ནེའུ་ཙེ་ལན་གྱི་ཁི་ལའེ་སི་ཐི་ཁྲེ་ཆི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ལོ་ངོ་གཉིས་འགོར་བའི་རྗེས་དྲན་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-15




འདི་ནི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ནེའུ་ཙེ་ལན་གྱི་ཁི་ལའེ་སི་ཐི་ཁྲེ་ཆི་ནས་པར་བླངས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ལོ་ངོ་གཉིས་འགོར་བའི་རྗེས་དྲན་བྱ་འགུལ་གྱི་ཡུལ་དངོས་རྣམ་པ་རེད། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེའུ་ཙེ་ལན་གྱི་ཁི་ལའེ་སི་ཐི་ཁྲེ་ཆི་ནས་ཚེས་བཅུ་གསུམ་ཉིན་རྗེས་དྲན་བྱ་འགུལ་སྤེལ་ཏེ། ལོ་གཉིས་ཀྱི་སྔོན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས་པ་དང་། འཁོན་སེམས་དང་ཁ་བྲལ་དང་ལེན་བྱེད་མི་རུང་བའི་འབོད་སྐུལ་བཏང་། 
        ང་ཚོ་མཉམ་དུ་ཡོད་ཅེས་པའི་རྗེས་དྲན་མཛད་སྒོའི་སྟེང་། འདས་པོའི་ཁྱིམ་མིས་མིག་ཆུ་བཞུར་བཞིན་འདས་པོའི་རུས་མིང་སྒྲོག་འདོན་བྱས་པ་དང་། ཡུལ་དངོས་ཀྱི་བརྙན་རིས་ངོས་སུ་འདས་པོའི་འདྲ་པར་འཆར་བ་རེད། དེི་རྗེས་སུ་ཚོགས་ར་ཧྲིལ་བོས་སྐར་མ་གཅིག་རིང་མྱ་ངན་ཞུས། 
        ནེའུ་ཙེ་ལན་གྱི་ཙུང་ལི་ཨ་ཏི་ཨིན་གྱིས་མཛད་སྒོའི་སྟེང་བཤད་རྒྱུར། འཇིགས་སྐུལ་འཇབ་རྒོལ་གྱིས་མི་སེམས་དུམ་བུར་བཟོས་ཀྱང་། ནེའུ་ཙེ་ལན་དེ་བཟོད་སྒོམ་རང་བཞིན་དང་སྣ་མང་རང་བཞིན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ཡོད། ཁི་ལའེ་སི་ཐི་ཁྲེ་ཆི་གྲོང་ཁྱེར་གྱི་ཧྲི་ཀྲང་ཏཱ་ཨར་ཆི་ཨར་གྱིས་གཏམ་བཤད་སྤེལ་སྐབས་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་འཁོན་སེམས་དང་ཁ་བྲལ་དང་ལེན་བྱེད་མི་རུང་བའི་འབོད་སྐུལ་བཏང་། 
        ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཕ་ཡུལ་ཨོ་སི་ཁྲུ་རི་ཡཱ་ནས་ཡིན་པའི་སྐྱེས་པ་པུའུ་ལོན་ཏོན་ཐཱ་ལན་ཐི་སྔ་གཞུག་ཏུ་ནེའུ་ཙེ་ལན་གྱི་གླིང་ཕྲན་ལྷོ་མའི་ཁི་ལའེ་སི་ཐི་ཁྲེ་ཆི་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་གཉིས་ལ་སོང་ནས་མེ་མདས་བརྒྱབ་སྟེ། མི་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག དེ་ནི་ནེའུ་ཙེ་ལན་གྱི་ལོ་རྒྱུས་སྟེང་ཆེས་ཡ་ང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད། ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་པུའུ་ལོན་ཏོན་ཐཱ་ལན་ཐི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1