནི་འཇམ་བཅད་དམ་ཤ་བཅད། རྩུབ་བཅད། ལོ་མའི་བཅད། ན་བཟའི་བཅད། བུན་བཅད་བཅས་ལྔ་ཡིན། དེའི་ནང་ནས་རྩུབ་བཅད་ནི་རྒྱ་བྲིས་ནང་ཤིན་ཏུ་དར་ཁྱབ་ཆེ་བའི་རིགས་ཤིག་ཡིན།དེས་བྲག་རི་སོགས་ཤིན་ཏུ་མཁྲེགས་ལ་རྩུབ་པའི་རྣམ་པ་དེ་དག་ཇི་བཞིན་དུ་སྟོན་པར་ནུས་སོ། །
བཞི་པ། གསེར་རིས་དང་ཞིབ་ཚགས་ཀྱི་སྐོར།
        གཅིག གསེར་རིས་བཤད་པ།
        གསེར་རིས་དང་དར་གོས་སྟེང་གི་རི་མོ་དེ་སྔ་གསེར་རིས་ཉུང་ལ་སྟབས་བདེ་ཅན་ཤ་སྟག་ཡིན་པ་དང་། དར་གོས་མང་ཆེ་བར་ཚོན་ཁྲ་ཅན་གྱི་རྒྱན་རིས་བེད་སྤྱོད་བྱེད་ཀྱི་ཡོད། རྒྱན་རིས་དེ་དག་ནི་རྒྱ་གར་དང་། བལ་ཡུལ། ལི་ཡུལ་ལ་སོགས་པའི་ཁྱད་ཆོས་དང་ལྡན་པའི་རི་མོ་ཁོ་ན་ཡིན། དུས་རབས་འདིར་གསེར་རིས་དང་ཚོན་ཁྲ་ཅན་གྱི་གོས་རིས་ལ་འཕེལ་རྒྱས་ལྷག་པར་ཆེ་བ་ཞིག་བྱུང་ཡོད་པ་ནི་རྒྱན་རིས་ཀྱི་རྣམ་གྲངས་དེ་བས་མང་དུ་ཕྱིན་ཡོད། དཔེ་མཚོན་ཙམ་ཞུས་ན། གསེར་རིས་ལ་བཅད་ལྡན་གྱི་མེ་ཏོག་དང་།  བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ།  བྱ་འབྲུག་གི་རི་མོ། ཚོན་ཁྲ་ཅན་གྱི་གོས་རིས་ལ་རྒྱ་བྱ་དང་། སེང་གེ མེ་ཏོག་སྣ་ཚོགས་སོགས་མཛེས་ཤིང་ཁམས་གཙང་ལ་བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་ཐུབ་པའི་ཁྱད་ཆོས་ལྡན་ཡོད།
        གཉིས། ཞིབ་ཚགས་བཤད་པ།
        ཞིབ་ཚགས་ཐད་སྐུ་བརྙན་ཞི་དྲག་གང་ཡིན་ཡང་དེ་སྔ་ལས་མཛེས་ཤིང་ཡིད་དུ་འོང་བའམ་དྲག་ཅིང་ཁྲོས་པའི་རྣམ་འགྱུར་དེ་བས་མངོན་གསལ་དོད་པའམ་མཚོན་པར་ནུས་པ་ཞིག་བྱུང་འདུག །སངས་རྒྱས་དང་། ལོངས་སྐུ། དྲང་སྲོང་ཁྲོས་པ། བྱང་སེམས། ཁྲོ་བོ་ཁྲོ་མོ་གང་ཞིག་ཡིན་ཡང་སྤྱན་དཀར་དང་རྒྱལ་མོ་དབྱེ་བ་འབྱེད་ཅིང་། དྲག་པོ་རྣམས་ཀྱི་སྤྱན་དཀར་སྔར་བས་ཆེ་བ། མདངས་ཆ་ཕུན་སུམ་ཚོགས་པ། ཞལ་འཛུམ་པའམ་ཁྲོ་གཉེར་གྱི་རྣམ་པ་དེ་བས་གསལ་བ་དང་བཀོད་པ་ལེགས་པ། ལྷག་པར་དུ་རྒྱལ་ཆེན་རིགས་བཞི་སོགས་ཀྱི་སྐུའི་རྣམ་འགྱུར་དེ་བས་རྒྱ་སྲོལ་རི་མོ་དང་ཐག་ཉེ་བ་སོགས་ནི་དུས་རབས་དེའི་བརྩམ་བྱ་མང་ཆེ་བར་མཐོང་རྒྱུ་ཡོད།
ལྔ་པ། སྐྱོ་འབུར་དང་གསེར་ཤོག་གི་ལག་ལེན།
