༄༅།། ལུམས་བཅོས་རིག་པའི་ལོ་རྒྱུས་དང་འཕེལ་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-12




རྩ་བའི་སྤྱི་དོན་དང་པོ། རབ་བྱུང་ཆུ་ཚན་གྱི་རྒྱབ་ལྗོངས་བཤད་པ།

        སྤྱིར་བཏང་ལུམས་བཅོས་རིག་པའི་ལག་རྩལ་གྱི་རྨང་གཞི་ནི། ལོ་རབས་སྟོང་ཕྲག་མང་པོའི་སྔོན་ནས་དར་ཡོད་པ་ཞིག་རེད། རྒྱུ་མཚན་གང་ཡིན་ཞེ་ན། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཆུ་ཚན་མཐོང་བའི་ཚེ་ངོ་མཚར་བའི་བློ་དུ་མ་སྐྱེས་ནས་རང་བྱུང་ཆུ་ཚན་དུ་ཞུགས་པ་དང་། གཟོད་ནས་ལུས་ལ་སྨན་བྱུག་པ་སོགས་བྱས་རྗེས་ནད་གཞི་འགའ་ཞིག་ལ་ཕན་པའི་ནུས་པ་ཡོད་པར་དངོས་སུ་མཐོང་བ། མུར་ནས་ཆུ་ཚན་དེར་ཞུགས་པས་ཕན་ནུས་ཤེས་རྟོགས་བྱུང་བ་དང་མངོན་གསལ་དོད་པོའི་སྒོ་ནས་ནད་གཞི་མང་པོར་དྲག་བསྐྱེད་བྱུང་བའི་འཚོལ་རྟོགས་གསར་བ་དང་ལྟ་གྲུབ་ཀྱི་སྐས་ཐེམ་དང་པོའི་དབུ་ཁྱུད་བྲིས་པ་རེད། དེ་ནས་རིམ་བཞིན་མི་རྣམས་ཀྱི་བློ་རིག་རྩལ་འདོན་དང་རྣམ་དཔྱོད་ཀྱི་ནུས་པ་བླ་ལྷག་འཕེལ་ནས་ཆུ་ཁོལ་མའམ་ཆུ་བསྐོལ་མ་ས་ལ་དོང་བྲུས་ཏེ་དེར་ཞུགས་ནས་བཅོས་མའི་ཆུ་ལུམས་ཀྱི་སྲོལ་ལུགས་གསར་དུ་བཏོད་པ་དང་། དེ་ནས་བསྟུད་མར་རི་སྐྱེས་སྨན་རྫས་རེ་ཟུང་ཆུ་ནང་དུ་བསྐོལ་ནས་དེར་ཞུགས་པ་སོགས་ལས་དམིགས་གསལ་ཕན་ཡོན་བདོག་པ་དང་ལུམས་བཅོས་བྱེད་པའི་མ་ལག་རིག་གཞུང་གསར་རྩོམ་མཛད་པ་དང་། དུས་རབས་ཤིག་གི་དཀྱོག་མཚམས་ནས་ས་ལྒང་གོ་ལའི་སྟེང་གི་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའི་བའི་གོ་རིམ་དང་མདོ་ཤོད་མང་པོ་བརྒྱུད་ནས་རང་བྱུང་ཆུན་ཚན་ལ་རིགས་ལྔ་ཡོད་པ་དང་དེ་དག་གི་ཕན་ནུས་དང་སྤྱོད་ཡུལ་གྱི་ནད་གཞི་མི་འདྲ་བའི་དངོས་སྟོབས་ཀྱི་རིགས་ལམ་ཟབ་པར་ཕྱིན། དེང་སང་བོད་ཡུལ་སྟོད་སྨད་གསུམ་གྱི་ལྗོངས་ཀླུང་རི་ངོགས་མི་འདྲ་བ། ས་མཐོའི་སྐྱེ་ཁམས་ཀྱི་ཁོར་ཡུག་མི་འདྲ་བ། ས་གཤིས་ཆགས་ཚུལ་གྱི་འགྱུར་ལྡོག་དང་གནམ་གཤིས་ཀྱི་དྲོ་གྲང་མི་འདྲ་བ། ལྗོན་ཤིང་དང་སྨན་སྣ་སྐྱེ་དངོས་ཀྱི་རྩི་བཅུད་མི་འདྲ་བའི་དབང་གིས་རང་བྱུང་ཆུ་ཚན་ལ་རིགས་མི་འདྲ་བ་སྣ་ཚོགས་འབྱུང་བཞིན་ཡོད། གསར་བྱུང་ཚན་རིག་གི་ཞིབ་འཇུག་དང་བྱེད་ཐབས་གསར་བའི་ཕྱོགས་སུ་གོམ་པ་སྤོས་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས། རང་བྱུང་ཆུ་ཚན་གྱི་རྩ་བའི་གྲུབ་ཆ་དང་སྨན་རྫས་ཀྱི་རྒྱུ་ཆ་མི་འདྲ་བ་མང་པོ་ཞིག་གསར་རྙེད་དང་གསར་རྟོགས་ཐུབ་བཞིན་ཡོད། བོད་སྔ་རབས་པའི་སྨན་དཔྱད་མཁས་པ་རྣམས་ཀྱིས་རང་བྱུང་ཆུ་ཚན་ལ་རིགས་ཆེན་པོ་ལྔར་ཕྱེས་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སྔོན་ལས། ཆུ་ཚན་རིགས་ལྔའི་ནུས་པ་དང་རིགས་དབྱེ་བསྟན་པ་ནི། ཇི་སྐད་དུ། རྡོ་སོལ་མེད་པར་མི་འབྱུང་སྟེ། །རྡོ་སོལ་ཅོང་ཞི་འདྲེས་པའི་ཆུ། །རབ་ཏུ་ཚ་བའི་ནད་རྣམས་སེལ། །རྡོ་སོལ་མུ་ཟི་འདྲེས་པའི་ཆུ། །ཁྱད་པར་གྲང་བའི་ཆུ་སེར་འཇོམས། །ཅུང་ཟད་རྩུབ་པས་རླུང་ལ་གནོད། །རྡོ་སོལ་བྲག་ཞུན་འདྲེས་པའི་ཆུ། བསིལ་དྲོད་སྙོམས་ཤིང་ལྡན་འདུས་སེལ། །དེ་བཞིན་རྡོ་སོལ་ཅོང་ཞི་དང་། །མུ་ཟི་གསུམ་འདྲེས་ཆུ་ཚན་ནི། །ཀུན་ལ་ཡོད་དེ་གྲང་རྐྱང་སེལ། །རྡོ་སོལ་མུ་ཟི་བྲག་ཞུན་དང་། །ལྡོས་རོས་འདྲེས་པའི་ཆུ་ཚན་ནི། །ཆུ་སེར་ཚ་བ་ལ་སོགས་སེལ། །ཞེས་གསུངས་ཡོད། སྔོན་བྱོན་མཁས་པ་ཕལ་ཆེར་གྱིས་རང་བྱུང་ཆུ་ཚན་འབྱུང་བྱེད་ཀྱི་རྒྱུ་ནི་རྡོ་སོལ་དངོས་ལ་བཞེད་མཁན་ཡོད་ཀྱང་། རང་བྱུང་ཚན་རིག་པས་ཆུ་ཚན་རིགས་ལྔའི་རྒྱུ་ནི་རྡོ་ཞོ་ཡིན་པར་འདོད་པ་དང་དེ་ལས་ཀྱང་གྲུབ་ཆ་གཞན་ཞིག་ཡོད་པར་འདོད། དེང་དུས་ཚན་རིག་པ་དང་སྐྱེ་དངོས་ཞིབ་འཇུག་པ་རྣམས་ཀྱིས་རང་བྱུང་ཆུ་ཚན་ལ་དབྱེ་བ་འབྱེད་ཚུལ་མང་པོ་ཡོད་དེ། སྤྱིར་ཆུ་ཚན་གྱི་ཚ་དྲོད་དང་སྐྱུར་བུལ་ཚད། ཆུ་གཤིས་བཟང་ངན་ནམ་ཆུའི་གྲུབ་ཆ་སོགས་ལ་གཞིགས་ནས་གཤམ་གསལ་ལྟར་དབྱེ་བ་ཕྱེ་དགོས་པ་སྟེ།
