༄༅།།ཀ་བཞི་མི་ཕམ་གླིང་གི་ཇོ་བོའི་ལོ་རྒྱུས་བཤད་པ་མཐོང་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། ཉན་ཤུལ་འཇམ་དབྱངས་གྲགས་པ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-10



༄༅།། ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།
ཐར་དང་རྣམ་མཁྱེན་བསྒྲུབ་ལ་གཞོལ་བ་རྣམས།།
འདི་སྣང་ཆོས་བརྒྱད་སྤྲོས་པ་རིང་དུ་དོར།།
      དལ་འབྱོར་རྟེན་འདི་བྱང་ཆུབ་སྒྲུབ་པ་ལ།།         
 བརྩོན་པའི་དྲང་སྲོང་རྣམས་ལ་གུས་བཏུད་ནས།།
 མཉམ་མེད་ཐུབ་པའི་རིང་ལུགས་འཛིན་པའི་སྡེ།།
  བརྟན་དགོན་ཞེས་སུ་གྲགས་པའི་འདུས་སྡེའི་རྟེན།།
རྒྱལ་བའི་ཞལ་སྐྱིན་ཇོ་བོའི་སྐུ་བརྙན་གྱི།།    
ལོ་རྒྱུས་མདོར་བསྡུས་ཙམ་ཞིག་འབྲི་བར་བྱ།། 
    དེ་ལ་འདིར་ཐོག་མར་འཆད་པར་བྱ་བ་ནི།ད་ལྟའི་མི་ཉག་རབ་སྒང་གི་ཁོངས་གཏོགས།ཀ་བཞི་མི་ཕམ་གླིང་དུ་བཞུགས་པའི་ཇོ་བོ་མི་འགྲོ་གསུང་བྱོན་དུ་གྲགས་པ་དེའི་བྱུང་བ་བརྗོད་པ་ལ།བརྟན་ལོ་དགོན་རྙིང་ནི།སྨུག་རོང་རི་འབྲུག་སྒང་ཞེས་གཡུ་འབྲུག་གྱེན་དུ་བགྲོད་པ་འདྲ་བའི་རི་ཞིག་ཡོད་པར་རི་འབྲུག་(ད་ལྟའི་ཡུལ་སྐད་དུ་རི་འབྲི་ཟེར)ཅེས་པའི་སྒང་རྒྱབ་རྫ་ཡི་ནང་ལ་བཀའ་བརྒྱུད་པ་མང་པོ་བཞུགས་པའི་ཤུལ་ཡོད་པ་དེ་ཡིན།དེ་ནས་ད་ལྟ་དཀར་ཆ་དགོན་པའི་ལུང་པའི་ཕུ་ན་གཡུ་གཤིས་ཕུག་སྤོ་མེས་ནང་ཞེས་པར་སྤོས།ཇོ་བོ་ནི།ཐོག་མའི་འབྱུང་ཁུངས་རི་འབྲུག་ཅེས་པའི་ལ་ཁར།སྦས་ཡུལ་ཞེས་པའི་ནགས་ཚལ་ཞིག་ཡོད་པའི་ནང་དུ།མཚན་མོ་འོད་གསལ་པོ་ཞིག་ཡོད་པ་ཤེལ་ཆུའི་ཕ་རོལ་ན་ཡོད་པའི་ལྕགས་རྐོང་བ་རྣམས་ཀྱིས་མཐོང་བ་མེ་མདའི་སོ་ཁུང་དུ་བླངས།ཕྱི་ཉིན་མེ་མདའི་སོ་ཁུང་ནས་བལྟས་པས་ས་ཚོད་ལ་ངེས་པ་རྙེད་དེ་དེར་སོང་བ་ན།ཇོ་བོ་རྡོ་ཕ་ཝཾ་ཞིག་གི་སྟེང་དུ་བཞུགས་ཡོད་པ་རྙེད༑ཇོ་བོ་དང་པོ་རྙེད་མཁན་ལྕགས་རྐོང་བ་ཡིན་ཡང་།སྨུག་རོང་བས་ངེད་ཀྱི་ས་ཐོག་ནས་བྱུང་བ་ཡིན་པར་བཤད་དེ་ཕོ་ཤེད་ཀྱིས་ཕྲོགས་ནས་གཡུ་ཡི་ནང་ཟེར་བ་དེར་ལོ་ཁ་ཤས་བཞུགས་པར་བཤད།  དགོན་རྙིང་གཡུ་ཡི་ཕུག་ཅེས་པར་གནས་སྤོ་དགོས་པའི་དོན་ནི།སྐབས་དེ་དུས་སོག་པོ་ཇིང་གིར་གྱི་དམག་གིས་བོད་ཀྱི་ས་ཁུལ་ཡོངས་སུ་བཀའ་བརྒྱུད་པ་རྣམས་རྩ་མེད་དུ་གཏོང་གིན་ཡོད་པའི་རྐྱེན་གྱིས་ཡིན་འདུག  