བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོས་ལཱ་ཐའོ་ཝེ་ཡཱ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཆུ་ཤེལ་མདའ་མོ་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-17



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོས་ཚེས་བཅོ་ལྔ་ཉིན་ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཅཱ་ཉེ་འདབས་ཀྱི་ཨ་ཏཱ་རི་དམག་དོན་རྟེན་གཞི་ནས་ཚབ་མིང་ལ་ཉིས་སྟོང་ཉེར་གཅིག་ལོའི་ཆུ་ཤེལ་མདའ་མོ་ཞེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས། 
        ལཱ་ཐའོ་ཝེ་ཡཱའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་སེ་ཁི་ཝེ་ཆི་ནཱ་ཡིས་ཉིན་དེར་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཚེས་ཉེར་དྲུག་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཐུན་མོང་འགོག་སྲུང་དང་དཔུང་འཇུག་འགུལ་སྐྱོད་ལག་བསྟར་བྱེད་སྐབས་ཀྱི་མཉམ་ལས་དང་མཐུན་སྦྱོར་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་རེད། ལཱ་ཐའོ་ཝེ་ཡཱ་དང་ཁཱ་ནཱ་ཏཱ། ཨ་མེ་རི་ཁ། འཇར་མན། སི་ཕན། དབྱི་ཐཱ་ལེ། ཕོ་ལན་སོགས་རྒྱལ་ཁབ་བཅུ་གསུམ་གྱི་དམག་མི་སྟོང་གཅིག་དང་བདུན་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 
        ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་དེར་ཁཱ་ནཱ་ཏཱ་ཡིས་མགོ་ཁྲིད་བྱས་ཡོད་པ་དང་། དམག་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་གྲུབ་ཡོད། བྱང་ཆིངས་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ཆུ་ཤེལ་མདའ་མོ་ཞེས་པའི་དམག་དོན་འགུལ་སྐྱོད་དེ་ཉིས་སྟོང་ཉི་ཤུའི་ལོ་ནས་སྤེལ་མགོ་བརྩམས་པ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1