བོད་ཀྱི་སྲོལ་རྒྱུན་སྙན་གཞུང་ལས་དཔེ་དཔེ་ཅན་འགོད་ཚུལ་གྱི་ རིག་པ་དང་དེའི་དབྱེ་བ་རོབ་ཙམ་གླེང་བ།

སངས་ལོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] རྩོམ་འདིའི་ནང་བོད་ཀྱི་སྲོལ་རྒྱུན་སྙན་གཞུང་གི་དཔེ་རྒྱན་སོ་གཉིས་ཀྱི་དཔེ་དཔེ་ཅན་འགོད་ཚུལ་ལ་བལྟས་ནས། དཔེ་དཔེ་ཅན་བར་འབྲེལ་བ་ཅི་འདྲ་ཡོད་པ་དང་། འབྲེལ་བ་གྲུབ་པ་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གང་དག་ཡོད་པ། དེ་བཞིན་དུ་ཕྱིའི་འབྲེལ་བ་གྲུབ་པར་ནང་གི་རིག་པའམ་གཏན་ཚིགས་ག་འདྲ་ཡོད་པ། གཞན་ཡང་གཙོ་བོར་དཔེར་དགོད་བྱ་འགོད་བྱེད་ཀྱི་རང་བཞིན་ཐ་དད་པའི་ཆ་ནས་དང་ཁྱད་ཆོས་དང་བྱ་བྱེད་ཀྱི་ཆ་འདྲ་བ་གཉིས་ནས་དབྱེ་བ་དང་རིགས་བཀར་ཅིང་། གཞན་ཡང་དཔེ་སྦྱོར་ཚུལ་དང་དཔེའི་མང་ཉུང་གི་ཐད་ནས་ཀྱང་རང་བློས་ནུས་ཚོད་ཀྱིས་དཔྱད་པ་གཏོང་ཁུལ་ཙམ་བྱས་ཡོད་དོ། །
[གནད་ཚིག] དཔེ། དཔེ་ཅན། རིག་པ། དབྱེ་བ།
དེ་ཡང་ཤོང་ལོ་ཆེན་པོས་སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་རྗེས། བོད་ཀྱི་མཁས་ཆེན་དམ་པ་རིམ་པར་བྱོན་ནས་དེ་ལ་འགྲེལ་བ་དང་ཡང་འགྲེལ་མཐའ་ཡས་པ་མཛད་དེ། བོད་ལ་སྙན་གཞུང་མེད་པའི་ལོ་རྒྱུས་ཀྱི་མཇུག་གྲིལ། རྗེས་རབས་བོད་ཀྱི་སྙན་ངག་པ་ཚོས་སྙན་རྩོམ་འབྲི་བའི་གཞི་འཛིན་སར་གྱུར། འདིར་བཤད་པའི་སྙན་ངག་ཅེས་པ་ནི་སྙན་རྩོམ་ལ་མི་གོ་བར་ཚིག་རྒྱན་ལ་གོ་དགོས་ཏེ། གཞུང་ཧྲིལ་བོ་དོན་རྒྱན་དང་སྒྲ་རྒྱན། གབ་ཚིག་གི་རྒྱན་གསུམ་དུ་བསྡུས་ཡོད། རྒྱན་ཞེས་པ་ནི་སྐྱེས་བུའི་ལུས་མཛེས་པར་བྱེད་པའི་རྒྱན་ཆ་དང་འདྲ་བར་སྐྱེས་བུའི་ངག་གི་སྦྱོར་བ་རྣམས་ནང་གི་དོན་དང་ཕྱི་ཡི་སྒྲ། ཕྱི་ནང་གཉིས་ཀའི་ཆ་དང་ལྡན་པའི་གབ་ཚིག་གི་རྒྱན་གྱིས་སྤུད་ནས་སྐད་ཆའི་སྒྱུ་རྩལ་གྱི་རྩལ་ཆེས་ཆེར་འདོན་པ་ཡིན། རྒྱ་གར་དང་བོད་ལ་མཚོན་ན་རང་བྱུང་ཁོར་ཡུག་དང་མི་ཆོས་རིག་གནས། སྐད་ཆའི་བརྡ་སྤྲོད། མཛེས་དཔྱོད་ཀྱི་ལྟ་བ་འཛིན་སྟངས་ལ་སོགས་པའི་ཐད་ནས་ཁྱད་པར་ཡོད་མོད། འོན་ཀྱང་འགྲོ་བ་མིའི་བསམ་བློའི་འཁྱེར་སོ་དང་སྐད་ཆ་བཤད་པའི་རིག་ལམ། འཚོ་བའི་ཉམས་མྱོང་ལ་སོགས་པའི་ཐད་དུ་གཅིག་མཐུན་གྱི་ཆ་མང་བས། འདི་ལ་བརྟག་ཅིང་དཔྱད་ན། སྙན་ངག་མེ་ལོང་མར་འཁོད་པའི་ཐུན་མོང་གི་རྒྱན་མང་པོ་ཞིག་བོད་རང་གི་དམངས་ཕལ་བ་དག་གི་དུས་རྒྱུན་གྱི་གླུ་དང་ཤགས། གཏམ་དཔེ། ལ་གཞས་སོགས་ཀྱི་ཁྲོད་དང་། ལྷག་པར་དུ་ཁ་བརྡ་གླེང་མོལ་སོགས་ཀྱི་ཁྲོད་དུའང་རྒྱུན་པར་བཀོལ་སྤྱོད་བྱེད་བཞིན་མཆིས། འདིས་ནི་མི་རིགས་མི་འདྲ་རུང་བསམ་བློའི་འཁྱེར་སོ་དང་ངག་གི་བརྡ་སྤྲོད་ལུགས་ཐད་དུ་འགྲོ་བ་མིའི་རིགས་ལ་གཅིག་མཐུན་གྱི་འབྲེལ་བ་ལྡན་པ་ར་འཕྲོད་ཡོད། དེ་ན་གོང་དུ་སྨྲས་པ་བཞིན་སྙན་གཞུང་ལ་འགྲེལ་བ་དང་ཡང་འགྲེལ་དུས་ད་ལྟའི་བར་འབྱུང་བཞིན་ཡོད་མོད། འོན་ཀྱང་དེའི་ནང་གི་དོན་བྱེ་བྲག་པ་དམིགས་སུ་བཟུང་ནས་བློ་ཞིབ་མོས་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་བས། བདག་གིས་བསམ་པར་སློབ་མར་སློབ་ཁྲིད་བྱེད་དུས་གནད་འདི་དམིགས་སུ་བཀར་ནས་བཤད་ན། སློབ་མ་རྣམས་ཚིག་རྒྱན་རིག་པར་སྤྲོ་བ་ཆེས་ཆེར་འབྱུང་བར་སྙམ་ནས། གཤམ་གྱི་རྩོམ་ཐུང་འདི་འབྲི་ཁུལ་བྱས་པ་ལགས།