དེ་ནས་ལོ་འགའ་ནས་ཇོ་བོ་མར་ཁ་ལུང་ཞེས་པའི་སར་གདན་དྲངས།ཇོ་ཁང་ཆུང་ངུ་ཞིག་བཞེངས་ནས་བཞུགས་སུ་གསོལ།ཇོ་ཁང་བཀོད་ལེགས་ཤིག་ཡོད་པ་འདྲ་སྟེ།དེའི་རྒྱ་ཕིབས་ཀྱི་གྱོ་མོ་རྣམས་བོད་ཀྱི་རྫ་བཟོ་བས་བཟོས་པར་ནོར་བུ་དང་རྒྱ་གྲམ།གཡུང་དྲུང་སོགས་ཀྱི་རི་མོ་ཡོད་པ་དང་།མཐུག་ཅིང་རྒྱ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་།ས་དེའི་རྒན་པོ་དག་གི་ཤོད་རྒྱུན་དུ་རྒྱ་ནག་གསེར་ཏོག་སྤུས་ལེགས་ཤིག་ཀྱང་ཡོད་པར་བཤད།གོང་བཤད་གཡུ་ཡི་ཕུག་ནས་དགོན་པ་ཁག་གཉིས་སུ་གྱེས་ཏེ།ཤའུ་གཤིས་པ་རྣམས་གྲུབ་མཐའ་དགེ་ལུགས་པར་བསྒྱུར་ཏེ་བརྟན་ལོ་དགོན་སར་བྱང་ཆུབ་ཕུན་ཚོགས་གླིང་བཏབ་པ་དང༑སྨུག་རོང་བ་རྣམས་གྲུབ་མཐའ་རྙིང་མར་བསྒྱུར་ཏེ།དཀར་ཆོས་སམ་དཀར་ཆ་དགོན་རྣམ་དཀར་ཆོས་སྤྱོད་གླིང་ཞེས་མཚན་བཏགས།  ལྕགས་རྐོང་བླ་མ་སངས་རྒྱས་ཞེས་པས་བཏབ་པར་བཤད།དགོན་པ་ཁག་གཉིས་སུ་གྱེས་པ་དང་།གྲུབ་མཐའ་གཉིས་སུ་བསྒྱུར་བ་སོགས་ཀྱི་རྐྱེན་ནི།སོག་དམག་གི་ཟིལ་མ་བཟོད་པས་ཡིན་པར་སྣང་།འོན་ཀྱང་སྔར་ཀ་བཞི་ཆགས་དགོན་གྱི་བླ་རྒན་རྣམས་ཀྱི་གསུངས་རྒྱུན་ལ།ཐོག་མར་སྨུག་རོང་བ་དང་།འདྲ་གདོང་མགོ་དགོན།ཀ་བཞི་ཆགས་གསུམ་ཀ་དགོན་པ་གཅིག་ཡིན་པར་གསུངས་པ་ཐོས་མོད།     ད་ལྟ་སྨུག་རོང་ན་དེ་འདྲའི་ཤོད་རྒྱུན་ཡོད་པ་མ་ཐོས་སོ།། 
   གོང་བཤད་ཇོ་ཁང་མདུན་གྱི་ཅུང་མཐོ་སར་ཇོ་བོ་ལ་མར་མེའི་རྟེན་དུ་འབུལ་མཁན་སུ་ཡིན་མ་ཤེས་ཀྱང་ཚེ་འབར་ཞིང་ཞེས་པའི་ས་ཞིང་ཞིག་ཡོད་པ་ལས།འབྲུ་ཕུད་ནས་སྒྲོ་བ་དོ་རེ་འབུལ་སྲོལ་ཡོད་པ་དམངས་གཙོ་བཅོས་བསྒྱུར་བར་དུ་ཀ་བཞི་ཆགས་ཇོ་བོའི་མདུན་དུ་འབུལ་བ་བདག་ཆུང་ངུའི་སྐབས་མཐོང་མྱོང་ངོ་།།ཞིང་དེའི་བདག་པོ་སྔོན་ཁ་ལུང་ཚེ་བ་ཡིན་ཞིང་།ད་ལྟ་ཉ་བུག་བ་དར་རྒྱས་དང་།དེའི་བུ་བཅས་ཀྱིས་བདག་བྱས་ཡོད་དོ།།ཡང་ཡུལ་སྐད་དུ་ཕུ་ཉི་ལིས་ཟེར་བ་ཇོ་བོའི་མཆོད་ཞིང་ཡིན་ལ།དེའི་སྐད་དོན་ནི་ཇོ་ཁང་སྒོ་སྲུང་གི་ཁྱི་ཞིག་ཡོད་པ་གསོ་བྱེད་ཡིན་པར་ཐོས་སོ།།
    དེ་ནས་རབ་བྱུང་བཅུ་གསུམ་པའི་སྟོད་ཙམ་ཞིག་ལ།བརྟན་ལོ་དགོན་སར་དུ་འདྲ་ཡོངས་འཛིན་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གཏན་བཞུགས་སྐབས་སུ་སྨུག་རོང་ལུང་པར་ནས་བསོད་ལ་ཕེབ་ཚེ།ཡུལ་མི་རྣམས་གྲོས་བྱས་ཏེ་ནས་བསོད་རྒྱ་ཆེར་ཕུལ་བར་མ་ཟད།སྔར་འདི་ལྟ་བུའི་བླ་ཆེན་ཞིག་ཡུལ་འདིར་བྱོན་མ་མྱོང་ལ།ཕྱིས་ཀྱང་འབྱོན་པར་མི་འགྱུར་བས།ཇོ་བོ་ཇོ་ཁང་གསེར་ཏོག་དང་བཅས་པ་ཕུལ་ན་དགའ་ཞེས་གྲོས་འཆམས་ཏེ་དགེ་བཤེས་ལ་ཕུལ་ལོ།།
    དེ་ནས་དགེ་བཤེས་ཀྱིས་ཇོ་བོ་གསེར་ཏོག་བཅས་བརྟན་ལོ་དགོན་སར་གདན་དྲང་ཚེ།ཇོ་ཁང་གི་མདུན་ཕྱོགས་སྤྱི་ལེ་ཕྱེད་ཙམ་གྱི་ས་ན།གོར་ཁ་ལ་ཟེར་བ་ན་རྡོ་ཕ་ཝཾ་ཆེན་པོ་ཞིག་ཡོད་པའི་སྟེང་དུ་ཇོ་བོ་བཞུགས་སུ་གསོལ་བས་ཕ་ཝཾ་དེར་ཇོ་བོའི་སྐུ་རྗེས་བྱུང་ཞིང་།ད་ལྟ་དེར་ལམ་བཟོས་པས་སྐུ་རྗེས་ལམ་འོག་ཏུ་ཡོད་འདུག་པ་མཇལ་ལོ།།ད་ལྟ་ཇོ་ཁང་གི་ཤུལ་ཞིང་དུ་བསྒྱུར་ཡོད་ཅིང་།དེ་རྒུ་རྫ་བ་ཞེས་པའི་ཁྱིམ་རྒྱུད་ཤེས་རབ་ཡེ་ཤེས་སྟེ།ཡོངས་གྲགས་སུ་རྒུ་རྫ་ཤེས་རབ་ཟེར་བས་བདག་བྱས་ཡོད།ཞིང་གི་འོག་ནས་སྔར་ཇོ་ཁང་གི་རྒྱ་ཕིབ་རྫ་ཡི་གྱོ་མོ་རི་མོ་སྣ་ཚོགས་ཡོད་པ་མང་པོ་ཐོན་འདུག་པ་རྣམས་ཞིང་མཐར་སྤུངས་འདུགརྒྱབ་ཕྱོགས་ཀྱི་ཞིང་མཐར་ཤུག་སྡོང་ཞིག་སྐྱེས་ཡོད།དེའི་ཟུར་ན་སྔར་རྫ་བཅའ་ཚང་གི་བུ་མོ་ཚེ་འཛིན་སྟེ།ཁ་ལུང་ཚེ་འཛིན་ཞེས་པ་ད་ལྟ་ལོ་བརྒྱད་ཅུ་ལ་ཉེ་བ་དེ་ཚང་ཡོད་དོ།།      
    དེ་ནས་དགེ་བཤེས་ཀྱིས་ཇོ་བོ་གསེར་ཏོག་བཅས་བརྟན་ལོ་དགོན་སར་གདན་དྲངས་ཏེ།དབུ་རྒྱན་དོ་ཤལ་སོགས་ཕུལ་ཏེ་ལོངས་སྐུ་ལ་བསྒྱུར་བར་མཛད།སྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་མི་ཉག་དགེ་བཤེས་ཆེན་མོར་གྲགས་པ་འདི་ཉིད་སྐུ་ཚེའི་སྨད་ཙམ་ནས་དགོན་སར་བཞུགས་ཏེ།མཐར་ཞི་བའི་དབྱིངས་སུ་གཟིམ་པའི་གནས་ཀྱང་འདི་ཡིན་ནོ།།
   བརྟན་དགོན་གྱི་ཞོལ་དུ་ན་བའི་དཀྱིལ་ན་ཆུ་མིག་གཏིང་མི་མངོན་ས་ཞིག་ཡོད་པ་དེ་ལ་རྒྱ་མཚོའི་ལྟེ་བ་ཟེར།སྔར་བརྟན་ལོ་རིན་ཆེན་རྒྱལ་མཚན་གྱིས་བརྟན་འབུམ་ཞེས་པ་ཀླུ་ཡུལ་ནས་དྲངས་ཡུལ་དེ་ཡིན་པར་གྲགས༑ཆུ་མིག་དེ་ལ་གནས་པའི་ཀླུ་དེ་འཐེང་བོ་ཞིག་ཡིན་ལ།ཀླུ་དེས་ཇོ་བོ་ནམ་གནས་ཀྱི་བར་དུ་ཡན་ལག་བརྒྱད་ལྡན་གྱི་ཡོན་ཆབ་རེ་འབུལ་རྒྱུའི་དམ་བཅའ་འཕྱས་པར་གྲགས་པའི་ཆུ་མིག་དང་པོ་དེ་ཡིན་པར་ངོས་འཛིན་ནོ།།        


   རབ་བྱུང་བཅུ་གསུམ་པའི་མཇུག་ཙམ་ལ།མི་ཉག་ལྕགས་ལ་རྒྱལ་པོས་རྐུན་ཇག་གིས་གནོད་པ་དང་།འགྲིམ་འགྲུལ་མི་བདེ་བ་སོགས་ལ་དམིགས་ཏེ།དགོན་སར་ཇོ་བོ་དང་བཅས་པ་གདན་དྲངས་ཏེ་ཤའུ་གཤིས་ཀྱི་འབྲུ་གུ་མདའ་ཞེས་པར་སླེབ།དེ་ཡང་དམངས་ཁྲོད་གཏམ་རྒྱུད་ལ།ཇོ་བོ་གདན་དྲངས་ནས་གནས་དེར་སླེབས་པ་དང་ཞག་མལ་བྱས༑ཕྱི་ཉིན་དར་རྩེ་མདོ་རུ་འཁྱེར་རྩིས་བྱས་པ་ན།སྒུལ་མ་ཐུབ་པས་ཐབས་ཟད་དེ།ཇོ་བོའི་ཕྱོགས་བཞིར་ཀ་བ་བཞི་བཙུགས་ཏེ་ཁང་ཆུང་ཞིག་བཀབ་ནས་བཞུགས་སུ་གསོལ།དེར་དགོན་པ་བཏབ་པར་ཀ་བཞི་ཆགས་མི་ཕམ་གླིང་དང་།སྔར་བརྟན་དགོན་གྱི་མཚན་ལྟར་ཀ་བཞི་ཆགས་བྱང་ཆུབ་ཕུན་ཚོགས་གླིང་ཟེར་བར་ཡང་གྲགས་སོ།།
   དགོན་གནས་དེ་ནི་རི་བཞུགས་ཁྲི་ལྟ་བུ་ཞིག་གི་སྟེང་དུ་ཡོད་ལ་།འདུ་ཁང་དང་གྲྭ་ཁང་སོགས་ཀྱི་ཤུལ་ངོས་འཛིན་ཐུབ་པ་ཞིག་རེད་འདུག་ལ།དགོན་པའི་རྒྱབ་ཕྱོགས་གྱི་སྤང་ཐང་གི་དཀྱིལ་དུ་རྒྱང་ནས་བལྟས་ཚེ་རི་མོ་ཟླུམ་པོ་ཆེ་བ་ཞིག་མཐོང་རྒྱུ་ཡོད།དེ་ལ་དམག་ར་གད་ཐོག་ཅེས་ཟེར༑དེ་ནི་སྔར་ཉག་དམག་དང་དགྲ་འཛིང་པའི་ཚེ་འཐབ་ར་བཟོས་པའི་ཤུལ་ཡིན་ཟེར།དགོན་གནས་དེའི་རྒྱབ་རིའི་རྩེ་མོར་ལ་བཙས་ཡོད་ཅིང་།གཞི་བདག་ལ་གསེར་སྐུང་རྡོ་རྗེ་འཛིན་ཞེས་ཟེར།དེ་དགོན་པའི་རྒྱབ་རི་ཡིན་ཞིང་།ཕྱིས་སུ་དགོན་གནས་གཞན་དུ་སྤོས་ཀྱང་གཞི་བདག་དེ་ཀ་བཞི་དགོན་པ་དང་།ཡུལ་དེའི་གྲོང་པ་རྣམས་ཀྱིས་མཆོད་དགོས་ཀྱང་།དམངས་གཙོ་བཅོས་བསྒྱུར་སྐབས་ནས་གསོལ་མཆོད་བྱེད་མཁན་མེད་པར་གྱུར།འོན་ཀྱང་ཉེ་བའི་ཆར་སླར་གསོ་བྱས་པ་དགོན་པ་དང་།འགྲིམ་མདའ་གྲོང་པས་གསོལ་བཞིན་ཡོད།གཞི་བདག་དེ་ཤར་བཞག་བྲའི་གསེར་གྱི་བང་མཛོད་ཡིན་པར་གྲགས།དེ་ཡང་དམངས་ཁྲོད་ཀྱི་ཤོད་རྒྱུན་དུ།མན་ཆིན་གོང་མའི་སྐབས་སུ་རྒྱ་གསེར་རྐོ་བ་སྟོང་ཙམ་བྱུང་ནས་གསེར་བརྐོས་པས་གསེར་ཧ་ཅང་མང་པོ་བྱུང་བ་ཁྱེར་བས།གསེར་སྐུང་གཞི་བདག་གིས་བཞག་བྲ་ལྷ་རྩེ་ལ།ད་ཅི་དྲག་གསེར་མང་པོ་ཤོར་སོང་།ཞེས་བཤད་པར།བཞག་བྲས་དེ་འདྲ་ཡིན་ན་དང་པོ་སྔོན་ཐུ་ནང་མ་དེ་ཐོངས་ལ་ཅི་དགོས་ལྟོས་ཟེར།དེ་ནས་གསེར་སྐུང་གཞི་བདག་གིས་རི་ནས་ས་ཤུད་བཏང་སྟེ་མི་ལྔ་བརྒྱ་ཙམ་ས་འོག་ཏུ་མནན།དེ་ནས་ཤུལ་དུ་ལུས་པའི་རྒྱ་མི་རྣམས་ཀྱིས་ཡང་བརྐོས་པས་གསེར་གྱི་ཅོག་ཙེ་སོགས་ཐོན།སྐབས་དེ་དུས་བཞག་བྲས་ད་ནི་སྔོན་ཐུ་ཐོག་མ་ཐོངས་ཤིགཅེས་བཤད་པས།གསེར་སྐུང་གིས་ཡང་ས་ཤུད་བཏང་བས་གསེར་རྐོ་མི་གཅིག་ལས་མ་ལུས།མི་གཅིག་ལུས་པ་དེ་ནི་རྒྱུན་དུ་ལྷ་ཆེན་བཞག་བྲ་ལ་གསོལ་མཆོད་བྱེད་པ་ཞིག་ཡིན་པས་མ་བསད་པ་རེད།ཅེས་དང་།འབྲུའུ་ལུང་པའི་ཆུ་འགྲམ་ན་བྲག་རྡོ་ཆེན་པོ་ཞིག་ཡོད།སྟོང་དཔོན་རྒུལ་མེ་ཟེར།སྟོང་དཔོན་གསེར་རྐོ་སྟོང་གི་དཔོན་པོ་དང་།རྒུལ་མེ་ནི་མངོན་བརྗོད་དུ་བརྡ་རྙིང་གི་རྡོ་ཡི་མིང་ཡིན་པར་བཤད་པ་ལྟར་རྡོ་དེ་རི་མགོ་ནས་འགྲིལ་འོང་ཏེ་སྟོང་དཔོན་དེ་བསད་པར་གྲགས་སོ།།ཕྱིས་སུ་གདུགས་དཀར་བཟློག་ཆེན་གྱི་སྐབས་སུ་མི་བསད་གྲི་རྡོ་དགོས་པའི་ཚེ།རྡོ་དེ་ལ་དུམ་བུ་རེ་བཅད་ནས་འཁྱེར་སྲོལ་ད་ལྟའང་ཡོད།གནས་དེ་ཡང་སྔར་གྱི་ཀླུ་ཡིས་དམ་བཅས་པ་བཞིན།ཇོ་བོའི་མཆོད་ཆུ་ཟེར་བའི་ཆུ་མིག་ཅིག་དགོན་པའི་གཡོན་ཕྱོགས་ཀྱི་འབྲིའུ་ལུང་པའི་སྲིབ་ཀྱི་རི་རྩ་ན་ཁ་བྱང་ལ་འཁོར་བ།དགུན་འཁྱག་རམ་མི་ཆགས་པ།ལོ་གཅིག་ལ་ཆུ་ཆེ་ཆུང་མི་འགྱུར་བ་ཞིག་ཡོད་པ་དེ་ཇོ་བོའི་ཆུ་མིག་གཉིས་པར་གྲགས་སོ།།
 དེ་ནས་རབ་བྱུང་བཅུ་བཞི་པའི་སྨད་ཙམ་ལ།ཉག་རྐེད་མགོན་པོ་རྣམ་རྒྱལ་གྱིས་དམག་དྲངས་ཏེ་དགོན་པ་མེར་བསྲེགས་སྐབས།དམག་མི་རྣམས་ཀྱིས་བཤད་པ།དགོན་པ་མ་བསྲེག་ན་ཁོང་ཚོར་སྲོག་ཉེན་ཡོད་མོད།ཇོ་བོ་དང་རྟེན་གཞན་རྣམས་གདན་དྲོངས་ཤིགཅེས་བཤད་པས་ནང་རྟེན་རྣམས་ཉམས་ཆག་མ་སོང་བར་གནས་ཐུབ་ཙམ་བྱུང་ངོ་།།  