༄༅།།གླིང་རྗེ་སེང་ཆེན་སྐྱེས་བུའི་ངོ་སྤྲོད།

རྩོམ་པ་པོ། ཞེ་ཆེན་རབ་འབྱམས་དྲུག་པའི་གསུང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གེ་སར་རིག་གནས་དྲ་བ། སྤེལ་དུས། 02-05


  དེ་ལ་འདིར་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཉིད་ཀྱི་གསང་གསུམ་མཚན་དང་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པས་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་རིམ་དང་ཅིག་ཆར་དུ་སྨིན་གྲོལ་ལ་བཀོད། ཁྱད་པར་མ་འོངས་སྙིགས་དུས་ཀྱི་འགྲོ་ལ་ཐུགས་རྗེའི་ཁྱད་པར་ལྔ་དང་ལྡན་པའི་སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་མཐའ་ཀླས་པས་གངས་ལྗོངས་འགྲོ་བ་སྐྱོབ་ཅིང་ལྷག་པར་སྙིགས་དུས་ལོག་སྤྱོད་ཆེས་ཆེར་བདོ་ཞིང་། མ་རུངས་བདུད་དང་དམ་སྲིའི་རིགས་ཀུན་དངོས་སུ་གཟུགས་ཅན་མི་དང་རྒྱབ་བརྟེན་ལྷ་སྲུང་གཟུགས་མེད་འབྱུང་པོའི་རྣམ་པར་བརྫུས་ཏེ་བསྟན་འགྲོའི་བདེ་སྐྱིད་འཕྲོག་པ་དག་ལྷན་ཅིག་སྨོན་ལོག་གི་མཐུས་འཛོམས་པ་དེ་དག་འདུལ་བའི་གཉེན་པོར་གུ་རུ་ཉིད་དང་། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་ཞི་ཁྲོའི་རྣམ་རོལ་དགྲ་བླའི་རྒྱལ་པོ་གེ་སར་རྡོ་རྗེ་ཚེ་རྒྱལ་ལམ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་སྲིད་ཞིའི་ཁོངས་ན་མཚན་གྱི་དབྱངས་སྙན་ཡོངས་སུ་གྲགས་ཤིང་འཕྲིན་ལས་བཞིས་བསྟན་འགྲོའི་དགེ་མཚན་སྤེལ་བའི་རྣམ་ཐར་བསམ་མི་ཁྱབ་པའི་དབང་ཕྱུག་ཆེན་པོ་དང་ལྡན་པས་གངས་ཅན་བོད་ཀྱི་སྐྱེ་དགུ་རྣམས་དངོས་བརྒྱུད་གང་ནས་ཀྱང་ཚར་གཅོད་རྗེས་འཛིན་གྱི་འཕྲིན་ལས་ལ་དབང་འབྱོར་པས་གནས་སྐབས་ཀྱི་སྲུང་མ་ཙམ་དུ་མ་ཟད། མཐའ་ཐུག་རྣམ་གྲོལ་བྱང་ཆུབ་ཆེན་པོར་བཀྲ་ཤིས་པའི་ཕན་བདེའི་རྩ་ལག་དམ་པར་གྱུར་ཕྱིར་ཚུར་མཐོང་སྐྱེ་བོའི་བློས་སྲུང་མ་རང་རྒྱུད་པར་འཛིན་མི་རུང་བ་ཙམ་དུ་མ་ཟད། རྗེ་འཇམ་པའི་དབྱངས་ཨ་ཛི་ཏས། ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་དང་། །རྣམ་པ་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ། །ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཅན། །བདག་དང་དབྱེར་མེད་སྙིང་གི་ལྷ་མཆོག་ཆེ། །ཞེས་གསུངས་པ་ལྟར། གང་ལ་གང་འདུལ་གྱི་གདུལ་བྱའི་རེ་བ་སྐོང་བ་ལ་སྲུང་མ་གཞན་ལས་ཀྱང་ཁྱད་པར་འཕགས་པས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་སེལ་ཞིང་། མཐུན་རྐྱེན་མངོན་མཐོའི་ཡོན་ཏན་བདུན་དང་འཕྲིན་ལས་བཞི་སོགས་ལས་རབ་འབྱམས་ཐོགས་མེད་སྩོལ་བའི་ཆོས་སྐྱོང་བའི་དགྲ་བླའི་རྣམ་པར་རོལ་པ་དང་། མ་འོངས་པ་ན་བསྟན་ཞབས་ཀླ་ཀློས་སྡུད་པའི་ཚེ་རིགས་ལྡན་དྲག་པོའི་སྐུར་བཞེངས་ནས་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་དཔལ་ལྡན་དང་པོའི་ངོ་བོར་མཐར་འབྲས་མངོན་པར་བྱང་ཆུབ་པའི་ས་ལ་གཞོལ་བར་མཛད་པའི་ཕྱིར། ངེས་པའི་དོན་དུ་གསང་གསུམ་ཡོན་ཏན་འཕྲིན་ལས་རྒྱལ་བ་རྣམས་དང་དབྱེར་མེད་པ་སྟེ། མདོར་ན་རྒྱལ་འགོང་དམ་སྲི་འདུལ་བའི་གཤེད་མ། རྣལ་འབྱོར་སྒྲུབ་པ་པོ་ཡི་དགྲ་བླ། ཆོས་སྐྱོང་ནོར་ལྷ་རྒྱ་མཚོའི་གཙོ་བོ། གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་རྗེ། ལས་བཞིའི་དངོས་གྲུབ་སྟེར་བའི་ཡི་དམ། བརྒྱུད་གསུམ་རིག་འཛིན་བླ་མའི་ཞལ་སྐྱིན་དུ་བཞུགས་པས་ན། ལས་དང་སྐལ་བ་ལྡན་ཞིང་དམ་ཚིག་ལ་ཟོལ་ཟོག་མེད་པའི་སྒྲུབ་པ་པོས་རྩ་གསུམ་ཆོས་སྐྱོང་ནོར་ལྷའི་ངོ་བོར་སྒྲུབ་པའི་ཚུལ་ཇི་སྙེད་ཅིག་ཟབ་གཏེར་རྣམས་སུ་བྱུང་བ་ལས། ཞེས་གསུངས་སོ། །འདི་ཡང་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་གེ་སར་དབང་ཡིག་དངོས་ལས་ཞལ་བཤུས་བགྱིས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1