        དང་པོ། ཆུ་ཚན་གྱི་ཚ་དྲོད་མི་འདྲ་བར་གཞིགས་ནས་དབྱེ་ན། ཚ་ཚད་ཏུའུ་34མན་གྱི་ཚ་དྲོད་ཆུང་བའི་ཆུ་ཚན་དང་། ཚ་ཚད་ཏུའུ་34ནས་42བར་གྱི་ཚ་དྲོད་འབྲིང་བའི་ཆུ་ཚན། ཚ་ཚད་ཏུའུ་42ཡན་གྱི་ཚ་དྲོད་ཆེ་བའི་ཆུ་ཚན་བཅས་ཆུའི་ཚ་དྲོད་ལ་བལྟོས་ནས་རིགས་གསུམ་དུ་དབྱེ་ཡོད།
        གཉིས་པ། ཆུའི་གྲུབ་ཆ་མི་གཅིག་པར་གཞིགས་ནས་དབྱེ་ན། གྱེས་རྡུལ་མོ་(阴离子)གཙོ་བོར་བལྟོས་ནས་ཁིལ་གྱེས་རྡུལ་ (氯离子)མང་བའི་ཁིལ་འགྱུར་རྫས(氯化物)ཀྱི་ཆུ་ཚན་དང་། ཐན་སྐྱུར་གྱེས་རྡུལ་མང་བའི་ཐན་སྐྱུར་ཆིང་ཚྭའི་ཆུ་ཚན། མུ་སྐྱུར་གྱེས་རྡུལ་(硫酸根离子)མང་བའི་མུ་སྐྱུར་ཚྭའི་(硫酸盐) ཆུ་ཚན་བཅས་གསུམ་དང་། ཆུ་ཚན་གྱི་གཙོ་བོའི་གྲུབ་ཆ་ལ་གཞིགས་ནས་ངོ་བོ་ལྕི་བའི་ཐན་སྐྱུར་ནཱ་(重碳酸钠) གྲུབ་ཆ་མང་བའི་ཀྲུང་ཚོའི་ཆུ་ཚན་(重曹泉)དང་། ཀལ་(钙) དང་མེལ་(镁 )གྱི་ཐན་སྐྱུར་ཆིང་ཚྭ་(碳酸氢盐) མང་བའི་ཐན་སྐྱུར་ས་རིགས་ཆུ་ཚན།(重碳酸土类泉) ཁིལ་སྐྱུར་ནཱ་གྱེས་རྡུལ་(氯化钠离子)གྱི་ཟ་ཚྭའི་ཆུ་ཚན། (食盐泉)ཁིལ་སྐྱུར་ཚྭའི་ས་རིགས་ཆུ་ཚན། (氯化土盐泉)མུ་སྐྱུར་ནྰ་གྱེས་རྡུལ་(硫酸钠离子)གྱི་ཟེ་ཚྭའི་ཆུ་ཚན།(芒硝泉)མུ་སྐྱུར་ཀལ་གྱི་རྡོ་ཞོའི་ཆུ་ཚན།(石膏泉)མུ་སྐྱུར་མེལ་(硫酸镁)གྱི་རོ་སྐྱུར་ཆུ་ཚན།(正苦味泉) ལྕགས་(铁)རིགས་ཀྱི་མུ་དཀར་ཆུ་ཚན།(白磺泉) ཟངས་(铜) དང་ལྕགས་ (铁) རིགས་ལྡན་པའི་ཟངས་ཀྱི་ཆུ་ཚན།(青铜泉) རོད་ (氡)དང་(镭)ལེལ་ལྡན་པའི་འོད་འཕྲོ་ནུས་ཚད།(放射能泉)ཐན་སྐྱུར་གྱེས་རྡུལ་(碳酸离子)དང་སྣེ་མང་གཞི་རྒྱུ་འཛོམས་པའི་ཆུ་ཚན་རྐྱང་པ་(单纯泉 )བཅས་བཅུ་གཅིག་ཏུ་དབྱེར་ཡོད།
        གསུམ་པ། ཆུ་ཚན་གྱི་སྐྱུར་བུལ་ཚད་མི་འདྲ་བར་གཞིགས་ནས་དབྱེ་ན། སྐྱུར་བུལ་ཚད་3མན་གྱི་སྐྱུར་བུལ་ཚད་༡་ཡིན་ན་སྐྱུར་ཆེན་(强酸)ཞེས་བྱ། སྐྱུར་གཤིས་ཆུ་ཚན་(酸性泉)དང་། སྐྱུར་བུལ་ཚད་3ནས་6བར་གྱི་སྐྱུར་ཞན་ཆུ་ཚན།(弱酸性泉) ཞེས་འབོད་པ་དང་། སྐྱུར་བུལ་ཚད་༦ནས་༧.