དེ་ནས་དེང་སྐབས་ཀྱི་དགོན་པའི་ཕར་ཁ་ན།དབུ་ར་མདོ(འདི་ནི་བརྡ་རྙིང་སྟེ།རྟའུ་དང་སྨུག་རོང་སོགས་ན་ལོ་སྟོང་ཡན་གྱི་བརྡ་རྙིང་སྤྱོད་བཞིན་པ་ཡིན་ཏེ།དོན་ནི།དབུ་ནི་མགོ་ཡི་ཞེ་ཚིག་དང་།ར་ནི་བྲག་གི་བརྡ་རྙིང་ཟུར་ཉམས་པ་ཙམ་ཡིན།དེ་ལུང་པ་ཞིག་གི་དཀྱིལ་ནས་གྱེན་དུ་འབུར་བའི་རི་རྩེ་མོ་བྲག་ཡིན་པ་ཞིག་ཡོད་པས་མིང་དེ་ལྟར་ཐོགས།) ཞེས་པར་རྩིག་རྙིང་ཆེན་པོ་ཞིག་ཡོད་པ་ལ་བརྟེན་ནས་ཇོ་ཁང་དང་དགོན་པ་གསར་དུ་བཏབ་པར་གྲགས།དེར་དགོན་གནས་ཡུན་རིང་ཙམ་གནས་ཏེ་མཐར་རབ་བྱུང་བཅུ་དྲུག་པའི་ས་རྟ༡༩༡༨ལོར་ཇོ་ཁང་དགོན་པ་དང་བཅས་པ་མེས་ཚིག་ཀྱང་ཇོ་བོ་དང་རྟེན་གསུམ་རྣམས་སྐྱོབ་ཐུབ་བོ།།དེའི་དགོན་ཤུལ་ལ་དགོན་ཚིག་ནང་ཞེས་མིང་ཐོགས།ད་ལྟ་ཁྲོ་ཡུལ་བླ་མ་སྐྱབས་ཞེས་པའི་ཁང་གཞིས་དེ་ཡིན་ནོ།།
 དེ་ན་ཡང་གཡོན་ཕྱོགས་ཀྱི་ལུང་པ་དེའི་འདབས་ཀྱི་ཆུ་འགྲམ་ན།ཆུ་མིག་ཅིག་ས་འོག་ནས་ཐད་ཀར་གདུ་བཞིན་པ།ཧ་ཅང་བསིལ་ལ་དྭངས་པ།དགུན་ཁར་ཆབ་རོམ་ཆགས་མི་ཐུབ་ལ་དབྱར་དགུན་འཕེལ་འགྲིབ་མེད་པ་ཞིག་ཡོད།དེ་ནི་ཇོ་བོའི་མཆོད་ཆུ་ཆུ་མིག་གསུམ་པ་ཡིན་ཞེས་བཤད་སྲོལ་དུ་གྲགས་ཡོད།དགོན་པ་དེའི་རྒྱབ་རི་དབུ་ར་བར་ལོག་ཟེར་ཞིང་།ཀ་བཞི་དགོན་པའི་སྤྱི་གཉེར་གྱིས་དམངས་གཙོ་བཅོས་བསྒྱུར་བར་བསང་རླུང་རྟ་སོགས་འབུལ་སྲོལ་ཡོད་ལ།དེ་མིན་ཁྱིམ་ཚང་ཁ་ཤས་ཀྱིས་ཀྱང་མཆོད་སྲོལ་ཡོད་དོ།དེ་ནས་རབ་བྱུང་བཅུ་དྲུག་པའི་ས་ལུག་ལོ༡༩༡༩ལ་ད་ལྟའི་དགོན་གནས་བདེ་ལྡན་སྟེང་ཞེས་པར་ཇོ་བོ་སྤོས་ཏེ་གཙུག་ལག་ཁང་བཅས་བཞེངས།ཇོ་བོ་དེར་བཞུགས།བདག་རང་ལོ་བཅུ་སྐོར་ཞིག་ལ་ཀ་བཞི་ཆགས་དགོན་དུ་རྒྱུན་བཞུགས་གནང་བའི་རྙིང་མའི་བླ་མ་ཕན་བདེ་རྒྱ་མཚོ་ཞེས་པ་ཞིག་བཞུགས་ཡོད།ཁོང་གིས་གསུངས་པ་ལྟར་ན།ཁོ་རང་ལོ་ཆུང་སྐབས་ཤིག་ལ།དམར་དམག་ཀྲང་གོ་ཐོ་ཡི་དམག་སླེབ་སྐབས།ཇོ་བོ་དེ་བླ་མ་ཁོ་རང་གིས་ཁུར་ཏེ།འགྲོ་ཡོད་ལུང་པ་ཞེས་པའི་ནགས་གསེབ་ཏུ་བསྐུངས་མྱོང་།ཞེས་གསུངས་པ་དང༑ཇོ་བོ་འདི་ལ་རྟགས་ཡ་མཚན་པ་མང་སྟེ།ཡང་ལྕི་འགྱུར་བ་དང་།ཞལ་འཛུམ་པ་དང་།སྐབས་རེ་ཞལ་གནག་པ།ཕྱོགས་གཞན་དུ་འཁོར་བ༑ཞལ་ནས་རྔུལ་ཆུ་འབྱུང་བ་སོགས་ཡོད་པས་ཡུལ་ལ་དགེ་མི་དགེའི་མཚན་མ་བརྟག་རྒྱུ་ཡོད།ཅེས་གསུངས་ལ།བླ་མ་དེ་དགུང་ལོ་གོ་བརྒྱད་ལ་དགོན་འདིའི་ཉེ་འགྲམ་དུ་དགོངས་པ་རྫོགས་སོང་བ་བདག་རང་ལོ་སུམ་ཅུ་ཙམ་གྱི་སྐབས་སོ།།
   དེ་ན་ཡང་སྔར་དང་འདྲ་བར་དགོན་པའི་རྒྱབ་ཕྱོགས་ཀྱི་ལུང་པ་ཆུང་ངུ་དེར་ཆུ་མིག་ཁ་ཤར་འཁོར་ཞིག་ཡོད་པར།རྡོ་དཀར་གོང་མང་པོ་སྤུངས་ནས་ཡོད་པས་ཡུལ་མི་རྣམས་ཀྱིས་དེ་ལ་ཆུ་མིག་དཀར་མོ་ཟེར་ཞིང་།དེ་ནི་ཇོ་བོའི་མཆོད་ཆུའི་ཆུ་མིག་བཞི་པ་ཡིན་ཞེས་ཤོད་སྲོལ་བྱུང།དེ་ཡང་དགུན་ཁ་ཆབ་རོམ་སོགས་མི་ཆགས་ལ།ཆུ་མིག་དེ་དང་།  ད་ལྟའི་དགོན་པའི་མདུན་ཕྱོགས་ཐག་རིང་བ་ཞིག་ན་ཉ་ར་གཞི་བདག་ཟེར་བ་རི་མཐོན་པོ་ཞིག་ཡོད་པའི་སྐེད་ན་ཆུ་མིག་ཅིག་ཡོད་པ་དེ་གཉིས་ཀླུ་སྤུན་མཆེད་ཡིན་པར་གྲགས་པ་དང་།བདག་ཆུང་ངུའི་སྐབས་སུ་འགྲིམ་མདའ་བླ་མ་རིན་ཆེན་རྣམ་རྒྱལ་ངེད་གཉིས་དབྱར་ཁ་ཐན་པ་ཤིན་ཏུ་ཆེ་བའི་སྐབས་ཤིག་ལ།ཆར་འབེབ་ལ་སོང་བས་ཆུ་ཚོད་བཞི་ཙམ་ནས་ཆར་ཤིན་ཏུ་ཆེ་བ་ཞིག་བབས་མྱོང་།དེ་ལ་ཡུལ་མི་རྣམས་ཀྱི་ཀླུ་དེ་གཉིས་རྒྱལ་རིགས་ཡིན་པས་ཆར་ཕབ་པའི་དབང་ཡོད་པར་གྲགས་སོ།།   