དང་པོ། དཔེ་དཔེ་ཅན་བར་གྱི་འབྲེལ་བ་དང་འབྲེལ་བ་འབྱུང་བར་ཚང་དགོས་པའི་ཆ་རྐྱེན་བཤད་པ།

དེ་ལ་དང་པོའི་ནང་གསེས་དཔེ་དཔེ་ཅན་བར་གྱི་འབྲེལ་བ་བཤད་པ་ལ། སྙན་ངག་མཛེས་པར་བྱེད་པ་ཡི། །

ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །①ཅེས་པ་དང་།
གཙོ་བོར་དཔེ་དང་དཔེ་ཅན་གཉིས་ཐ་དད་པའི་ཚུལ་གྱིས་ཁྱད་གཞི་ཁྱད་ཆོས་སོགས་ཕན་ཚུན་འདྲ་མཚུངས་སུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་ལ་བརྟེན་ནས་གོ་བར་བྱེད་པའི་ངག་ལ་དཔེ་རྒྱན་ཟེར་རོ། །②ཞེས་པ་བཞིན། དཔེ་དང་དཔེ་ཅན་གཉིས་ཀྱི་བར་དུ་ཐ་དད་གཅིག་མཚུངས་ཀྱི་འབྲེལ་བ་ལྡན་པ་ཡིན་ཏེ། གཅིག་ནས་དཔེ་དཔེ་ཅན་བར་གྱི་འབྲེལ་བའི་ཐད་དུ་སྤྱིར་ན་དངོས་པོའི་ཆ་ནས་བཤད་ན་དཔེ་ཅན་དང་དཔེ་ནི་དངོས་པོ་ཐ་དད་པ་གཉིས་ཡིན་ཏེ། ཁྱོད་ཀྱི་གདོང་ནི་པདྨ་བཞིན། ། ཞེས་པ་ལྟར་གདོང་དང་པདྨ་གཉིས་ནི་ཕན་ཚུན་འབྲེལ་མེད་དུ་གནས་པ་ལྟ་བུའོ། །
གཉིས་ནས་དངོས་པོར་མཚོན་ན་ནང་གི་ཡོན་ཏན་དང་ཕྱིའི་ཁྱད་ཆོས་ངེས་ཅན་ལྡན་པས། དཔེ་དོན་གྱི་དངོས་པོ་གཉིས་ཁྱད་ཆོས་དང་ཡོན་ཏན་གྱི་ངོས་ནས་བསྡུར་ཚེ་དེ་གཉིས་ལ་ཐུན་མོང་གི་ཆ་མངའ་བ་ཡིན་ཏེ། ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ། ། ཞེས་པ་ལྟར་ན་ནེའུ་གསིང་དང་མཎྜལ་གཉིས་ནི་དངོས་པོ་ཐ་དད་པ་འབྲེལ་མེད་དུ་གནས་པ་ལྟ་བུ་ཡིན་མོད། འདི་གཉིས་ཀྱི་ཕྱིའི་ཁྱད་ཆོས་ཁ་དོག་ལ་ཐུན་མོང་གི་ཆ་ཁ་དོག་སྔོ་ཞེས་པ་ལྡན་པས། འབྲེལ་མེད་ཀྱི་དངོས་པོ་ཐ་དད་པ་གཉིས་གནས་སྐབས་སུ་ལྷན་དུ་སྦྱར་ནས། དགོད་བྱ་འགོད་བྱེད་དང་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་ལྟ་བུ་བྱུང་།
འབྲེལ་བ་འདིའི་ཁྲོད་ནས་དཔེ་ཅན་ནི་གང་བརྗོད་པར་བྱ་བ་དེ་ཡིན་ལ། དཔེ་ནི་བརྗོད་བྱ་དེ་ཉིད་ཀྱི་ཁྱད་ཆོས་སོགས་མངོན་སུམ་དང་གཟུགས་ཅན་གྱི་སྒོ་ནས་སྟོན་པ་ཡིན་ཏེ། དཔེ་ཅན་ནི་དམིགས་ཡུལ་དང་དཔེ་ནི་དེའི་ཐབས་སུ་འདུའོ། ། དེར་ནང་གསེས་གཉིས་པ་དཔེ་དཔེ་ཅན་ལ་དགོད་བྱ་འགོད་བྱེད་ཀྱི་འབྲེལ་བ་འབྱུང་བའི་ཆ་རྐྱེན་ལ། གཅིག་ནས་དཔེ་དཔེ་ཅན་དུ་བཀོད་པའི་དངོས་པོ་གཉིས་ཐ་དད་གཅིག་མཐུན་ཡིན་དགོས་པ་དང་།
གཉིས་ནས་དཔེ་དེ་ལ་དཔེ་ཅན་གྱི་ཁྱད་ཆོས་དང་ཡོན་ཏན་སོགས་མངོན་སུམ་མམ་གཟུགས་ཅན་བཞིན་དུ་སྟོན་པའི་ནུས་པ་ལྡན་པ། གསུམ་ནས་དཔེ་དེར་ཀུན་ལ་མིག་མཐོང་ལག་ཟིན་ཏུ་གྱུར་པ་དང་། དེའི་ཁྱད་ཆོས་སོགས་ཀུན་ལ་རྒྱུས་མངའ་ལྡན་ཞིང་མཛེས་དཔྱོད་ཀྱི་ལྟ་བ་དང་མཐུན་པ། ཀུན་གྱིས་ཁས་ལེན་པ། ཡོངས་སུ་གྲགས་པ། ཡང་ན་གཤིས་སུ་གྲུབ་པ་ལྟ་བུ་ཞིག་ཡིན་དགོས་སོ། །

