༄༅། །བོད་ཀྱི་རྩོམ་སྒྲིག་གི་སྣང་ཚུལ་ལ་བཏོན་པའི་སྤྱིར་བཏང་གི་དགག་སྒྲུབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


རྩོམ་སྒྲིག་ཅེས་པ་འདིར་བསམ་བློ་ཕྲན་ཙམ་བཏང་ཚེ།  དེ་འབྲེལ་གྱི་བྱུང་བ་མང་བོ་ཞིག་བསམ་བློ་མི་གཏོང་རང་གཏོང་དུ་གྱུར་ཡོད། དེ་བཞིན་བོད་ཀྱི་རྩོམ་སྒྲིག་གི་སྣང་ཚུལ་ཅེས་ལབ་ཚེ་ཡོངས་ཁྱབ་ཀྱིས་ལོ་རབས་བརྒྱད་བཅུ་ནས་འགོ་བརྩམས་ཏེ་གཞུང་གི་དུས་དེབ་དག་གི་ལྟག་རྒྱབ་ནས་ཐུན་མོང་གི་སྒེར་སྡོམ་བྱེད་སྟངས་འབའ་ཞིག་ཡིད་ལ་འཁོར་སྲིད། དྲང་མོར་ལབ་ཚེ། དེ་དག་གིས་ལག་ཆ་བྱས་པའི་དུས་དེབ་འགའ་ཞིག་གིས་མ་གཞི་ནས་བོད་ཀྱི་རྩོམ་རིག་གི་ལམ་ཁར་ནག་ཉེས་ཆེ་ཞིག་སྤྲད་ཡོད། དེ་དག་ནི་བཅོས་སྒྲིག་ཁོ་ནས་བྱས་པའི་ནག་ཉེས་ཏེ། བོད་ཀྱི་དེང་རབས་རྩོམ་རིག་གི་ངོ་བོ་གཞན་བསྒྱུར་དང་། བོད་ཀྱི་དེང་རབས་རྩོམ་པ་པོའི་གསར་རྩོམ་གྱི་སེམས་ཁམས་གཞན་བསྒྱུར་བྱས་པ་དག་ཡིན། ལར་དེ་དག་བསམ་ཞིང་བསམ་ན་རྩོམ་རིག་ཅེས་པའི་སྤྱི་ཚན་འདིའི་ངོས་ནས་བོད་ཀྱི་རྩོམ་རིག་གི་ཉམས་ང་ཉག་ཕྲའི་གནས་ཀྱི་འདུན་ལམ་ལ་ག་རེ་བྱས་ཡོད་མེད་ལ་ཤེས་རྟོགས་བྱ་རྒྱུ་ནི་གལ་ཆེན་དུ་ཆགས་ཡོད་པས། དེ་བཞིན་དུ་ང་ཚོས་རང་གི་རྩོམ་སྒྲིག་གི་སྣང་ཚུལ་ལ་ཅི་ནུས་ཀྱང་རྩིས་སྤྲོད་གཏོང་དགོས།

    རྩོམ་སྒྲིག་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་ངོས་ནས་བལྟས་ཚེ།  སྤྱིར་བཏང་རྩོམ་ཡིག་གི་གྲངས་འབོར་ནས་རྩོམ་པ་པོའི་གྲངས་འབོར་གྱི་གནས་བབ་ལ་མང་པོས་གསལ་བོའི་ངང་ཐོ་འདེབས་སྣ་ཚོགས་ཀྱི་ལམ་ནས་ཡིད་ཚིམས་མི་ཚིམས་ཀྱི་དགག་སྒྲུབ་མང་བོ་བྱས་ཡོད། མདོར་ན་རྩོམ་རིག་གསར་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ནས་གཞུང་ལུགས་ཀྱི་གོལ་ལམ་དག་ལ་རྩོམ་རིག་གི་ངོ་བོ་གཞན་བསྒྱུར་འབའ་ཞིག་ལས་ཅི་ཡང་དྲན་ཐུབ་མེད་པ་སོགས་ཀྱི་དབང་གིས། རྩོམ་རིག་གི་སད་རྟོགས་ཀྱི་ངོས་ནས་མི་རིགས་རང་བཞིན་གྱི་རྩོམ་གྱི་ཁྱད་ཆོས་དང་ཚད་མཐོ་བའི་རྩོམ་རིག་གི་དྲན་པར་རྩོམ་སྒྲིག་གིས་གཞོགས་འདེགས་ཐོན་མིན་ནི་ཤིན་ཏུ་ནས་གལ་ཆེན་ཡིན་མོད། དེ་ལྟར་ཁྱོན་ནས་ཡིན་མི་སྲིད་པ་ཞིག་ནི་རང་རེའི་རྩོམ་སྒྲིག་གི་སྣང་ཚུལ་གྱིས་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་སྒེར་གཅོད་ཀྱི་ལག་ཆ་ཅན་དུ་བསྒྱུར་སོང་བ་རེད། དེ་ནི་གཞུང་གི་ཡིན་པའི་དུས་དེབ་དག་གིས་རྩོམ་སྒྲིག་པ་སྟེ། རྩོམ་རིག་གི་བར་སྟོང་ཞེས་པ་མ་གཞི་ནས་གཞན་བསྒྱུར་བྱས་པའི་མཇུག་འབྲས་སུ་རྩོམ་གཤིས་དང་རྩོམ་སྟངས་གང་གི་ཆ་ནས་ཀྱང་བོད་ཀྱི་རྩོམ་རིག་གིས་རང་གི་གནས་བབ་མི་མཁྱེན་པའི་གནས་སུ་བསྐྱལ་བ་ཧོར་གཙང་འཇིགས་མེད་སོགས་ཀྱིས་རྩོམ་རིག་བྱུང་འཕེལ་གྱི་ཁྱབ་ཁོངས་ནས་མི་རིགས་ཀྱི་འཚོ་གནས་དང་དངོས་ཡོད་ལས་གཞོལ་བའི་རྩོམ་འབྲིའི་གོལ་ལམ་དག་ལ་དགག་སྒྲུབ་བྱས་པ་ལྟར་རོ།  །

