༄༅།།དཔལ་ཡུལ་མཛུབ་མོའི་སྐོར་བྲོའི་སྒྱུ་རྩལ་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ། དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-26


             མཛུབ་བྲོའི་རིག་གནས་སྒྱུ་རྩལ་ནི་དཔལ་ཡུལ་རྫོང་གིས་འཁྲབ་སྟོན་གྱི་མཛད་སྒོ་ཐོག་མར་སྤེལ་བའི་ཐུན་མིན་གྱི་སྒྱུ་རྩལ་གཏན་འབེབས་བྱས་པའི་དམངས་སྲོལ་རིག་གནས་ཀྱི་འཕེལ་ཕྱོགས་ཞིག་ཡིན་ལ།  མཛུབ་བྲོ་འདི་ལ་རིགས་ཀྱི་སྒོ་ནས་ནང་གསེས་སུ་དབྱེ་ན་སྐོར་བྲོ་དང་ཟློས་གར་རོལ་འཆམ་སོགས་འཁྲབ་ཚན་གྱི་རིགས་མང་དུ་དགར་རུང་བས་ཐོག་མར་མཛུབ་བྲོའི་སྒྱུ་རྩལ་གྱི་རིག་གནས་འདིར་རྣམ་པའི་སྒོ་ནས་ཁྱད་ཆོས་དང་མཚོན་སྟངས་སོགས་ཟློས་གར་གྱི་མ་ལག་ཆ་ཚང་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་བསམ་བློའི་མཛེས་རྩལ་གྱི་ཉམས་མཛུབ་མོའི་འདེགས་འགྱོགས་ཀྱིས་གར་སྟེགས་སུ་སྐྲུན་པ་ཞིག་ཡིན།   མཛུབ་བྲོའི་སྒྲུ་རྩལ་གྱི་ཡོངས་ཁུངས་གཙོ་བོ་ནི་གནའ་བོའི་དམངས་ཁྲོད་ཀྱི་འཚོ་བའི་ཁྲོད་ཀྱི་ཐོན་སྐྱེད་ངལ་རྩོལ་ལས་བྱུང་བའི་གདོད་མའི་མི་རྣམས་ཀྱིས་བསམ་པའི་མཛེས་སྡུག་གི་ཉམས་མཚོན་པ་ཞིག་ཡིན་ཏེ།   གནའ་བོའི་ཞིང་འབྲོག་མང་ཚོགས་ཀྱི་ས་ཞིང་རྨོད་འདེབས་དང་བཙས་རྔ་བ་གྱང་རྡུང་བ་ས་རྐོ་རྩྭ་འཐུ་སོགས་སོ་ནམ་ངལ་རྩོལ་ལ་རྟེན་ནས་གླུ་དང་མགུར་མ་གཞས་སོགས་གདངས་ཀྱི་འདེགས་མགྱོགས་གར་སྟེགས་སུ་འཁྲབ་ཚན་གྱི་རྣམ་པར་བསྒྱུར་བ་ལ་ཐོག་མར་མཛུབ་མོའི་འགུལ་སྐྱོད་དང་གོམ་སྟབས་ཀྱི་ཉམས་སྐད་གདངས་ཀྱིས་འདེགས་འགྱོགས་དང་སྒོ་བསྟུན་ཏེ་ཕོ་མོའི་རིགས་ཕན་ཚུན་དགྱེ་སྒུར་དང་འཕར་འདེབས་སོགས་སོར་མོའི་འདུ་བྱེད་གཅིག་པུའི་ལུས་ཀྱི་ཆ་ལག་ཀུན་གྱིས་ཉམས་མཚོན་པའི་སྟངས་སྟབས་བསྒྱུར་བའི་རྣམ་པ་ཞིག་ཡིན་པ་དང་།  དེ་བཞིན་དུ་ལོ་སར་བསུ་བ་དང་བག་སྟོན་དང་དུས་ཆེན་གྱི་མཛད་སྒོའི་སྐབས་སོགས་སུ་གླུ་གཞས་ཀྱི་ང་རོ་དང་དབྱངས་སོགས་ལ་བརྟེན་ནས་དེ་དང་མཐུན་པའི་མཛུབ་བྲོའི་རིགས་མི་འདྲ་བ་འཁྲབ་པའི་ལོ་རྒྱུས་མངའ་བས་དེ་ནས་རིམ་བཞིན་མི་རྣམས་ཀྱིས་བསམ་བློའི་ནུས་པའི་རྩལ་འདོན་པ་ལ་བརྟེན་ནས་སྐད་ཀྱི་གདངས་ལྟར་པི་ཝང་དང་གླིང་བུ་རྔ་དང་རོལ་མོ་སོགས་ཀྱིས་མཛུབ་བྲོ་ལ་རོལ་དབྱངས་ཀྱིས་རམ་འདེབས་བྱས་ཏེ་མིའི་བསམ་བློ་ལ་མཛེས་སྡུག་གིས་བསམ་པའི་ཟས་སུ་ཆགས་སྡང་གི་གཏེར་མི་ཟད་ཅིང་འཕེལ་བར་བྱས་སོ།།  