གཉིས་པ། དཔེར་འགོད་པའི་རིག་པའམ་གཏན་ཚིགས་བཤད་པ།

དཔེ་ཅན་དཔེ་ལ་བརྟེན་ནས་སྟོན་པའི་རིག་པ་འདི་མི་རིགས་ཀུན་ལ་ཡོད་ཅིང་། འདིས་མི་རིགས་ཤིག་གི་སྐད་ཆ་དང་ངག་གི་སྒྱུ་རྩལ་འཕེལ་རྒྱས་ལ་ཤིན་ཏུ་སྨན་པའི་ནུས་པ་ཐོན་ཡོད། དེ་ལ་ང་ཚོའི་འཚོ་བའི་ནང་འབྱུང་བའི་དངོས་པོ་མཐའ་དག་ནི། ཐ་དད་པའི་ཚུལ་གྱིས་གནས་ཀྱང་དེ་ལ་ཕྱོགས་དང་ཟུར་མི་འདྲ་བ་ནས་ཞིབ་ཏུ་གཞིགས་ཤིང་གཤིབ་བསྡུར་བྱས་ཚེ་ཕན་ཚུན་ལ་གཅིག་མཐུན་ནམ་ཐུན་མོང་གི་ཆ་ཕྲན་བུ་འབྱུང་བ་མ་གཞིར་བྱས་ཏེ། ཆ་ཕྲན་བུ་དེས་དངོས་པོ་ཧྲིལ་བོའི་ཚབ་བྱས་ཏེ་དངོས་པོ་ཐ་དད་པ་གཉིས་ལ་གནས་སྐབས་སུ་ཁྱད་ཆོས་དང་ཡོན་ཏན། བྱེད་ལས་ཅི་རིགས་ཀྱི་སྒོ་ནས་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་སྦྱོར་བ་ཡིན། འབྲེལ་བ་སྦྱོར་བ་འདི་ཡང་བྱུང་རྒྱལ་བ་ཞིག་མ་ཡིན་པར་རང་བློའི་འཆར་ཡན་དང་འཕྲོ་འདུ་ལ་སོགས་པར་བརྟེན་ཅིང་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་རིན་ཐང་གི་ལྟ་ཚུལ། འཚོ་བའི་གོམས་གཤིས་ལ་སོགས་པར་གཞི་བཅོལ་ནས་གནས་སྐབས་ཀྱི་འབྲེལ་བ་འབྱུང་དུ་འཇུག་པ་ཡིན། དཔེར་ན། ངག་དབང་དབྱངས་ཅན་དགྱེས་པའི་ཞལ་གྱི་སྒོ། ། ཡིད་འོང་འཛུམ་པའི་དབུས་ནས་བཞི་བཅུའི་ཚེམས། ། ཚར་དུ་དངར་འདི་ཉི་འོད་ཀྱིས་ཁྱབ་པའི། ། གངས་ཀྱི་རི་བོ་ལྟ་བུར་དཀར་ཞིང་མཛེས། །③
ཞེས་པ་ལས། སྤྱིར་ན་དཔེ་ཅན་དབྱངས་ཅན་དང་དཔེ་གངས་རི་གཉིས་ནི་དངོས་པོ་ཐ་དད་པ་ཡིན་མོད། འོན་ཏེ། དབྱངས་ཅན་གྱི་ཚེམས་ཀྱི་ཁ་དོག་དཀར་པོ་ཡིན་པ་དང་གངས་རིའི་ཁ་དོག་ཀྱང་དཀར་པོ་ཡིན་པས། ཁ་དོག་གི་ཆ་ཕྲ་མོ་ནས་དངོས་པོ་ཐ་དད་པ་འདི་གཉིས་ལ་གཅིག་མཐུན་གྱི་ཆ་བྱུང་བས། དབྱངས་ཅན་དང་གངས་རི་གཉིས་ལ་གནས་སྐབས་སུ་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་གྲུབ་པ་ཡིན། འདི་འདྲའི་འབྲེལ་བ་བྱུང་བའང་མིའི་བསམ་བློའི་འཕྲོ་འདུ་ལ་རག་ལས་ཤིང་འཚོ་བའི་གོམས་གཤིས་དང་མཛེས་དཔྱོད་ཀྱི་ལེན་སྟངས་ལ་འབྲེལ་བ་དམ་པོ་གནས། འདིར་དབྱངས་ཅན་གྱི་ཚེམས་ཀྱི་དཔེ་ལ་གངས་རི་བཀོད་པའི་རྒྱུ་མཚན་ཡང་མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ཏུ་གངས་རི་མང་པ་དང་དེའི་ཁ་དོག་ནི་དཀར་པོ་དཀར་རྐྱང་ཡིན་པ་ཀུན་ལ་གསལ་ཆ་ལྡན་པས། སྙན་ངག་མཁན་པོའི་བློར་ཚེམས་ལ་དཔེ་ཞིག་དགོད་སྙམ་པའི་ཀུན་སློང་སྐྱེས་མ་ཐག་རང་གི་བསམ་བློའི་འཁྱེར་སོ་དང་མཛེས་དཔྱོད་ཀྱི་ལྟ་བ་སོགས་ཀྱི་རྒྱུ་ལས་གངས་རིའི་ཁ་དོག་གི་དོན་སྤྱི་ཙམ་ཡིད་ལ་འཆར་ནས་དེའི་དཔེར་བཀོད་པ་ན། ཀློག་མཁན་དག་ལའང་འདི་འདྲའི་གཅིག་མཐུན་གྱི་བློ་སྔོན་ཞིག་ནས་མ་གྲོས་རང་མཐུན་དུ་གནས་པས། དཔེ་དེ་ལ་བརྟེན་ནས་དོན་གྱི་རྣམ་པ་ཅི་རིགས་གསོན་ཉམས་གཟུགས་ཅན་བཞིན་དུ་མྱོང་ནུས་པ་ལགས། དེར་མཁས་པ་སྔ་མ་དག་ལ་རྒྱ་གར་གྱི་སྙན་རྩོམ་དང་སྙན་ངག་མེ་ལོང་མའི་རྩ་བའི་དཔེ་བརྗོད་སོགས་ཀྱིས་ཤུགས་རྐྱེན་ཐེབས་པས། པདྨ་དང་ཟླ་བ། རི་བོ་འབིགས་བྱེད། མ་ལ་ཡའི་ཙན་དན་ལ་སོགས་རྒྱ་གར་པའི་རང་བྱུང་ཁོར་ཡུག་དང་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་པའི་དངོས་པོ་དག་དཔེར་འགོད་པ་རྒྱུགས་ཆེ་བ་ཡིན་ཏེ། བུད་མེད་ཀྱི་ངོ་གདོང་ཡག་པའི་དཔེ་ལ་པདྨ་དང་ཟླ་བ་འགོད་པ། དངོས་པོ་བརྗིད་པའི་དཔེ་ལ་རི་བོ་འབིགས་བྱེད་འགོད་པ་སོགས་ནི་རྒྱ་གར་རིག་གནས་ཀྱིས་ཤན་ཞུགས་པས་ཡིན་ནོ། །