༥བར་གྱི་སྐྱུར་བུལ་སྙོམས་པའི་ཆུ་ཚན།(中性泉)ཞེས་དང་། སྐྱུར་བུལ་ཚད་7.5ནས་8.5བར་གྱི་བུལ་མང་ཆུ་ཚན།(强碱性泉)ཞེས་དང་། སྐྱུར་བུལ་ཚད་8.5ཡན་གྱི་བུལ་གཤིས་ཆུ་ཚན་(碱性泉)བཅས་དབྱེ་བ་ལྔར་ཕྱེས་ཡོད། སྔོན་བྱོན་གསོ་དཔྱད་མཁས་པ་གཡུ་ཐོག་གསར་རྙིང་གཉིས་དང་མི་དབང་སྡེ་སྲིད་རིན་པོ་ཆེ་སོགས་ཀྱིས་རང་བྱུང་ཆུ་ཚན་ལ་དབྱེ་ཞིབ་མཛད་པའི་གདོད་མའི་རིང་ལུགས་དང་དེང་དུས་རིག་གསར་སྨྲ་བའི་རང་བྱུང་ཚན་རིག་གི་ལྟ་བ་ཟུང་འབྲེལ་དུ་བྱས་ནས་རང་བྱུང་ཆུ་ཚན་གྱི་གྲུབ་ཆ་དང་རྒྱུ་རྐྱེན་རྟེན་འབྲེལ། དབྱེ་འབྱེད་ཀྱི་རྣམ་གྲངས་དང་ངོ་བོའི་མཚན་ཉིད་སོགས་ལ་དཔྱད་བརྗོད་ཙམ་དང་སྡོམ་ཚིག་ཙམ་དུ་སྤེལ་བའོ། །

རྩ་བའི་སྤྱི་དོན་གཉིས་པ། མིས་བཟོས་ཆུ་ཚན་རིགས་ལྔའི་ཚབ་བཟོའི་ལག་རྩལ་དར་ཚུལ་མདོ་ཙམ་བཤད་པ།
        གཤམ་ནས་རང་བྱུང་ཆུ་ཚན་རིགས་ལྔའི་ཚབ་བཟོའི་ལག་རྩལ་དང་བཅོས་མའི་བདུད་རྩི་ལྔ་ལུམས་དང་རུས་ཆེན་བཙའ་མའི་རླངས་ལུམས། མཁན་སྐྱ་གསུམ་པའི་ཆུ་ལུམས་སོགས་འཐུས་སྒོ་ཇེ་ཚང་དང་མ་ལག་གི་རིག་གཞུང་ལོགས་སུ་གསར་བཏོད་བྱས་པ་རེད། གསོ་དཔྱད་རིག་གཞུང་གི་ངོས་ཐད་ནས་གླེང་ན། བོད་རང་ས་ནས་འཚར་བའི་གསོ་དཔྱད་བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་དང་དཔལ་ལྡན་རྒྱུད་བཞི་གཙོས་བྱས། དེ་འབྲེལ་གྱི་མཆན་འགྲེལ་ཁག་དང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་སོགས་ཚད་ལྡན་གྱི་གསོ་དཔྱད་རིག་གཞུང་མང་པོའི་ཁྲོད་དུ་རང་བྱུང་ཆུ་ཚན་དང་བདུད་རྩི་ལྔ་ལུམས་ཁ་བསྒྱུར་འཕྲུལ་འཁོར་གྱི་ལག་ལེན་སོགས་རྒྱ་ཆེར་བསྟན་ཡོད། སྤྱི་རིགས་ནས་བཤད་ན་བདུད་རྩི་ལྔ་ཡི་སྨན་རྫས་ངོས་འཛིན་ཚུལ་མི་འདྲ་བ་མང་པོ་འདུག ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གྱི་ཟིན་ཏིག་གཅེས་བཏུས་སུ་བཀོད་པ་ལྟར་ན། བ་ལུའམ་སུར་དཀར། ཤུག་པ་ཚེར་མ་ཅན། མཚེ་ལྡུམ་མམ་བྲག་མཚེ། མཁན་པ་གསེར་མགོ །འཁྲི་ཤིང་ངམ་འོམ་བུ་སོགས་ནི་མདོ་དབུས་མཐོ་སྒང་དུ་སྐྱེས་པའི་སྨན་སྣ་རྩ་ཆེན་དག་དག་ཡིན་ཕྱིར། བོད་ཀྱི་མཁས་པས་བརྩམས་ཤིང་རིག་གཞུང་གི་རྒྱབ་ལྗོངས་མངའ་བ་དང་ལག་རྩལ་གྱི་ཁྱད་ཆོས་ལྡན་པ། འཚོལ་རྟོག་གི་སྙིང་སྟོབས་དང་འབྱུང་འགྱུར་གྱི་ཁ་ཕྱོགས་གསལ་བ། ཉེ་བའི་ལོ་འདི་དག་གི་རིང་ལ་ལུམས་བཅོས་རིག་པའི་རིག་གཞུང་མ་ལག་སྔོགས་འདོན་བྱ་བ་དང་། ནད་ཐོག་ལག་རྩལ་གྱི་བཀོལ་སྤྱོད་ཆེ་རུ་ཕྱིན་པས་སྤྱི་ཚོགས་ཀྱི་ཡས་མཐའ་དང་མས་མཐའ་གང་རུང་ནས་གདེང་འཇོག་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་དང་འཐོར་བཞིན་ཡོད། རབ་བྱུང་བཅུ་གཅིག་པའི་ནང་དུ་བརྩམས་པའི་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་ལས། དང་པོ་ཚབ་ཀྱི་ཆུ་ལུམས་བཤད་པར་བྱ། །ཉིན་ཕྱོགས་ས་གཙང་ཤར་ལྟའི་ཆུ་མིག་གི། དགུན་མི་འཁྱག་པའི་ཆུ་བླངས་དེ་ལ་ཡང་། །ཆུ་ཚན་འབྱུང་རྒྱུ་རྡོ་སོལ་ཡིན་པའི་ཕྱིར། །རྡོ་སོལ་ཅི་མང་བཏབ་པ་སྤྱི་ཡི་ཆུ། །དེ་ལ་ཅོང་ཞིའི་ཕྱེ་མང་བསྲེས་བསྲེས་པས། །རབ་ཏུ་ཚ་བའི་ནད་རྣམས་སེལ་བར་བྱེད། །མུ་ཟི་བཏབ་བསྐོལ་གྲང་བའི་ཆུ་སེར་སེལ། །ཅུང་ཟད་རྩུབ་པས་རླུང་ལ་གནོད་པ་ཡིན། །བྲག་ཞུན་བཏབ་པ་སྙོམས་ལྡན་བསྲོས་པ་ཡིས། །བསིལ་དྲོད་ནུས་སྙོམས་འདུས་པའི་ནད་ལ་ཕན། །ཅོང་ཞི་མུ་ཟི་གཉིས་བཏབ་ཚན་མོར་བསྲོས། །གྲང་བ་རྐྱང་བའི་ནད་རྣམས་གཏིང་ནས་བསྲོ། །མུ་ཟི་བྲག་ཞུན་ལྡོང་རོས་གསུམ་བཏབ་བསྐོལ། །ཆུ་སེར་ནད་རིགས་མ་ལུས་དྲུངས་ནས་འབྱིན། །དེ་དག་རྡོ་སོལ་ལ་བརྟེན་ཆུ་ཚན་ལྔ། །འདྲ་བ་ཚབ་ཏུ་བཅོས་པ་ཤིང་སྒྲོམ་མམ། །ས་དོང་བརྐོས་པ་སོགས་ལ་ཀོ་རློན་བཏིངས། །བཅོས་པའི་ཆུ་ཡིས་སུམ་གཉིས་བཀང་བར་ཞུགས། །ཡུན་གནས་ལྡང་ཚེ་ལུས་ལ་ཚ་གྲང་བསྟུན། །འབྲུ་མར་རྩི་མར་བྱུགས་པས་རླུང་སྒོ་དགག ། གྲང་ཚེ་བསྲོས་བསྐྱར་ཁམས་སྟོབས་བསྟུད་ལ་ཉལ། །རང་བྱུང་ཆུ་དང་ཁྱད་མེད་ཡོན་ཏན་ལྡན། །ཞེས་པ་སྟེ། དང་པོ་ཚབ་ཀྱི་ཆུ་ལུམས་བཟོ་བའི་ཐབས་བཤད་པར་བྱ་སྟེ། ཉིན་ཕྱོགས་དང་ས་གཙང་བ་ཁ་ཤར་དུ་ལྟ་བ་སོགས་ཀྱི་ཆུ་མིག་དགུན་ཡང་ཆེར་མི་འཁྱག་པའི་ཆུ་བླངས་ལ། ཆུ་ཚན་རིགས་མི་འདྲ་བ་ཐམས་ཅད་འབྱུང་རྒྱུའམ་ཁོལ་བྱེད་ནི་རྡོ་སོལ་ཡིན་པར་བཞེད་པའི་ཕྱིར་དེ་ལ་ཡང་རྡོ་སོལ་ཅི་མང་བཏབ་པ་ནི་སྤྱི་ཡི་ཚབ་ཆུ་ཡིན་པས་རྨང་གཞིའི་ཆུའོ། །དེ་ལ་ཅོང་ཞིའི་ཕྱེ་མ་གང་མང་བསྲེས་ནས་བསྲོས་པ་བསྟེན་པས་རབ་ཏུ་ཚ་བའི་ནད་རྣམས་སེལ་བར་བྱེད། མུ་ཟི་བཏབ་པ་བསྐོལ་ནས་བསྟེན་པས་གྲང་བའི་ཆུ་སེར་སེལ་བ་དང་། དེ་ཉིད་ཅུང་ཟད་རྩུབ་པས་རླུང་ལ་གནོད་པ་ཡིན་པས་རླུང་རྐྱང་ལ་བརྟེན་མི་རུང་།
བྲག་ཞུན་བཏབ་པས་བསིལ་དྲོད་སྙོམས་པར་ལྡན་པ་བསྲོས་ནས་བསྟེན་ན་བསིལ་དྲོད་ཀྱི་ནུས་པ་སྙོམས་པས་རླུང་མཁྲིས་བད་ཀན་འདུས་པའི་ནད་ཐམས་ཅད་ལ་ཕན། ཅོང་ཞི་དང་མུ་ཟི་གཉིས་ཀ་ཆ་མཉམ་བཏབ་ནས་ཚན་མོར་བསྲོས་པ་བསྟེན་པས་གྲང་བ་རྐྱང་བའི་ནད་རྣམས་གཏིང་ནས་གདོན་པར་བྱེད། མུ་ཟི་དང་བྲག་ཞུན། ལྡོང་རོས་གསུམ་ཆ་མཉམ་བཏབ་ནས་བསྐོལ་བ་བསྟེན་པས་ཚིགས་ལ་ཞུགས་པ་དང་པགས་ལ་གྲམས་པ་སོགས་ཀྱི་ཆུ་སེར་གྱི་ནད་རིགས་མ་ལུས་པ་དྲུངས་ནས་འབྱིན་པར་བྱེད་དོ། །དེ་དག་ནི་ཐམས་ཅད་རྡོ་སོལ་བསྟེན་ནས་བྱུང་བའི་ཆུ་ཚན་རིགས་ལྔའི་འདྲ་ཚབ་ཏུ་བཅོས་པ་སྟེ། བསྟེན་ཐབས་ནི་ཤིང་སྒྲོམ་མམ། ཟངས་ལྕགས་སོགས་ཀྱི་སྣོད་དམ། ས་ལ་དོང་བརྐོས་པ་སོགས་ལ་ཕྱུགས་ཀྱི་ཀོ་བ་རློན་པ་བུ་ག་མེད་པ་བཏིང་བའི་ནང་དུ་གོང་གི་བཅོས་པའི་ཆུ་དྲོད་ཚད་ལུས་ཀྱིས་ཚུགས་ཚད་ཙམ་གང་ལ་གང་དགོས་པའི་ཆུ་ཡིས་སྣོད་ཀྱི་སུམ་ཆ་གཉིས་བཀང་བར་ནད་པ་ཞུགས། ཆུ་གྲང་ཚེ་སླར་ཡང་བསྲོས་ཏེ་བསྐྱར་ཞིང་ནད་ཁམས་དང་ལུས་སྟོབས་ལ་བསྟུན་ནས་ཉལ། དུས་ཡུན་གང་འཚམས་གནས་ལ་ཡར་ལྡང་པའི་ཚེ་ལུས་ལ་ཚ་གྲང་དང་བསྟུན་པའི་འབྲུ་མར་དང་རྩི་མར་གྱིས་བྱུག་པས་རླུང་སྒོ་དགག