        དུས་རབས་བཅོ་ལྔའི་གོང་གི་རི་མོར་དུས་རབས་སྔ་མ་རྣམས་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། ལྡེབས་བྲིས་དང་ཐང་ཀར་སྐྱོ་འབུར་གསེར་ཤོག་སྤྱོད་སྲོལ་ཡོད་པ་དེ་ཡིན། མ་ཟད་ལུགས་དེ་ནི་རྒྱ་སྲོལ་རི་མོ་དང་ཕྱི་གླིང་གི་སྲོལ་རྒྱུན་ཞིག་ཡིན་པ་ཀྲུང་གོའི་མཛེས་རྩལ་ལོ་རྒྱུས་ཁག་དང་། ཕྱི་གླིང་གི་མཛེས་རྩལ་ལོ་རྒྱུས། དེ་མིན་རི་མོའི་འབྲི་ཐབས་སྐོར་གྱི་དེབ་རིགས་ཁག་ལས་ཤེས་རྟོགས་ཐུབ། དེ་ཡང་སྐྱོ་འབུར་གསེར་ཤོག་གྱི་ལག་རྩལ་ནི་རྒྱའི་ཡུལ་དུ་ཐང་རྒྱལ་རབས་ཀྱི་དུས་སུ་དར་འགོ་ཚུགས་ཤིང་དེ་རྗེས་ཀྱི་རྒྱལ་རབས་རིམ་བྱོན་ཁག་ནང་མུ་མཐུད་དེ་བེད་སྤྱོད་གཏོང་སྲོལ་ཡོད།[6] བྱས་ཙང་རང་རེ་བོད་ཁ་བ་ཅན་གྱི་ཞིང་ཁམས་སུ་དུས་རབས་འདིར་རྒྱ་སྲོལ་རི་མོས་ཤུགས་རྐྱེན་ཐེབས་པ་མིན་ནམ་སྙམ། གང་ལགས་ཤེ་ན། དུས་རབས་བཅོ་ལྔའི་གོང་དུ་ལྡེབས་བྲིས་དང་ཐང་ཀར་སྐྱོ་འབུར་གསེར་ཤོག་བེད་སྤྱད་པ་མཐོང་རྒྱུ་མེད་པར་སྙམ་ཡང་། མུ་མཐུད་དཔྱད་པར་བྱ་རྒྱུའི་གནས་སོ། །
        མདོར་ན། དུས་རབས་བཅོ་ལྔར་བོད་ཀྱི་བླ་སྤྲུལ་ཆེ་ཁག་དང་མི་དཔོན་མང་པོ་ཞིག་རྒྱ་ཡུལ་དུ་འགྲོ་འོང་གནང་བའི་རྐན་གྱེས་རྒྱ་བོད་མི་རིགས་ཕན་ཚུན་གྱི་རིག་གནས་སྤེལ་རེས་ཀྱང་ཇེ་མང་དུ་ཕྱིན་ཡོད་ཁར། རྒྱ་མི་རིགས་ཀྱི་སྔོན་ཐོན་གྱི་རིག་གནས་དང་སློབ་གསོ་སོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། ཆབ་སྲིད། དཔལ་འབྱོར་སོགས་ཕྱོགས་གང་ཅིར་ཡང་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཡོད་པ་མ་ཟད། ལྷག་དོན་དུ་བོད་ཀྱི་རི་མོར་[7]གོང་དུ་བརྗོད་པ་བཞིན་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་ཡོད། དེའི་ནང་ནས་གཙོ་བོ་འགའ་ཞིག་ཅུང་ཟད་ཕྱོགས་བསྡུས་བྱས་ནས་བཤད་ན། རི་མོའི་ཁྱོན་ཡོངས་ཀྱི་ཚོན་མདངས་དམར་ཤས་ཆེ་བ་ལས་སྔོ་ཤས་དང་ལྗང་ཤས་ཆེ་བར་བསྐྱོད་འགོ་ཚུགས་པ་དང་གཅིག