      ད་དུང་དེ་དག་གིས་རྩོམ་སྒྲིག་གིས་བསྐྱེད་པའི་ནག་ཉེས་གཞན་ཞིག་ནི་རྩོམ་པ་པོའི་གསར་རྩོམ་གྱི་སེམས་ཁམས་གཞན་བསྒྱུར་བྱས་པའི་ནག་ཉེས་ཏེ། དེ་དག་ནི་མ་གཞི་ནས་ཁོ་ཚོའི་ཐུན་མོང་གིས་འདོད་འདུན་གྱིས་བསྐྱེད་པའི་རྩོམ་སྒྲིག་གི་གོ་རིམ་ནས་འབྲེལ་བའམ་ངོ་ཤེས་ཀྱི་མཚན་ཉིད་མི་ཚང་བ་ཞིག་ཡིན་ན། གསར་རྩོམ་གྱི་འདུན་པ་དང་རེ་བ་ཅན་སུ་ཡིན་ཡང་རྒྱང་འཕེལ་ལྟ་བུ་བཏང་སྟེ་སྒོ་གང་ནས་ཀྱང་འགོག་སྲིད་ལ། མ་ཟད་ཁོ་ཚོས་བྱས་པའི་ནག་ཉེས་འདིས་གསར་རྩོམ་གྱི་ཤེས་རབ་ཅན་སྐོར་ཅིག་ཁ་རོག་གེར་འཆི་རུ་བཅུག་ཡོད། གཞན་ཡང་ཁོ་ཚོའི་རྩོམ་སྒྲིག་གི་འབྲེལ་བར་མ་གྲོས་རང་མཐུན་གྱིས་ཐོན་པའི་རྒན་པ་སྐོར་ཅིག་དང་འབྲེལ་བ་གང་དེའི་ཁེ་ཕན་ཁོ་ནའི་ཆེད་དུ་ལག་གཡུགས་བྱས་ནས་ཐོན་པའི་སྐོར་ཅིག་ལ་རྩོམ་པ་པོ་ཞེས་མི་ནག་པོ་ལ་ཞྭ་དཀར་བོ་མནབས་སུ་བཅུག་པ་དེས་བོད་ཀྱི་རྩོམ་རིག་གི་འདུན་ལམ་དང་རྩོམ་པ་པོའི་བྱུང་འཕེལ་ལ་ནག་ཉེས་དང་འཁྱོག་བཟོ་ཆེ་ཞིག་སྤྲད་པ་མ་ཡིན་ནམ། དེ་བས་ཀྱང་དེ་དག་གིས་ཐོན་བསྐྱེད་བྱས་པའི་མི་ཕོ་འགའ་རེས་བོད་ཀྱི་རྩོམ་པ་པོའི་གྲངས་འདྲེན་གྱི་ཁོངས་སུ་དགོད་བྲོ་བ་འགའ་རེ་འདྲེན་པས་ཀྱང་མང་བོ་ཞིག་ཐག་གིས་བཅད་འདུག

    འདི་ལྟའི་གསོག་གསོབ་དང་སྒེར་གཅོད་ཀྱི་ལག་པ་དེ་དག་གི་རྩོམ་སྒྲིག་གིས་མ་གཞི་ནས་བོད་ཀྱི་རྩོམ་རིག་དང་རྩོམ་པ་པོ་ལ་གོ་འཛོལ་ཆེན་པོ་ཞིག་སྦྲན་ཡོད་པས།  སྤྱིར་བཏང་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་འཕེལ་དང་གྲུབ་འབྲས་ཞེས་ཚོད་མེད་དུ་བླ་བོ་བྱེད་པ་དག་གིས་བྱེད་སྟངས་འདི་ལྟ་བུ་ལ་ཁ་མིག་ཏོག་ཙམ་མི་གཡར་བ་འདི་བོད་ཀྱི་རྩོམ་རིག་གི་ཕམ་ཁ་ཞིག་ཅི་ལ་མིན། རྩོམ་རིག་གི་རྩིས་ཐང་གི་ངོས་ནས་རྦད་དེ་གུ་ཡངས་གཏོང་མི་རུང་བའི་གཞི་རྩའི་ལངས་ཕྱོགས་ཀྱི་སྟེང་ནས་རྩོམ་རིག་གི་མཐར་ཐུག་སྤྱི་ཚོགས་དང་འཚོ་གནས་ཀྱི་དོན་སྙིང་སྒུལ་ཐུབ་མིན་གྱི་ཐད་ནས་རྩོམ་རིག་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་བའི་རྩ་དོན་རྒྱབ་འགལ་ལྟ་བུ་བྱས་པའི་ནག་ཉེས་ནི་དངོས་གནས་ཕྱོགས་ཁག་ཅན་དུ་འབད་པའི་རྩོམ་སྒྲིག་པ་ཁོ་ཚོ་དང་ཁོ་ཚོའི་གྲས་སུ་འཚང་ཅི་ཐུབ་ལ་འབད་པའི་རྩོམ་པ་པོ་དག་གི་བྱས་ཉེས་ཅི་ལ་མིན། འདི་དག་ལ་ག་ལེར་བསམ་ན་ངེས་དོན་གྱི་རྩིས་སྤྲོད་རེ་གཏང་ན་ཅི་མི་སྙམ་ཨང་།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1