འབར་མའི་ཡན་ཀོང་ས་ཁུལ་དུ་དམག་དོན་ཚོད་འཛིན་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 03-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཡན་ཀོང་ལེ་ད་ཡ་དང་རུའེ་པི་ཏ་གྲོང་རྡལ་གཉིས་ཀྱི་བཟོ་གྲྭ་འགའ་ལ་མེ་སྐྱོན་བྱུང་ཞིང་། མེ་གསོད་རུ་མི་ཡུལ་དངོས་སུ་སླེབས་སྐབས་མེ་གཏོང་མཁན་གྱིས་བཀག་འགོག་བྱས། ཕན་ནུས་ལྡན་པའི་སྒོ་ནས་གཏན་འཇགས་དང་ཁྲིམས་སྐྱོང་ལ་སྲུང་སྐྱོང་བྱ་ཆེད་ས་ཁུལ་འདི་གཉིས་ལ་དམག་དོན་ཚོད་འཛིན་བྱ་རྒྱུ་དང་། ཡན་ཀོང་ས་ཁུལ་གྱི་དམག་དོན་དཔོན་པོས་སྲིད་འཛིན་དང་ཁྲིམས་འཛིན་དབང་ཆ་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས།
        ན་ནིང་གི་ཟླ11པར་འབར་མ་རྒྱལ་ཁབ་ཀྱིས་མནའ་འབྲེལ་གྲོས་ཚོགས་ཀྱི་འདེམས་བསྐོའི་ཁྲོད་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ལ་འདེམས་ཤོག་ཕྱེད་ཀ་ཡན་གྱི་རྒྱབ་སྐྱོར་ཐོབ་སྟབས་འབར་མའི་དམག་ཕྱོགས་དང་དམངས་གཙོ་མནའ་འབྲེལ་བར་འདེམས་བསྐོ་ཐད་འགལ་བ་བྱུང་ཞིང་། དམག་ཕྱོགས་ཀྱིས་ཐེངས་འདིའི་འདེམས་བསྐོ་ལ་གཡོ་སྒྱུ་རྫུན་བཟོ་བྱས་ཡོད་པས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བརྟག་བཤེར་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད་སྐབས་གསར་བའི་མནའ་འབྲེལ་གྲོས་ཚོགས་ཕྱིར་སྣུར་བྱ་རྒྱུའི་རེ་བ་བཏོན།
        ད་ལོའི་ཟླ2པའི་ཚེས1ཉིན་གྱི་ནམ་ལངས་ཁར་འབར་མའི་ཙུང་ཐུང་ཝུན་མིན་དང་རྒྱལ་སྲིད་རོགས་སྐྱོང་བ་ཨང་ཧྲན་སུའུ་ཅི། དམངས་གཙོ་མནའ་འབྲེལ་ཚོགས་པའི་མཐོ་རིམ་མགོ་དཔོན་བཅས་དམག་ཕྱོགས་ཀྱིས་བཀག་ཉར་བྱས། དེ་རྗེས་འབར་མའི་དམག་ཕྱོགས་ཀྱིས་དུས་ཡུན་ལོ་གཅིག་གི་ཛ་དྲག་རྣམ་པ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཀྱི་དབང་ཆ་ཆ་ཚང་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་མིན་ཨང་ལེ་ལ་སྤྲད་པ་དང་། ཟླ2པའི་ཚེས2ཉིན་འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་མིན་ཨང་ལེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1