ན་བཟའ་སོགས་དེ་སྔའི་རྒྱ་བལ་སོགས་ཀྱི་སྟབས་བདེའམ་སྐུ་གཟུགས་ལ་སྦྱར་བ་ལྟ་བུ་ལས་རྒྱ་ནག་རི་མོའི་ནང་གི་དར་དཔྱངས་རིང་ལ་ཆོས་གོས་སོགས་ལྷོབ་ཆ་ཆེ་བར་འགྱུར་པ་དང་གཉིས། མེ་རིས་རླུང་རིས་རྣམས་པ་ཏྲ་ལས་རྒྱ་རིས་ཀྱི་མེ་རླུང་དང་འཚོ་བ་དངོས་ཀྱི་མེ་རླུང་ལྟ་བུར་འགྱུར་འགོ་ཚུགས་པ་དང་གསུམ། རྒྱབ་ཡོལ་དབུ་ཡོལ་རྣམས་ལ་རྒྱན་རིས་ཉུང་བའམ་མེད་པ་དང་སྒོར་བཟོ་དོད་དུ་ཕྱིན་པ་དང་བཞི། སྐྱོ་འབུར་གསེར་ཤོག་ཀྱི་ལག་ལེན་དར་བ་དང་བཅས་ལྔ་ཡིན། དེ་དག་གི་རྐྱེན་གྱིས་བོད་བྲིས་འདི་བཞིན་དངོས་སུ་རང་མི་རིགས་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པའི་རི་མོ་ཞིག་ཏུ་གྱུར་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ། དུས་རབས་དེའི་ལོ་རབས་དྲུག་ཅུའི་ནང་རེ་བ་དེ་ཉིད་དངོས་སུ་མངོན་དུ་གྱུར་ཐུབ་པ་བྱུང་ཡོད་དོ། །[8]
        དཔྱད་གཞིའི་ཡིག་ཆ།
        [1] པེ་ཅིང་གྲོང་ཁྱེར་དུ་གནས་པའི་ཧྥ་ཧའེ་སིའི་ལྡེབས་བྲིས་ནི་མིང་རྒྱལ་རབས་ཀྱི་དུས་སུ་རྒྱ་བྲིས་ཀྱི་ལུགས་སུ་བྲིས་པ་ཞིག་རེད། དེར་ཁོ་བོས་དངོས་སུ་རྟོག་ཞིབ་བྱེད་པར་ཕྱིན་པ་ཡིན་ལ། དེའི་སྐོར་གྱི་དེབ་ཆུང་ཞིག་ཀྱང་ལྟ་ཀློག་བྱས་པ་ཡིན། མཚོ་སྔོན་ཞིང་ཆེན་དུ་གནས་པའི་གྲོ་ཚང་རྡོ་རྗེ་དགོན་དེ་མིང་རྒྱལ་རབས་ཀྱི་དུས་སུ་བོད་ཀྱི་བླ་མ་བསམ་བློ་ཞེས་པར་མིང་གི་གོང་མ་ཀྲུའུ་ཡོན་ཀྲང་གིས་བཞེངས་གནང་མཛད་པའི་དགོན་སྡེ་ཞིག་རེད། དེ་རྗེས་མིང་གི་རྒྱལ་ཐོག་རིམ་བྱོན་གྱིས་རྒྱ་བསྐྱེད་བཏང་ནས་ད་ལྟའི་གཞི་ཁྱོན་འདི་ཉིད་གྲུབ་འདུག དེའི་ནང་ལྷ་ཁང་ཁག་ཏུ་བོད་དར་བལ་བྲིས་དང་འདྲ་བའི་ལྡེབས་བྲིས་དང་། ཕྱི་རོལ་གཡབ་འཁོར་ནང་རྒྱ་བྲིས་སུ་སངས་རྒྱས་ཀྱི་མཛད་པ་སོགས་བྲིས་ཡོད། གནས་དེར་ཁོ་བོས་དངོས་སུ་བསྐྱོད་ནས་རྟོག་ཞིབ་བྱས་པ་ཡིན། ད་དུང་བོད་ཀྱི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་། གོང་དཀར་ཆོས་སྡེ། ཡར་འབྲོག་སྟག་ལུང་དགོན་སོགས་ལའང་ཁོ་བོས་དངོས་སུ་གཤམ་བསྐྱོད་བྱས་པ་ཡིན།
        [2] 〔英〕亚当斯•贝克夫人.释迦牟尼的故事[M].赵炜征,译.陕西师范大学出版社,2002(4):177.世尊三昧火焚金躯壁画 中国山西崇善寺 明朝;189.铜鎏金佛坐像,中国 明代宣德年间。འདིའི་ནང་གི་སངས་རྒྱས་ཀྱི་དབུའི་ནོར་ཏོག་དང་གོང་དཀར་ཆོས་སྡེའི་འདུ་ཁང་ལྷོ་ངོས་ཀྱི་སངས་རྒྱས་ཀྱི་དབུའི་ནོར་ཏོག་གཉིས་གཅིག་མཚུངས་སོ།།
