འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་ཨ་སི་ལེ་ཁང་པྲོག་གསར་འགོག་སྨན་བེད་སྤྱོད་བྱེད་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-19


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། རྒྱལ་ཁབ་མང་བོས་སྔོན་འགོག་བྱེད་ཐབས་སུ་ཨ་སི་ལེ་ཁང་པྲོག་གསར་འགོག་སྨན་བེད་སྤྱོད་བྱེད་མཚམས་བཞག་ཀྱང་། འགོག་སྨན་དེའི་རིམས་འགོག་ནུས་པ་དེ་མི་མངོན་པའི་ཉེན་ཁ་ལས་ཆེ་སྟབས། མུ་མཐུད་དུ་འགོག་སྨན་དེ་བརྒྱག་པའི་གྲོས་གཞི་བཏོན་པ་ཡིན་ཟེར། 
        འགོག་སྨན་བརྒྱབ་རྗེས་ཁྲག་འགག་གི་ཉེན་ཁ་འབྱུང་བར་སེམས་ཁུར་བྱེད་པའི་དབང་གིས་འཇར་མན་དང་ཧྥ་རན་སི། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་ཨ་སི་ལེ་ཁང་སྨན་རྫས་ཀུང་ཟི་དང་ཉིག་ཅིན་སློབ་ཆེན་གྱིས་མཉམ་འབྲེལ་གྱིས་གསར་སྤེལ་བྱས་པའི་པྲོག་གསར་འགོག་སྨན་བེད་སྤྱོད་བྱེད་མཚམས་བཞག་ཡོད། 
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། པྲོག་གསར་འགོག་སྨན་བརྒྱབ་ན་རྒྱུ་རྐྱེན་གཞན་པ་ལས་བྱུང་བའི་ནད་ཡམས་ཀྱི་ཤི་ཚད་ཇེ་ཉུང་དུ་གཏོང་མི་སྲིད། གཞི་རྒྱ་ཆེ་བའི་འགོག་སྨན་བརྒྱག་པའི་བྱ་འགུལ་ཁྲོད། འགོག་སྨན་བརྒྱབ་རྗེས་འབྱུང་སྲིད་པའི་མི་མངོན་པའི་ཉེན་ཁར་འཛེམ་དོགས་བྱེད་པ་ནི་རྒྱལ་ཁབ་སོ་སོའི་རྒྱུན་སྲོལ་ཡིན་ཀྱང་། འབྲེལ་ཡོད་དོན་རྐྱེན་དེ་འགོག་སྨན་བརྒྱབ་པ་དང་འབྲེལ་བ་ཡོད་པའི་ངེས་པ་གཏན་ནས་མེད། དོན་རྐྱེན་དེ་དག་ལ་རྟོག་དཔྱོད་བྱེད་པ་ནི་མི་ལེགས་པའི་བྱེད་ཐབས་ཤིག་རེད། དེ་ལས་ཀྱང་ལྟ་ཞིབ་མ་ལག་ནུས་ལྡན་ཡིན་པ་དང་ཕན་ནུས་ལྡན་པའི་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པ་བཟང་བ་གསལ་བཤད་བྱེད་ཐུབ་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཛམ་གླིང་ཡོངས་ཀྱི་འགོག་སྨན་བདེ་འཇགས་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་ཨ་སི་ལེ་ཁང་པྲོག་གསར་འགོག་སྨན་གྱི་བདེ་འཇགས་གཞི་གྲངས་གསར་བར་དཔྱད་འཇོག་བྱེད་བཞིན་ཡོད་པ་དང་། ཞོར་དུ་ཡོ་རོབ་གླིང་གི་སྨན་རྫས་དོ་དམ་ཅུའུ་དང་འཛམ་གླིང་ཡོངས་ཀྱི་ལྟ་རྟོག་དོ་དམ་ལས་ཁུངས་གཞན་པའི་བར་འབྲེལ་འདྲིས་བྱས་ཏེ། བདེ་འཇགས་བརྡ་འཕྲིན་གསར་བར་རྒྱུས་ལོན་བྱེད་བཞིན་ཡོད། དཔྱད་འཇོག་བྱ་བ་ཡོངས་འགྲུབ་བྱས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཇུག་འབྲས་ཀུན་ལ་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1