དེ་ལྟར་ལག་ལེན་ཚད་ལྡན་བྱས་པས་རང་བྱུང་གི་ཆུ་ཚན་དང་ཁྱད་པར་མེད་པའི་ཡོན་ཏན་དང་ལྡན་ནོ། །དེ་ནི་དེའུ་དམར་དགེ་བཤེས་སོགས་མཁས་དབང་དུ་མས་རང་བྱུང་ཆུ་ཚན་རིགས་ལྔ་ཡུལ་དུས་དང་ཆ་རྐྱེན་སོགས་ཀྱི་དབང་གིས་བསྟེན་ཐབས་མ་བྱུང་རང་བྱུང་ཆུ་ཚན་རིགས་ལྔའི་ཚབ་བཟོའི་ལག་རྩལ་བསྟན་པ་དང་ཕན་ནུས་ཀྱང་ཏན་ཏན་བདོག་པ་ཡིད་གཉིས་ཀྱི་ཐེ་ཚོམ་བྱེད་མི་དགོས་པའི་འབྲེལ་ཡོད་ཀྱི་བོད་སྨན་པ་དང་བོད་ལུགས་སྨན་ཁང་དག་གིས་དེ་བཞིན་ལག་ལེན་དང་ལག་བསྟར་བྱེད་ཐུབ་ན་ལེགས་པར་སེམས་སོ། །

རྩ་བའི་སྤྱི་དོན་གསུམ་པ། ད་ལྟའི་སྤྱི་ཚོགས་དང་ལུམས་བཅོས་རིག་པའི་ཚ་རླབས།
        སྤྱི་ལོ་2018ལོའི་ཟླ་11པའི་ཚེས་26ནས་ཟླ་12པའི་ཚེས་1ཉིན་གྱི་བར་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དངོས་མིན་ཤུལ་རིག་གནས་སྲུང་སྐྱོབས་ཚོགས་པའི་གཙོ་བསྒྲུབས་བྱས་ཤིང་། རྒྱལ་ཡོངས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབས་ཚོགས་འདུ་ཐེངས་13པ་འཚོགས་སྐབས། ཕྱི་རྒྱུད་ལག་ལེན་བཅོ་བརྒྱད་ཀྱི་ནང་ཚན་འཇམ་དཔྱད་བདུད་རྩི་ལྔ་ལུམས་ཀྱི་ལག་རྩལ་བཅོས་ཐབས་འདི་ཡུལ་ངོས་ཚོགས་འདུ་དེའི་ནང་ཚུད་པར་མ་ཟད་བོད་ལུགས་གསོ་རིག་གི་མཛད་རྗེས་རླབས་ཆེན་ཞིག་དང་དུས་རབས་ཀྱི་ཟིན་ཐོ་གལ་ཆེན་ཞིག་གི་སྟེགས་བུ་མཐོན་པོར་བསྒྲེངས་ཐུབ་པ་དང་། མ་གཞི་ནས་བདུད་རྩི་ལྔ་ལུམས་ཀྱི་སྟབས་བདེའི་ལག་རྩལ་འདི་ལ་ལུས་ཁམས་བདེ་སྲུང་གི་ནུས་པ་དང་ནད་རིགས་སྔོན་འགོག་གི་ནུས་པ། འདུ་བ་སྙོམས་བསྒྲིག་གི་ཕན་ཡོན། ནད་རིགས་གསོ་བཅོས་ཀྱི་ནུས་པ་སོགས་ཕུན་སུམ་ཚོགས་ཤིང་། དེང་རབས་ཚན་རིག་དང་མཐུན་པའི་ལག་རྩལ་སྔོན་ཐོན་ཅན་ཞིག་ཡིན་ཕྱིར་རྒྱལ་ཡོངས་ཀྱི་ས་ཆ་ག་ས་གང་དང་དང་རྒྱལ་ནང་གི་ས་ཆ་མང་དག་ཅིག་ཏུ་བདུད་རྩི་ལྔ་ལུམས་ཀྱི་གསོ་བཅོས་ལུམས་ཁྲུས་ཁང་དང་ལུམས་བཅོས་དང་འབྲེལ་བའི་ཁམས་གསོ་བདེ་སྲུང་ལྟེ་གནས་སོགས། ལས་རིགས་མི་འདྲ་བ་དང་ཁོར་ཡུག་མི་འདྲ་བའི་གནས་བབ་འོག་ནས་འཛུགས