        [3] 熊文彬.中世纪藏传佛教艺术——白居寺壁画艺术研究[M].中国藏学出版社,1996(11): 157.在汉族文化中,青龙、朱雀和白虎、玄武是东西南北四方传说中的方位神。
        [4]〔德〕扎雅著.西藏宗教艺术[M].谢继胜,译.西藏人民出版社,1989(2):156.有的文献还记载说,在印度是十六尊者穿印度僧人装;在藏地时十六尊者穿藏僧装;在中原汉地时十六尊者则穿汉地有袖的深色和尚装。
        [5] གངས་ཅན་རིགས་མཛོད་དེབ། 10པ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་པདེ་སྐྲུན་ཁང་ནས་1994ལོའི་ཟླ་བ་7པར་པར་ཐེངས་གཉིས་པ་བརྒྱབ། ཤ་76 ཕ་20 དཔེར་ན་གནས་བརྟན་གྱི་རི་མོ་འདི་དང་། ཀླུ་མེས་འབྲོམ་ཆུང་གིས་རྒྱ་ནག་ནས་སྤྱན་དྲངས་ཞེས་གྲགས་པས་འདི་དག་ལ་རྒྱ་མིའི་ཧྭ་ཤང་གི་གསོལ་བའི་གསང་གོས་སྔོན་པོ་དེ་ཡང་ཡོད། བདེ་བ་ཅན་གྱི་ཞིང་བཀོད་ཀྱང་རྒྱའི་བྲིས་ཆ་རྒྱ་ནག་ནས་ཡིན་འདུག་པ་ལྷམ་ཡུ་རིང་དང་། དོར་མ་དཀར་པོ་དང་། ཨུག་ཚོམ་རིང་པོ། མགོ་ལ་ཐང་གི་རྒྱལ་པོའི་དུས་སུ་གྱོན་པའི་ཞྭ་ཟུར་མང་བ་དེ་དང་། གཞན་ཡང་རྒྱབ་ཡོལ་གྱི་མཐར་མེ་འབར་བ་དང་། རབ་ཀྱི་མདུན་དུ་ཉ་པགས་སྲམ་པགས་འཕྱང་པ་སོགས་རྒྱའི་ལུགས་ཁོ་ནར་འདུག་པས་འདི་ཡང་གནས་བརྟན་བཅུ་དྲུག་གི་རི་མོ་དང་མཉམ་དུ་རྒྱ་ནག་ནས་བྱོན་པར་སེམས། Marylin M.Rhie,藏传佛教艺术大展[M].葛婉章,等,译.时广企业有限公司出版,1998(1):6.书中关于《藏传佛教艺术美学、年代与风格》一文,吉祥多门塔的壁画同样是两种风格的结合。画中人物形貌、佩饰与锦衣图案等是印度\尼泊尔系的风格,而人物穿着的裙裳、衣褶与飘带所流露的自然主义绝色之美,则基本上是中国式的。
        [6] 楚启恩.中国壁画史[M].北京工艺美术出版社,2000(2):69.唐、宋以来的各种壁画作品无不使用沥粉。
        [7] སྡེ་སྲིད་སངས་རྒྱས་རྒྱ་མཚོ། བཻ་ཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་དང་པོ་བཞུགས་སོ།།[M]  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2002ལོའི་ཟླ་བ་10པར། ཤ458 ཕ་6 རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་སི་ཐང་རྒྱ་མཛོད་ཆེན་མོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་བསྟན་པའི་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་ཀྱི་རི་མོ་ཐུགས་ལ་ཁྲ་ལམ་གྱིས་ཤར། རྒྱུད་སྡེ་གཉིས་དང་བསྟུན་ཡིག་ཆ་མཛད་ཅིང་ཚུག་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོད་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ།
