ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 03-11


        འདི་ནི་ཟླ་3ཚེས་9ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བཞིན་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་ཤིང་། ཁོང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་བཅས་ཀྱི་ལོ་ཞིག་རེད་ལ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བའི“གོམ་སྟབས་གསར་པ་གསུམ”སྤོ་འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། དམག་ཡོངས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་གྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས།
        ཚོགས་འདུའི་ཐོག་ཧྥང་ཞང་དང་། ཤིན་དབྱི། ཆི་ཧུའུ་ཀོང་། ཤའོ་ཏུང་སུང་། ཝང་ཧུའེ་ཆིང་། ཝང་ཆི་ཧྥན་སོགས་འཐུས་མི་6གིས་ཁག་སོ་སོར་གཏམ་བཤད་གནང་སྟེ། རྒྱལ་སྲུང་ཚན་རྩལ་གསར་གཏོད་མགྱོགས་པོ་བྱ་རྒྱུ་དང་། ཁོངས་གསར་རྣམ་གསར་གྱི་དམག་འཐབ་སྟོབས་ཤུགས་འཕེལ་རྒྱས་གཏོང་རྒྱུ། ཅུན་ཧྲིའི་ལམ་ལུགས་གསར་གཏོད་བྱ་རྒྱུ། ཤེས་ལྡན་མི་སྣའི་ལས་དོན་གསར་གཏོད་བྱ་རྒྱུ། རང་རེའི་དམག་དཔུང་འཛུགས་སྐྱོང་གི་ལོ་འཁོར་འཆར་གཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ། རང་དམག་གི་རྒྱུ་ནོར་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གནད་དོན་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
        འཐུས་མི་རྣམ་པའི་གཏམ་བཤད་ནན་ཏན་གྱིས་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་འདས་ཟིན་པའི་ལོ་གཅིག་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པ་དང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམས་ནད་ལ་འགོག་རྒོལ་ཤུགས་ཆེན་བྱས་པ་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་བརྒྱབ་པ། སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ། འཆར་འགོད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་བཅས་ལས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་2020ལོའི་དམིགས་ཚད་དང་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་བྱུང་ཡོད།
        ཞི་ཅིན་ཕིང་གིས་འཆར་འགོད་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་འགོ་ཚུགས་གོམ་པ་ཡག་པོ་སྤོ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཆོད་སེམས་དང་དགོངས་པར་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་། དམག་དཔུང་བཙུགས་ནས་ལོ་ངོ་100འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམ་པོར་དམིགས་པ། རང་རེའི་དམག་དཔུང་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཀོད་ཇུས་ལ་དམ་པོར་གཞིགས་ནས་ལས་དོན་ཇུས་འགོད་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས། དམག་འཐབ་ཀྱིས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམག་འཐབ་དང་འཛུགས་སྐྱོང་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཐབ་ཇུས་རང་བཞིན་དང་། ཁྲིད་སྟོན་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་འདུ་འགོད་གལ་ཆེན་ལ་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཟིལ་ཤུགས་དང་མཉམ་འབྲེལ་དམག་འཐབ་ཀྱི་མ་ལག་སྐྲུན་མགྱོགས་སུ་གཏོང་དགོས། འགན་འཁྲིའི་བསམ་པ་དང་། དགོས་གཏུག་གི་བསམ་པ། རང་འགུལ་རང་བཞིན་བཅས་ཆེ་རུ་བཏང་སྟེ། རང་རེའི་དམག་དཔུང་འཛུགས་སྐྱོང་གི་ལོ་འཁོར་འཆར་གཞིའི་ནང་བཀོད་སྒྲིག་བྱས་པའི་ལས་དོན་ཁག་སྔ་སྣུར་དུ་སྒྲུབ་པ་དང་དམ་འཛིན་ལྷོད་མེད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ནས་ཕན་འབྲས་སྔ་ཙམ་ཐོན་པའི་འགན་ལེན་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ནུས་ལྡན་ཐོག་ནས་ཚན་རྩལ་རང་ཚུགས་རང་འཕེལ་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། རང་རེའི་དམག་དཔུང་འཛུགས་སྐྱོང་འཐབ་ཇུས་ལ་ཐོན་པའི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་དམ་པོར་བསྙེགས་ཏེ། རྒྱལ་སྲུང་ཚན་རྩལ་གསར་གཏོད་ཀྱི་བཀོད་པ་དང་ཁོར་ཡུག་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཕྱོགས་ཁག་གི་ལེགས་ཆ་ལྡན་པའི་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱས་ནས་རྒྱལ་སྲུང་ཚན་རྩལ་གྱི་གསར་གཏོད་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལྟར་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྒྱུར་བཅོས་ཀྱི་ཕན་ནུས་རྒྱུན་ཆད་མེད་པར་ཐོན་པ་བྱེད་དགོས། གསར་གཏོད་ཀྱི་གཞི་རྩ་དེ་ཤེས་ལྡན་མི་སྣར་ཐུག་ཡོད། དེས་ན་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། བསམ་ཕྱོགས་དང་འདུ་ཤེས་གསར་གཏོད་བྱེད་པ། དངོས་སྒྲུབ་ཀྱི་བྱེད་ཐབས་འདོན་པ་བཅས་བྱས་ཏེ། རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་དེ་མདུན་ཕྱོགས་སུ་གོམ་པ་ཆེན་པོ་གང་སྤོ་རྒྱུར་སྐུལ་འདེད་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་ཇུས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་རིགས་པས་ཁུངས་སྐྱེལ་བྱེད་ཐབས་དང་རྣམ་གྲངས་འཛུགས་པའི་མཆན་འགོད་བརྒྱུད་རིམ་ལེགས་སུ་གཏོང་བ། རྣམ་གྲངས་གལ་ཆེ་རིགས་སྤྱི་འདོམས་དང་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། འཆར་འགོད་འཆར་གཞིའི་དབང་གྲགས་རང་བཞིན་དང་ལག་ལེན་བསྟར་ནུས་ཆེ་རུ་གཏོང་བ་དང་། འགན་འཁྲིའི་མ་ལག་དང་། དུས་ཀྱི་མཚམས་ཚིགས། སྤུས་ཚད་ཀྱི་ཚད་གཞི་བཅས་ནན་དུ་བཏང་ཐོག ཚོད་སྐོར་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འཆར་འགོད་ལས་འགན་ནུས་ཕྱོད་མཐོ་པོའི་སྒོ་ནས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་དགོས། རང་རེའི་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱུ་ནོར་གང་འགབ་ཅི་སྤྱོད་དང་བེད་སྤྱོད་ཡག་པོ་བྱས་ནས་བེད་སྤྱོད་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྲག་ཏུ་འཁུར་བའི་རྒྱལ་སྲུང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་འགན་འཁྲི་ལེགས་པར་སྒྲུབ་དགོས། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ཐོག དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་སྟོབས་ཆེ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ནུས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
        མཇུག་ཏུ་ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་བདེ་འཇགས་དུས་བབ་ལ་བརྟན་པོ་མེད་པའི་རང་བཞིན་དང་ངེས་མེད་རང་བཞིན་ཅུང་ཆེ་བས། དམག་ཡོངས་ཀྱིས་འཛུགས་སྐྱོང་དང་དམག་གྲབས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ་དང་། འཕྲལ་མར་རིགས་ཁག་གི་རྙོག་འཛིང་ཆེ་ལ་དཀའ་ངལ་ཆེ་བའི་གནས་བབ་ལ་དུས་ཐོག་ཏུ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཕུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1