གོང་དུ་བརྗོད་པའི་སྙན་རྩོམ་ཁྲོད་ཀྱི་དཔེ་དཔེ་ཅན་གྱི་འབྲེལ་བ་སྦྱོར་སྟངས་ནི་ཐ་དད་གནས་སྐབས་ཀྱི་གཅིག་མཐུན་གྱི་འབྲེལ་བ་ཡིན། འོན་ཏེ། མིང་གི་སྦྱོར་ཚུལ་གྱི་ཐད་དུ་རིག་པ་འདི་བེད་སྤྱོད་དུས་ཐ་དད་རྒྱུན་པར་གྱི་གཅིག་མཐུན་གྱི་འབྲེལ་བ་ཡིན་ཏེ། དཔེར་ན། རྒྱའི“香蕉”ཞེས་པའི་མིང་འདིར་བོད་སྐད་དུ་དབྱིབས་འདྲ་བའི་ཆ་ནས་ངང་ལག་ཅེས་བརྗོད་པ་ན། དེ་ནི་ངང་ལག་དང་འདྲ་བའི་ཤིང་ཏོག་གི་དོན་ཡིན་པར། མཚོན་བྱ་དཔེ་ཅན་བསྡུས་ནས་དཔེ་ངང་ལག་ཁོ་ནས་དོན་བདེ་བླག་ཏུ་སྟོན་པ་ཡིན་ནོ། ། དེ་བས་ན་དཔེ་དོན་བར་གྱི་འབྲེལ་བ་འདི་ལའང་ཐ་དད་གནས་སྐབས་དང་ཐ་དད་རྒྱུན་པར་གྱི་འབྲེལ་བ་ཡོད་པ་དང་། གོང་མ་དེ་ཚིག་གི་ཁྱབ་ཁོངས་དང་ཞོལ་མ་དེ་མིང་གི་ཁྱབ་ཁོངས་སུ་ཡོད་པའི་གནད་འདི་ཡང་ངེས་པར་རྟོགས་དགོས་སོ། །

གསུམ་པ། དབྱེ་བ་འབྱེད་ལུགས།

དཔེ་དཔེ་ཅན་འགོད་ཚུལ་འདི་ལ་ཟུར་དང་སྣེ་མི་འདྲ་བ་ནས་དཔྱད་པ་བཏང་ཚེ་དབྱེ་བ་ཤིན་ཏུ་མང་བས། གཙོ་བོར་དཔེར་དགོད་བྱ་འགོད་བྱེད་ཀྱི་རང་བཞིན་ཐ་དད་པའི་ཆ་ནས་དང་ཁྱད་ཆོས་དང་བྱ་བྱེད་ཀྱི་ཆ་འདྲ་བ་གཉིས་ནས་གཙོ་བོར་འབྱེད་པའི་ཞོར་དུ་དཔེ་འགོད་པའི་ཚུལ་དང་དཔེའི་གྲངས་ཀའི་ཐད་ནས་ཀྱང་དབྱེ་བ་ཅུང་ཙམ་དགོད་རྒྱུའོ། །

གཅིག དགོད་བྱ་འགོད་བྱེད་ཀྱི་རང་བཞིན་ཐ་དད་པའི་ཆ་ནས་དབྱེ་ན་འདི་ལ་དངོས་པོའི་དཔེར་དངོས་པོ་འགོད་པ་དང་། དངོས་པོའི་དཔེར་དངོས་མིན་འགོད་པ། དངོས་མིན་གྱི་དཔེར་དངོས་མིན་འགོད་པ། དངོས་མིན་གྱི་དཔེར་དངོས་པོ་འགོད་པ་བཅས་རིགས་བཞི་ཡོད་པ་ལས།