        [8]〔德〕大卫杰克逊著,向红笳、谢继胜、熊文彬译.西藏绘画史[M].西藏人民出版社、明天出版社出版,2001(7):64.大部份学者,无论是藏族学者还是西方学者,现在都可能把真正的西藏艺术风格的起源追溯到15世纪中期的那几十年。目前一致的说法是将形成时间在大约15世纪的前50年,……15世纪30年代江孜壁画的风格“仅仅表明藏族风格的产生”,汉地和尼瓦尔风格的影响还没有充分融入,这样说或许更准确一些。མདུན་གྱི་རྟགས་རྒྱབ་པའི་དཔྱད་གཏམ་དེར་བསམ་བློ་ཞིབ་པར་བཏང་ན་སྐྱོན་འདི་འདྲ་ཞིག་འདུག སྨན་བླ་དོན་གྲུབ་དང་གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོ་རྣམ་གཉིས་ཀྱི་རི་མོའི་བརྩམ་བྱའི་ལོ་རྒྱུས་ནང་དངོས་སུ་གསལ་བའི་དུས་ཚོད་ནི་དུས་རབས་15ལོ་རབས་50དང་60ནང་ཡིན། དེ་ཡང་སྨན་བླ་དོན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོར་ལྡེབས་བྲིས་རྒྱབ་པའི་དུས་ཚོད་ནི་1458ལོར་ཡིན་པ་དང་། གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོས་གོང་དཀར་ཆོས་སྡེར་ལྡེབས་བྲིས་རྒྱབ་པའི་དུས་ཚོད་ནི་1464ལོ་ནས་འགོ་བརྩམས་པ་ཞིག་ཡིན། གལ་སྲིད་མཁས་དབང་འདི་གཉིས་དེ་སྔ་ནས་མཁས་པར་གྲགས་པ་ཡིན་ལ་དུས་རབས་15མདུན་གྱི་ལོ་50ནང་རང་རང་གི་ལུགས་གསར་དུ་གཏོད་ཡོད་ན་དུས་རབས་15གོང་གི་ལོ་50སྐབས་སུ་མ་མཐར་ཡང་དགུང་ལོ་30ལྷག་ཙམ་དུ་ཕེབས་དགོས་པ་ནི་རི་མོའི་གནས་འདིར་སྦྱངས་མྱོང་ཡོད་པའི་མི་ཀུན་གྱིས་ཚོད་དཔག་ཐུབ་པ་ཞིག་རེད། དེ་ལྟར་ཡིན་ན་1506ལོར་ཞྭ་དམར་སྐུ་ཕྲེང་བཞི་པས་ཡངས་ཅན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ནས་ལྡེབས་བྲིས་རྒྱག་པའི་དུས་སུ་མཁས་དབང་འདི་གཉིས་དགུང་གྲངས་དགུ་བཅུ་ལ་ཉེ་བའམ་ཡོལ་བའི་དུས་སུ་ཕེབས་ཡོད། དགུང་ལོ་མཐོ་པོ་དེ་འདྲའི་བགྲེས་སྲོང་གིས་ལྡེབས་བྲིས་ཀྱི་ལས་ལ་འཇུག་ཐུབ་པ་ནི་ཤིན་ཏུ་ནས་ངོ་མཚར་དགོས་པ་ཞིག་རེད་བསམ། མཁྱེན་ལྡན་ཚོས་མུ་མཐུད་དཔྱད་པར་ཞུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1