                                                                 མཛུབ་བྲོའི་ཆོས་ལུགས་རིགས་གནས་ལ་ཤུགས་རྐྱེན་ཐེབས་པའི་སྐོར།

     མཛུབ་བྲོའི་ཆོས་ལུགས་རིགས་གནས་ལ་ཤུགས་རྐྱེན་ཐེབས་པ་ནི་དགོན་སྡེ་ཁག་གིས་སྒྲུབ་མཆོད་དང་ཆོ་གའི་ཕྱག་ལེན་གར་འཆམ་སོགས་ཀྱིས་མཚོན་པའི་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་པར་བྱས་ཚེ་ཡར་དཀོན་མཆོག་དང་མར་རིས་སུ་མ་ཆད་པའི་སེམས་ཅན་གྱི་འདོད་པ་བསྐང་ཕྱིར་དེ་དང་དེར་མཐུན་པར་འཇུག་པའི་ལས་སྒྲུབ་པ་ཞིག་ཡིན་ཏེ།  ཆོས་ལུགས་པས་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་ནས་དཀྱིལ་འཁོར་གྱི་ཆོ་གའི་ལས་བསྒྲུབ་པའི་ཚེ་ན་གར་དབྱངས་གདངས་སོགས་ལ་མ་རྟེན་པ་མེད་པས་གར་ཞེས་པ་དེའང་སྤྱི་ཁྱབ་ཏུ་འཁྲབ་སྟོན་བྱ་བའི་རྣམ་པ་ཞིག་ལ་ངོས་འཛིན་བྱ་དགོས་ཀྱང་།  ཆོས་ལུགས་པས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་འཆད་པའི་སྐབས་གར་ཞེས་པ་དེ་སྤྱོད་པ་ལ་གོ་དགོས་པས་འགྲོ་འདུག་སྤྱོད་ལམ་ཐམས་ཅད་ལྟ་བའི་ངང་ལས་མ་གཡོས་པའི་སྤྱོད་པ་ནི་རྡོ་རྗེའི་གར་ཞེས་ངོས་འཛིན་བྱས་ཡོད་ལ་མཆོད་པ་དང་སྒྲུབ་པ་ཕྲིན་ལས་རྣམས་ཀྱང་གར་གྱི་ཁོངས་སུ་བསྡུ་དགོས་པས་ཐོག་མར་གནའ་རབས་དམངས་སྲོལ་གྱི་འཚོ་བའི་ཁྲོད་ནས་ངལ་རྩོལ་ལས་བྱུང་བའི་གླུ་གཞས་སོགས་ཀྱི་དབྱངས་ལ་ལྟོས་ནས་གདོད་མའི་བོན་ལུགས་སུ་རྩ་སྔགས་དང་གཟུངས་སྔགས་རིག་སྔགས་སོགས་ཀྱི་བཟླས་བརྗོད་རྣམས་དབྱངས་སུ་གྱེར་ནས་ཕྱག་རྒྱ་འཆིང་བ་དང་དཀྲོལ་བ་སོགས་སྐབས་དེར་དམངས་ཁྲོད་དུ་མཛུབ་བྲོ་འཁྲབ་པའི་རྣམ་པ་ལ་དེ་དང་ཆ་འདྲ་བ་ཆོས་ལུགས་པའི་རིགས་གནས་དེ་དག་དེ་ལ་ཤན་ཞུགས་པ་ཡིན་དགོས་པ་གསལ་པོར་ཤེས་ཐུབ།  དེང་དུས་བན་བོན་སྔགས་ཀྱི་གཞུང་ལུགས་དེ་དག་དམངས་སྲོལ་རིག་གནས་ལ་ཤན་མ་ཞུགས་པ་གཅིག་ཀྱང་མེད་ལ་དཔེར་ན་བསྐྱེད་རིམ་གྱི་སྐབས་དམངས་ཁྲོད་དུ་ཡོངས་སུ་གྲགས་ཤིང་གྲུབ་པའི་སྐྱེ་གནས་བཞི་ལས་མངལ་སྐྱེས་ཀྱི་དབང་དུ་བྱས་ཏེ་དེ་ཉིད་མངོན་བྱང་ལྔའི་སྒོ་ནས་ལུས་ལྷ་བསྐྱེད་པ་དེ་ཡང་རིགས་བརྒྱུད་སྤེལ་བའི་དམངས་སྲོལ་རིགས་གནས་ལ་ལྟོས་ནས་བསྒྲུབ་པ་ཉམས་ལེན་གྱི་ཐབས་སུ་སོང་བ་ཞིག་ཡིན།

གཞན་ཡང་དེ་དང་ཆ་འདྲ་བའི་རིགས་ལ་ཆོས་ལུགས་པས་སྒྲུབ་དཀྱིལ་སྐབས་གར་འཆམ་གྱི་སྲོལ་དེ་ཡང་ཐོག་མར་མཛུབ་བྲོའི་བསྒྱུར་རྩལ་དང་རིག་གནས་འདི་ལ་རྟེན་ནས་རོལ་དབྱངས་ཀྱིས་རམ་འདེབས་བྱས་ནས་བྱུང་བའི་སྔགས་དང་ཕྱག་རྒྱའི་རྣམ་རོལ་རྣལ་འབྱོར་པས་གར་གྱི་ཉམས་སྣང་གཟུགས་སུ་བཞེངས་ཏེ་དེང་དུས་འཁྲབ་སྟོན་གྱིས་ཚུལ་དུ་མཛད་སྒོ་སྤེལ་བ་ཞིག་ཡིན།  འདིའི་སྐོར་ལ་དེ་དང་ཆ་འདྲ་བར་ཞི་རྒྱས་དབང་དྲག་སོགས་ཀྱི་རིགས་དགར་བར་བྱས་ཏེ་མཚོན་བྱ་དང་མཚོན་བྱེད་དུ་སོང་བའི་རིགས་ཧ་ཅང་མང་བས་ཡིག་ཚོགས་མང་བར་དོགས་ནས་རེ་ཞིག་འབྲི་བའི་ངལ་བ་མ་བྱས་སོ།། མདོར་ན་གདོད་མའི་རིག་གནས་ཞེས་པ་དེ་ཉིད་དང་པོ་དམངས་སྲོལ་རིག་གནས་ལ་ངོས་འཛིན་དགོས་ལ་དེ་ནས་གདོད་མའི་བོན་གྱི་རིག་གནས་ཀྱི་འབྱུང་ཁུངས་ཡང་སྐབས་དེའི་དམངས་སྲོལ་རིག་གནས་ལ་ལྟོས་ནས་གྲུབ་པ་ཞིག་ཡིན་པ་སྙོན་དུ་མེད་ལ་ལོ་ངོ་སྟོང་ཕྲག་མང་པོའི་མིའི་འགྲོ་བ་རྣམས་ཀྱི་རྣམ་དཔྱོད་ཀྱིས་རྩལ་ལས་ཐོན་པའི་རིན་ཐང་གཞལ་དུ་མེད་པའི་ཤུལ་བཞག་རིག་གནས་ཀྱི་དངོས་པོ་འདི་འདྲ་བ་རྒྱུད་འཛིན་དང་དར་སྤེལ་གཏོང་བ་ནི་སྐམ་སའི་གླིང་འདིར་ཆེས་དཀོན་པའི་ནོར་བུ་རིན་པོ་ཆེ་ཞིག་དང་ཅིས་མི་མཚུངས་ཏེ་མཚུངས་པ་ཉིད་དུ་གྱུར།།                                                            

