རོང་བྲག་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-24


        ཉེ་ཆར་རོང་བྲག་རྫོང་གིས་ཞིང་ཆེན་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ལྟར་དུས་མཚམས་ཀྱི་ལས་འགན་གཙོ་གནད་ལ་དམ་པོར་དམིགས་ནས་ཇུས་འགོད་ནན་ཏན་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད།
        ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད།རོང་བྲག་རྫོང་གིས་རྫོང་ཨུའི་ཧྲུའུ་ཅིས་ཚོ་དཔོན་བྱས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་ཁྲིད་ཚོ་ཆུང་བཙུགས་ནས་རྫོང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཁྱོན་ཡོངས་ནས་སྤྱི་འདོམས་བྱས་ཤིང་། རྫོང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཙུགས་པ་དང་། སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང5བཙུགས་ནས་རིམ་བཞིའི་བརྟག་ཞིབ་པ10ཡིས་ཚོ་དཔོན་དང་ཚོ་དཔོན་གཞོན་པའི་འགན་འཁུར་ནས་སྡེ་ཚན་ཁག་དང་ཡུལ་ཤོག(གྲོང་རྡལ)ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རྫོང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པ་བཅས་ཀྱིས་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
        རྫོང་དེས་ལས་ཀའི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ་གཏན་འབེབས་བྱ་སྤྱོད་འགན་ལེན་དང་རང་འདེམས་བྱ་སྤྱོད་མངོན་གསལ་དོད་པོ་ཡོང་བ་བྱེད་པའི་བསམ་ཕྱོགས་གཞིར་བཟུང་ནས《ཀྲུང་གུང་རོང་བྲག་རྫོང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་།ཕྱོགས8ཐད་ཀྱི་གཙོ་གནད་སློབ་སྦྱོང་ནང་དོན་དང་ཕྱོགས5ཐད་ཀྱི་ཞིབ་ཕྲའི་ལས་འགན16གཏན་འཁེལ་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་བཀོད་སྒྲིག་བྱས་ཡོད་ཅིང་།ལྷག་པར་དུ་དམངས་གཉེར་ཁེ་ལས་ཀྱི་ཏང་ཡོན་ལ་དམིགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད། མཉམ་འཛུགས་ལས་སྟེགས་དང་ཁོར་ཡུག་བཟང་པོ་བསྐྲུན་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏན་འབེབས་བྱས། ཁེ་ལས་ཀྱི་ཞབས་ཞུ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་རྫོང་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱི་ཏང་རྩ་འཛུགས་བར་ཆ་སྒྲིག་མཉམ་སྐྲུན་བྱས་པ་དང་།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་མཉམ་སྐྲུན་བྱས་པར་བརྒྱུད་ཁེ་ལས་འཕེལ་རྒྱས་ཀྱི་མངོན་མེད་ཁོར་ཡུག་ལེགས་སུ་བཏང་བ་དང་།ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ།དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
        རྫོང་དེའི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་མགོ་ཚུགས་པའི་སློབ་ཚན་དང་པོ་བརྒྱུད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསུམ་བརྒྱད་བུད་མེད་དུས་ཆེན་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་ནས་ལག་བསྟར་དོན་འཁྱོལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད།རྫོང་དེའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གུང་ཁྲན་ཏང་ཡོན་དྲ་བ-ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ལེ་ཚན་བརྒྱུད་ནས་སློབ་སྦྱོང་གི་དཔྱད་ཡིག་འཚོལ་བསྡུ་དང་ཀློག་བཤེར་བྱས་པ་དང་།དྲྭ་ཐོག་ནས་སློབ་སྦྱོང་ཧུར་ཐག་བྱས་པར་མ་ཟད།ཀྲུང་དབྱང་གིས་དམིགས་འཛུགས་བྱས་པའི་སློབ་སྦྱོང་དཔྱད་ཡིག་མངགས་ཉོ་བྱས་པ་བརྒྱུད་དྲྭ་ཕྱི་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1