   དེ་ལྟར་དགོན་པའི་ཕྱི་ནང་གི་རྟེན་རྣམས་དང་།ཇོ་ཁང་གི་གསེར་ཏོག་སོགས་ཕལ་ཆེར།རབ་བྱུང་བཅུ་དྲུག་པའི་ས་ཕག༡༩༥༩ལོ་དམངས་གཙོ་བཅོས་བསྒྱུར་བྱེད་པ་དང་ལྷན་དུ་ཟངས་རག་ལི་འཁར་གསེར་དངུལ་གྱི་རིགས་རྣམས་མཐའ་དག་མགར་ཐར་རྫོང་དུ་ཁྱེར་ཏེ་བཙོང་།དེའི་རིན་རྣམས་མཉམ་ལས་ཁོངས་མི་རྣམས་ཀྱིས་ཟོས་པ་ཡིན་མོད།ཇོ་ཁང་དུ་འབྲུ་མཛོད་བྱས་པས་ཇོ་བོ་དེའི་རྒྱབ་ཏུ་ལོ་འགའ་ལུས་སོ།།    སླར་རབ་བྱུང་བཅུ་དྲུག་པའི་མེ་ལུག༡༩༦༠ལ་ཡུལ་དེའི་མཉམ་ལས་ཁང་དུ་ཡོད་པའི་རྒྱ་རིགས་མི་གསུམ་གྱིས་ཇོ་བོ་བཙབས་ཏེ་རྒྱལ་ཁབ་ཀྱི་ཟངས་རག་ཉོ་སྒྲུབ་པར་བཙོང་ཡང་།གཟུངས་གཞུག་རྣམས་ལྷ་ཁང་ནང་དུ་སྤུངས་ཡོད་པ།སྐབས་དེར་དགོན་ནང་དུ་ལོའུ་བསོད་ཁོ་ཞེས་པའི་རྒད་མོ་ཞིག་ཡོད་པ་སྨྱོ་ཁུལ་གྱིས་ཁུག་མའི་ནང་དུ་བླུགས་ཏེ་ཁྱེར་འོང་བ་ངེད་ཅག་གིས་ཉར་ཚགས་བྱས།དེའི་ཕྱི་ལོ་ནས་ཇོ་ཁང་དུ་ཕག་གསོ་ཁང་བཙུགས་པ་དང་།   འདུ་ཁང་གི་ཕྱོགས་གཅིག་ནས་མགོ་བཟུང་སྟེ་བཤིག་པ་དང་།ཤིང་རྣམས་ཕག་ཟས་འཚེད་བྱེད་བྱས།མཐར་ཇོ་ཁང་གི་རྩིག་པ་ཙམ་ལས་ཅི་ཡང་མེད་པར་གྱུར་ཏོ།།དེ་ལྟར་མི་ལོ་ཉེར་གཅིག་རིང་ལ་སྐུ་གསུང་ཐུགས་རྟེན་མེད་པར་གྱུར།གལ་སྲིད་ཕྲན་བུ་རེ་ཡོད་པ་རྣམས་ཀྱང་འཇིགས་སྐྲག་དངངས་གསུམ་དང་བཅས་དུས་འདའ་དགོས་པ་ཞིག་བྱུང་།རིག་གསར་ལས་འགུལ་མཇུག་རྫོགས་པ་དང་ལྷན་དུ།  རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ༡༩༨༠ལོ་ལ་ས་འགག་ཚེ་རིང་ནད་མེད་ཀྱིས་གཙོ་བྱས།སྔར་བླ་མ་བསོད་ནམས་དབང་ཕྱུག་གིས་ཆ་རྐྱེན་བཞག་ཡོད་པ་དག་གཞི་བྱས་ཏེ།ཇོ་བོ་རིན་པོ་ཆེ་བསྐྱར་བཞེངས་ཀྱི་མགོ་བཙུགས།རྒྱལ་འཕགས་ལྷ་བཟོ་བླ་མ་ཐུབ་བསྟན་དཔལ་འབྱོར་གྱིས་སྔར་ཀྱི་ཇོ་བོའི་སྐུ་ཚད་ལྟར་བཞེངས།        སྔར་གྱི་ཇོ་བོའི་གཟུངས་གཞུག་རྣམས་གཙོ་བྱས།           གཞན་ཡང་རྟེན་སྣ་ཚོགས་པ་གཟུངས་སུ་ཕུལ་བ་དང་།          དགེ་བའི་བཤེས་གཉེན་ཨ་ཚོང་སོགས་ཀྱིས་རབ་གནས་མཛད་དེ།         ས་འགག་གི་ཁང་ཆུང་ཞིག་ཏུ་ལོ་གཉིས་ལྷག་ཙམ་ལ་མཆོད་འབུལ་དང་བཅས་བཞུགས་སུ་གསོལ་ཏོ།།
    རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི༡༩༨༢ལོ་ནས་མི་སེར་དང་དགེ་འདུན་པ་བཅས་ཀྱིས་ཇོ་ཁང་ཀ་ཐག་ཉི་ཤུ་སྔར་ཤུལ་དུ་བཞེངས།ཆུ་ཕག་ལོ༡༩༨༣ལ་ཇོ་བོ་ཇོ་ཁང་དུ་གདན་དྲངས་པ་དང་།དངུལ་གྱི་ལོངས་སྐུའི་རྒྱན་རྣམས་ཀྱང་ཕུལ་ཏེ་བཞུགས་སུ་གསོལ་ཏོ།།  རབ་བྱུང་བཅུ་བདུན་པའི་མེ་ཡོས༡༩༨༧ལོ་ལ།ཁྲོ་ཡུལ་སྨོན་ལམ་རྒྱ་མཚོ་དཀོན་གཉེར་གྱི་སྐབས་སུ།     ཇོ་ཁང་དུ་བསོད་ནམས་མྱུར་ཏུ་འཛད་པའི་རྒྱུ་དོན་དུ་གཉེར་བ་ཞིག་གི་རྐུན་མ་ཐེངས་གཉིས་འཛུལ་ཏེ།      རྟེན་གཞན་དང་།      ཇོ་བོའི་དབུ་རྒྱན་གྱི་གཟི་ཕྲ་སོགས་དང་།          དངུལ་གྱི་སྙན་རྒྱན་ཡ་གཅིག་བཅས་རྐུན་མར་ཤོར།སླར་སྙན་རྒྱན་ཡ་གཅིག་དཀོན་གཉེར་ཁོ་རང་གིས་བསྐྱར་བཞེངས་བྱས་པ་ལས།གཞན་རྣམས་བྱ་ལམ་རྗེས་མེད་དུ་གྱུར་ཏོ།།

    ཡང་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས༢༠༡༡ལོ་ལ།ཁྲོ་ཡུལ་དགོས་འདོད་ནོར་བུ་དཀོན་གཉེར་གྱི་སྐབས་སུ།ཡུལ་སྡེའི་དམངས་ཚོགས་རྣམས་ཇོ་ཁང་དུ་མ་ཎི་འཚོག་བཞིན་པའི་ཚེ།མཚན་མོ་ཞིག་ལ་རྐུན་མ་ཇི་ལྟར་བྱུང་བ་ཡིན་མི་ཤེས་པར་མི་ཡི་ལུས་ལ་གནོད་སྦྱིན་ནམ་ཡི་དྭགས་མངོན་སུམ་པ་ཞིག་གིས།ཇོ་བོའི་དངུལ་གྱི་ལོངས་སྐུའི་རྒྱན་ཕྲ་ཚོམ་དང་བཅས་པ་ཐམས་ཅད་ཁྱེར་ཏེ་མེད་པར་བྱས་སོ།།ལོ་དེའི་ཟླ་བ་གསུམ་པ་ནས་དཀོན་གཉེར་རང་གིས་དམངས་སྒོར་ཁྲི་ལྔ་དང་།རྟ་གཅིགགཡག་གཅིགབྱུ་རུ་གཅིག་བཅས་བསྐྱིན་ཅིང་།དེ་མིན་འབྱོར་ལྡན་བསོད་ནམས་གསོག་པ་པོ་རྣམས་ཀྱིས་ཞལ་འདེབས་སུ་གསེར་སྐར་ཆེན་ལྔ་བཅུ་དང་ལི་གསུམ།ཤོག་སྒོར༧༥༥༨༥ཕུལ་བ་བཅས་ཁྱོན་ཤོག་སྒོར་ཆིག་འབུམ་ཉི་ཁྲི་ལྔ་སྟོང་ལྔ་བརྒྱ་གྱ་ལྔ་བྱུང་བ།སྐབས་དེའི་དགོན་པའི་ལས་ཐོག་མཁན་པོ་བསམ་འགྲུབ་ནོར་བུ་དང་།ཁྲི་པ་སྐལ་བཟང་ཡོན་ཏན།དབུ་མཛད་བྱང་ཆུབ་དགྲ་འདུལ་བཅས་ཀྱིས་གཙོ་འགན་བཞེས་ཏེ།གསེར་གྱི་དབུ་རྒྱན་དང་།སྙན་རྒྱན།ཅོད་པཎ༑མགུལ་རྒྱན་བཅས་དང་།གསེར་དངུལ་འདྲེས་མའི་མཎྜལ་གཉིས་བཅས་གསར་བཞེངས་བྱས་ཏེ་ཇོ་བོར་ཕུལ་བས་སྔར་ལས་ལྷག་པར།མཐོང་ན་མི་མཐུན་པ་མེད་པར་དྭངས་བ་འདྲེན་པའི་རྒྱན་དུ་གྱུར་ཡོད་དོ།།          
   དེ་ལྟར་གསར་བཞེངས་བྱས་པ་ནས་བཟུང་།ད་ལྟའི་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ༢༠༡༣ལོའི་སྐབས་སུ་བཞུགས་བཞིན་པའི་ཇོ་བོ་འདི་ལ།སྔ་ཕྱི་ཅི་རིགས་པར།རྗེ་སྐྱིད་ལེགས་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོས་གཙོས༑བྲག་མགོའི་ཀེའུ་ཚང་སྤྲུལ་སྐུ།མཁན་ཆེན་འཇིགས་མེད་ཕུན་ཚོགས།ལའུ་ཐང་སྤྲུལ་སྐུ་བློ་གྲོས།གཟན་དཀར་ཐུབ་བསྟན་ཉི་མ།ཨོ་ཐོག་སྤྲུལ་སྐུ་དགེ་བཅུ་ཡར་འཕེལ།རྒྱུད་སྨད་བསྐྱེད་རིམ་པ་དཔལ་ལྡན་དབང་ཕྱུག  