(1)དངོས་པོའི་དཔེར་དངོས་པོ་བཀོད་པ།

དངོས་པོའི་དཔེར་དངོས་པོ་འགོད་པ་ནི་དཔེར་འགོད་སྟངས་ལས་ཅུང་རྒྱུགས་ཆེ་བ་ཞིག་ཡིན་ཏེ། དེ་ཡང་གོང་དུ་བརྗོད་པ་ནང་བཞིན་དཔེར་དགོད་བྱ་འགོད་བྱེད་ཀྱི་དངོས་པོ་གཉིས་སྤྱིར་ན་ཐ་དད་པ་ལྟ་བུར་གྱུར་མོད། འོན་ཀྱང་ཁྱད་ཆོས་དང་ནུས་པ་ཕྲ་མོའི་ཆ་ནས་ཐ་དད་པའི་དངོས་པོར་ཡང་མཚུངས་ཆོས་ཕྲན་བུ་འབྱུང་ཞིང་། དེ་ལ་མི་རྣམས་ཀྱིས་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དངོས་པོའི་སྟེང་ཕར་སྦྱར་བས་ཐ་དད་པའི་དངོས་པོ་གཉིས་ལ་དཔེ་དོན་གྱི་འབྲེལ་བ་གནས་སྐབས་པ་ཞིག་འབྱུང་བར་ངེས་པ་སྟེ། དཔེར་ན། སོར་མོའི་འདེགས་འཇོག་སྒྱུ་རྩལ་ལ་བརྟེན་ཅིང་། ། ཕྲ་རགས་རྒྱུད་མང་བརྡུངས་པའི་ཉེར་ལེན་ལས། ། སྙན་འཇེབས་སྒྲ་དབྱངས་སྒྲོགས་པའི་པི་ཝང་འདི། ། རླུང་འཕྲིན་འཁོར་ལོའི་མཐུན་དཔེར་ཅི་ལ་འོས། །④ཞེས་པ་འདི་ལས་དཔེ་ཅན་ནི་རླུང་འཕྲིན་འཁོར་ལོ་དང་དཔེ་ནི་པི་ཝང་ཡིན། འདི་གཉིས་ནི་དངོས་པོ་ཐ་དད་པ་གཉིས་ཡིན། ཕན་ཚུན་ལ་དཔེ་དོན་གྱི་འབྲེལ་བ་ཆགས་པའི་རྐྱེན་ནི་དངོས་པོ་ཐ་དད་པ་འདི་གཉིས་ཀ་ལས་སྒྲ་འབྱུང་བའི་ཁྱད་ཆོས་འདི་ཡིན་ནོ། ། གཞན་ཡང་། རྟ་ཕོ་ལ་ནི་མགྱོགས་འགྲོའི་མིང་གིས་འབོད། ། རླངས་འཁོར་ལ་ནི་མགྱོགས་འགྲོ་དོན་དང་ལྡན། ། དེ་ལྟའི་ཕྱིར་ན་གང་ཞིག་དམན་འགྱུར་ཞིང་། ། ཅིག་ཤོས་ལྷག་པའི་ཁྱད་པར་སུ་ཡིས་འབྱེད། །⑤ལྟ་བུའོ། །
དཔེ་འགོད་སྟངས་འདིའི་བྱེད་ནུས་གཙོ་བོ་ནི་དཔེ་ཅན་དངོས་པོ་དེའི་ཁྱད་ཆོས་སམ་ཡོན་ཏན་གང་དེར་དཔེ་ཀུན་ལ་རྒྱུས་མངའ་ཡོད་པའི་དངོས་པོ་ཞིག་བཀོད་པ་བརྒྱུད་ཀློག་མཁན་གྱིས་དཔེ་ཅན་དེའི་ཁྱད་ཆོས་དང་ཡོན་ཏན་དཔེའི་ཁྱད་ཆོས་ལ་བརྟེན་ནས་གསལ་ལྷང་ངེར་གོ་བར་བྱེད་པ་ཞིག་ཡིན་ནོ། །