                                                       མཛུབ་བྲོའི་སྒྱུ་རྩལ་གྱི་ནུས་པ་འདོན་སྤེལ།

     མཛུབ་བྲོའི་བསྒྱུར་རྩལ་གྱི་ནུས་པ་ཇི་ལྟར་ཐོན་པར་བྱས་ཡོད་ཅེ་ན་དེང་དུས་མི་རིགས་ཡོངས་ཀྱི་གར་སྟེགས་སུ་སྟོན་པའི་ཟློས་གར་གྱི་རིགས་ཐམས་ཅད་མཛུབ་བྲོ་འདི་ཁོ་ན་ལ་རྟེན་ནས་བྱུང་བའི་ཞབས་བྲོའི་ཐོག་མར་མཛུབ་བྲོའི་ཉམས་འདོན་པ་ཞིག་ཡིན་པ་ཁག་ཐེག་བྱེད་ཐུབ།  མཛུབ་བྲོ་འདི་ལ་ཉམས་སྣ་ཚོགས་ཀྱི་རྩལ་འདོན་རྒྱུ་ཡོད་པ་ཡིན་ཏེ།  ཞི་རྒྱས་དབང་དྲག་དང་།  གར་གྱི་ཉམས་དགུ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལྟད་མོ་བའི་རྒྱུད་ལ་དགའ་སྐྱོ་འདྲེས་མའི་ཆགས་སྡང་གི་གཟུགས་གསལ་པོར་གྲུབ་པའི་སྣང་བ་ཞིག་འགོག་མེད་དུ་སྦྱིན་ཐུབ་པའི་ནུས་པ་འདོན་སྤེལ་བྱས་ཡོད།    སྤྱིར་མི་རིགས་ཀྱི་རིག་གནས་གང་ཡིན་ཡང་དེ་དག་བརྒྱུད་འཛིན་དང་དར་སྤེལ་བཏང་བ་དེ་ནི་མི་རིགས་དེའི་ཚེ་སྲོགས་ཀྱི་རྒྱུན་བསྲིང་བ་ཡིན་ལ།  བྱེ་བྲག་ཏུ་དེང་དུས་དམངས་སྲོལ་རིག་གནས་ནི་གཟུགས་བརྙན་ཙམ་མ་གཏོགས་བརྒྱུད་འཛིན་དང་དར་སྤེལ་བཏང་བ་ཧ་ཅང་ཉུང་དྲགས་པས་ཉམ་ཤིན་ཏུ་རྨས་པའི་གནས་སུ་གྱུར་བཞིན་ལོ་རྒྱུས་ཙམ་ཡང་མེད་པར་འགྱུར་ངེས་པས་དཔལ་ཡུལ་རྫོང་གི་མཛུབ་བྲོ་གཅིག་པུའི་རིག་གནས་ཀྱི་འོད་སྟོང་འཛམ་གླིང་གི་འཛིན་མའི་ཁྱོན་དུ་སྙན་པའི་གྲགས་པས་ཁྱབ་པར་གྱུར་ན་རང་རེ་མི་རིགས་འདི་ལ་དེ་བས་ཆེས་མཛེས་ཤིང་རིགས་མང་བའི་ས་གནས་ཁག་ལ་རིག་གནས་དང་བསྒྱུར་རྩལ་གྱི་རིགས་འབུར་དུ་ཐོན་པ་ཞིག་ཡོད་པ་སྨོས་མ་དགོས་པས་དེ་དག་ཉམ་པར་སླར་གསོ་དང་མི་ཉམ་གོང་སྤེལ་དུ་གཏོང་བ་ནི་རིག་གནས་སྨྲ་བ་ཀུན་གྱིས་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན།  དེ་བས་དཔལ་ཡུལ་རྫོང་གི་རིག་གནས་འདི་ལ་གཅེས་སྤྲས་དང་བརྒྱུད་འཛིན་སོགས་དོ་ཁུར་བྱས་ཏེ་ཤུལ་བཞག་རིག་དངོས་གསོན་པོའི་གཟུགས་སུ་བསྲུང་སྐྱོང་དང་དར་སྤེལ་མུ་མཐུད་དུ་གཏང་ནས་རྫོང་རིམ་པ་ནས་ཁུལ་དང་ཞིང་ཆེན་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་གི་རིག་དངོས་བསྲུང་སྐྱོབ་རྣམ་གྲངས་ཀྱི་གྲས་སུ་འཇོག་སྟེ་འོད་སྟོང་འཕྲོ་བའི་འཛམ་གླིང་གི་ནོར་བུ་རིན་པོ་ཆེ་གཅིག་ཏུ་གཅེས་སྤྲས་བྱ་འོས་པའི་གནས་སུ་གྱུར་ཡོད།