མཆོག་སྤྲུལ་འབྲུག་གྲགས་རྒྱ་མཚོ།སྐུ་ཞབས་འཇིགས་མེད་རྣམ་རྒྱལ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་དམ་པ་བརྒྱ་ཕྲག་གཉིས་ལྷག་གིས་རབ་ཏུ་གནས་པར་བྱས་ཏེ།གཟི་བྱིན་འབར་བཞིན་སྐྱེ་བོ་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་ལྷམ་མེར་ལྷན་ནེ་ལྷང་ངེར་བཞུགས་ཡོད་པར་བསོད་ནམས་དོན་དུ་གཉེར་བ་དག་དབུས་ལྷ་ས་ནས།རྒྱ་ནག་པེ་ཅིན་བར་དང་།འཕགས་ཡུལ་སོགས་ནས་དད་ལྡན་མང་པོ་མཇལ་བར་ཕེབས་བཞིན་པ་དང་།སྟོད་མགོ་ལོག་དང་གསེར་རྟ་སོགས་ཀྱིས་མིས།དབུས་ལྷ་སའི་ཇོ་བོ་དང་།མི་ཉག་ཀ་བཞིའི་ཇོ་བོ་དང་།མི་ཉག་ལྷ་སྒང་ཇོ་བོ་གསུམ་སྤུན་མཆེད་ཡིན་པས་བྱིན་རླབས་ལ་ཁྱད་པར་ཡོད་པ་མིན་ཞེས་གྲགས་པའི་རྫ་རྔ་ཕྱོགས་བརྒྱར་འཁྲོལ་བཞིན༑བསྟན་པ་ནམ་གནས་ཀྱི་བར་དུ་འགྲོ་བའི་དད་རྟེན་ལ་བཞུགས་བཞིན་པ་ལགས་སོ།།              

སྨྲས་པ།   རང་ལ་དད་པའི་ཨ་ལོང་ཡོད་གྱུར་ན།།    
བྱིན་རླབས་ཐུགས་རྗེ་ལྕགས་ཀྱུས་མི་འདྲེན་མེད།།
ཇོ་བོའི་སྐུ་བརྙན་མཐོང་གྲོལ་འདི་མཇལ་ན།།   
ཐུབ་པ་མངོན་སུམ་མཇལ་དང་ཁྱད་པར་མེད།།
 
དེ་ཕྱིར་རྣམ་དཀར་དགེ་ལ་འབད་པ་རྣམས།།
ལུས་ཀྱིས་ཕྱག་འཚལ་ངག་གིས་བསྟོད་པ་དང་།།
      ཡིད་ཀྱིས་བསགས་པའི་ཉེས་རྣམས་བཤགས་བགྱིས་ན།།
སྒྲིབ་བྲལ་ཆོས་སྐུའི་རྒྱལ་ས་ལ་དབང་འགྱུར།།
 
འདིར་འབད་རྣམ་དཀར་དགེ་བས་ཚེ་རབས་ཀུན།།
    ཐུབ་བསྟན་དང་མཇལ་ངོམས་མེད་བདུད་རྩི་འཐུང་།།
འབྲེལ་བས་བསྡུས་པའི་མར་གྱུར་སེམས་ཅན་ཀུན།།
སྒྲིབ་བྱང་བླ་མེད་གོ་འཕང་མྱུར་ཐོབ་ཤོག།
  ཅེས་ཀ་བཞི་མི་ཕམ་གླིང་གི་ཇོ་བོའི་ལོ་རྒྱུས་བཤད་པ་མཐོང་གྲོལ་ལམ་བཟང་ཞེས་བྱ་བ་འདི་ནི།སྔར་ཇོ་བོའི་ལོ་རྒྱུས་རགས་རིམ་ཤེས་ཤིང་།ཉེ་བའི་ཆར་སྨུག་རོང་དུ་ཆེད་རྩོལ་གྱིས་སོང་སྟེ།སྨུག་རོང་དཀར་ཆོས་དགོན་པའི་མཁན་རྒན་བླ་མ་བསོད་ནམས་རིག་འཛིན་དགུང་ལོ་གྱ་བཞི་བཞེས་པ་དེ་དང་།དཀར་ཆ་དགོན་གྱི་བླ་མ་མཁྱེན་རབ་དབང་ཕྱུག་སྟེ་ཡོངས་གྲགས་སུ་ཉན་ཤུལ་ཨ་མཁྱེན་ཞེས་པ་དགུང་ལོ་དོན་དྲུག་བཞེས་པ་དེ་དང་།གཞན་ཡང་སྨུག་རོང་ཡུལ་གྱི་རྒན་རབས་པ་མང་པོར་བཅར་འདྲི་བྱས་ཤིང་།ས་གནས་ངོས་འཛིན་སོགས་ལ་ཆེད་བསྐྱོད་ཀྱིས་བརྟག་དཔྱད་དང་།པར་ལེན་སོགས་བྱས་པ་དང་།དགོན་གནས་གསུམ་པ་བརྟན་ལོ་དགོན་སར་མན་གྱི་ལོ་རྒྱུས་བདག་རང་གི་མཐོང་ཐོས་རྣམས་ཀྱིས་ཁ་བསྐངས་ཏེ་ཁུངས་དག་པའི་ཁུལ་དུ་བགྱིས་ཤིང་།བདག་ཉན་ཤུལ་འཇམ་དབྱངས་གྲགས་པ་རང་ལོ་དོན་གཉིས་ཀྱི་སྐབས་སུ་ཟིན་ཐོར་བཀོད་པ་རྣམས་བསྡུས་ཏེ་མི་ཉག་དཔལ་སྨད་གྲོང་རྡལ་དུ་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ༢༠༡༣ལོའི་ཟླ་བ་ལྔ་པར་བྲིས་པ་དགེ་བར་གྱུར་ཅིག། 



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1