་བསྐྲུན་བྱེད་པ་དང་རྣམ་གྲངས་རྒྱ་ཆེར་སྒྲུབ་བཞིན་མཆིས། ཞོར་ནས་ང་ཚོ་བོད་ལུགས་སྨན་པ་རྣམས་ཀྱིས་བསམ་གཞིག་སེམས་ཁྲལ་བྱ་དགོས་པ་ཞིག་ལ། འཇིག་རྟེན་ཡང་དག་པའི་ཁ་དཔེར། ལྷ་ཐོད་དཀར་གྱི་འགྲམ་ན་འདྲེ་རྔ་ནག་ཅིག་ཡོད་ཅེས་བརྗོད་པ་དང་བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་གནས། ཞེས་གསུངས་བ་ལྟར། བྱ་བ་ཡག་པོ་ཞིག་རྒྱུན་འཁྱོང་དང་འཕེལ་རྒྱས་སུ་གཏོང་བཞིན་པའི་གོ་རིམ་ཁྲོད། དེ་ལ་ཟུར་ཟའི་འཕྱ་སྨོད་དང་བཀག་འགོག་ཐེ་གཏོགས་ཀྱི་སྒྱིད་ལུག་བྱེད་པའི་རིགས་བྱེད་ཀྱང་ཡོད་སྲིད་པས་ཕྱོགས་ཡོང་ནས་བློ་རིག་སྤྱང་པོ་མཛད་དགོས། ལྷག་པར་དུ་ང་ཚོས་བསམ་གཞིགས་བྱ་དགོས་པ་ཞིག་ལ། དེང་སང་གསོ་དཔྱད་རིག་གཞུང་ལ་སློབ་སྦྱོང་མེད་པ་དང་མི་རིགས་ཀྱི་རིག་གནས་ལ་བརྩི་བཀུར་བྱེད་མི་ཤེས་པའི་ཟག་པོ་དྲན་འཕྲུལ་རྒོད་པའི་ཚོགས་སྤྱི་གང་དང་། ཐོན་རྫས་ཁེ་ཚོང་ལ་བསྒྱུར་བའི་གཏེ་བོ་མ་རུང་བ་དག་གི་ལག་སོན་དུ་འཆོར་ཉེན་ཡོད་པས། ད་ནས་བཟུང་ང་ཚོས་རིག་གཞུང་ལ་སྲུང་སྐྱོབས་བྱེད་པ་དང་སོ་སོའི་ཆེད་སྦྱོང་རིག་གནས་ལ་རྩ་འཛུགས་དང་བཀོད་འདོམས་བཟང་པོའི་གྲ་སྒྲིག་ཡོད་དགོས་པ་དང་།མ་འོངས་པར་བོད་ལུགས་གསོ་རིག་ལུམས་བཅོས་རིག་པར་བརྟེན་ནས་མི་རིགས་ཀྱི་དབྱེ་བ་དང་ལས་རིགས་ཀྱི་བཟང་ངན། གོ་སའི་མཐོ་དམན་དང་འཇོན་ནུས་ཀྱི་དབྱེ་བསལ་ཁྱོན་ནས་མེད་པར་ཉམ་ཐག་པའི་སེམས་ཅན་མང་པོ་ཞིག་གི་ནད་ཀྱི་སྡུག་བསྔལ་ལ་ཁ་གཏད་ཐུབ་པ་དང་ལུས་ཁམས་བདེ་སྲུང་གི་འདུ་ཤེས་ཆེར་བསྐྱེད་ནས་ཐ་མལ་ནད་མེད་ཀྱི་འཚོ་གནས་སྐྱིད་པོ་ཞིག་ཀུན་ལ་འབྱུང་བའི་སྨོན་འདུན་དང་བྱ་བའི་ལས་རིགས་གང་དེར་འབད་བརྩོན་ལྷོད་མེད་གནང་ནས་གཞོགས་ཡོངས་ནས་འཐུས་སྒོ་ཇེ་ཚང་ལ་འགྱུར་སླད་བྱ་བར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་དང་དྲན་སྐུལ་ཞུས་པ་ལགས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1