                                                                            མཇུག་གི་དོན།

    གོང་དུ་ཞུས་པ་ལྟར་མི་རིགས་ཀྱི་རིག་གནས་སྤྱི་ལ་དེང་དུས་བཤེས་གྲྭ་ཁག་དང་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་རྣམས་སུ་འཆད་ཉན་དང་བརྒྱུད་འཛིན་གྱི་བསྟན་པ་སྤེལ་བཞིན་ལགས་པས་དམངས་སྲོལ་རིག་གནས་ལ་དེ་ཙམ་དོ་ཁུར་སོགས་བྱེད་པའི་རིགས་ཧ་ཅང་ཉུང་བས་དེང་དུས་གསར་སྐྱེས་རྣམས་ཀྱིས་དེ་ཙམ་རིན་ཐང་མི་ཤེས་པ་དང་རིན་ཐང་ཤེས་ཀྱང་སློབ་སྦྱོང་གི་ཆ་རྒྱེན་དང་གོ་སྐབས་སོགས་མ་འཕྲད་པས་དེང་དུས་གནའ་རབས་ཀྱི་རྒད་པོ་རྒན་མོའི་ངག་རྒྱུན་ཙམ་ཡང་འཕྲོ་ཆད་ལ་ཉེ་བས་བུ་རྒྱུད་རྣམས་ཀྱིས་ཕ་མེས་ཀྱི་རིག་གནས་དྲི་མ་ཙམ་ཡང་མ་ཚོར་བར་མི་རིགས་གཞན་གྱི་རིག་གནས་ཁོ་ན་ལ་ལོངས་སྤྱོད་དགོས་ན་མི་རིགས་དེ་ཡིས་རིག་གནས་ཀྱི་ཚེ་སྲོག་གིས་རྒྱུན་བསྲིངས་པའི་ཟུང་ཁྲག་ཆད་དེ་ད་ཕྲུག་ཁོ་ན་ཞིག་དང་ཁྱད་པར་མི་འགྱུར་བས་ཕ་མེས་ཀྱི་དམངས་སྲོལ་རིག་གནས་ལ་གོམས་ཤིང་འདྲིས་པར་བྱ་རྒྱུ་ནི་ཆེས་མཛེས་པའི་རིག་གནས་ཀྱིས་རྒྱན་ཆ་ཞིག་ཡིན་པར་ཤེས་དགོས།།


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1