(2)དངོས་པོའི་དཔེར་དངོས་མིན་བཀོད་པ།

དཔེ་ཅན་དངོས་པོ་ཞིག་གི་མཚོན་བྱེད་དུ་དཔེ་དངོས་པོ་མིན་པ་ཞིག་བཀོད་པ་སྟེ། དཔེ་ཅན་དངོས་པོ་དང་དཔེ་དངོས་མིན་གཉིས་ལ་ཁྱད་ཆོས་དང་བྱ་བྱེད་ལ་སོགས་པའི་ཆ་ནས་འདྲ་བའི་ཆ་ངེས་པར་དུ་ལྡན་པ་ཡིན། སྒེག་འཛུམ་ཉམས་ལྡན་ལུས་ཕྲའི་བཞིན་དཔལ་ལྟར། ། དཀར་གསལ་འདབ་སྟོང་བཞད་པའི་པད་མོ་མཛེས། ། འགྱུར་མེད་མཛའ་བ་རྒྱས་པའི་རྩེ་དགའི་སེམས། ། ཇི་བཞིན་སྦྲང་རྩའི་བཅུད་ཀྱི་གཏེར་བརྒྱ་འཛིན། །⑥ཞེས་པ་འདི་བཟློག་པའི་དཔེ་ཡིན་པ་ལ། ཚིག་རྐང་ཕྱེད་ཕྱི་མ་གཉིས་ལས་དཔེའི་ཚུལ་དུ་རྩེ་དགའི་སེམས་དང་དཔེ་ཅན་གྱི་ཚུལ་དུ་སྦྲང་རྩིའི་བཅུད་ཀྱི་གཏེར་བརྒྱ་འཛིན་པ་བཀོད་པས། རྩེ་དགའི་སེམས་ཇི་
བཞིན་གཏེར་བརྒྱ་འཛིན་ཞེས་བརྗོད་ཡོད་པ་ཡིན།
གཞན་ཡང་། རིགས་ཀུན་བསམ་པའི་ཚུལ་བཞིན་ཆུ་གཏེར་ནི། ། གཏིང་མཐའ་བྲལ་བའི་ཀློང་དུ་སྔོ་མེར་
འཁྱིལ། ། མཐུན་སྒྲིལ་ཆེན་པོའི་སེམས་བཞིན་རྒྱ་མཚོའི་
ཀླུང་། ། ནམ་ཡང་འགྱུར་མེད་རླན་གཤེར་རོ་གཅིག་
ཉིད། །⑦ ཅེས་པ་ལྟ་བུའོ། ། དཔེ་འགོད་སྟངས་འདིའི་
བྱེད་ནུས་གཙོ་བོ་ནི་ཕྱིའི་དངོས་པོ་བལྟོས་བཅས་འགྱུར་མེད་དུ་གནས་པའམ་ཡང་ན་སྲོག་མེད་བེམ་གཟུགས་ཀྱི་དངོས་པོ་དེར་སྲོག་གི་རྣམ་ཤེས་ལྟ་བུ་ཞུགས་སུ་བཅུག་པ་ཡིན།

(3)དངོས་མིན་གྱི་དཔེར་དངོས་མིན་བཀོད་པ།

འདི་དང་གོང་གི་དངོས་པོའི་དཔེར་དངོས་མིན་འགོད་པ་གཉིས་གཞན་གཉིས་དང་བསྡུར་ན་དེ་འདྲ་རྒྱུགས་མི་ཆེ། འོན་ཀྱང་འདི་གཉིས་ལའང་ཅིག་ཤོས་གཉིས་དང་མཚུངས་པར་སྐད་ཆའི་སྒྱུ་རྩལ་ལམ་སྐད་ཆའི་ཉམས་འདོན་བྱེད་མེད་དུ་མི་རུང་བ་ཅིག་ཡིན་པར་ཤེས་ནས་འདི་ལ་མུ་མཐུད་དུ་ཁ་སྣོན་ཇེ་རྒྱས་སུ་གཏང་རྒྱུ་ཤིན་ཏུ་གལ་ཆེ་སྙམ། དེ་ལ་དངོས་མིན་གྱི་དཔེར་དངོས་མིན་འགོད་པ་ནི་དངོས་པོ་བྱེ་བྲག་པ་མ་ཡིན་པའམ་ཡང་ན་དངོས་པོ་དང་དངོས་མིན་གྱི་ལྡན་མིན་འདུ་བྱེད་ཀྱི་ཆ་མཚུངས་པར་འདོད་ནས་དངོས་པོ་ཐ་དད་པ་གཉིས་ཆོས་མཚུངས་པའི་ཆ་ནས་གཅིག་ཏུ་སྦྱོར་བ་ཞིག་ཡིན་ཏེ། དཔེར་ན། ལུས་ཅན་མཛའ་བའི་མཐའ་ཀུན་མི་བརྟན་པར། ། མཚོན་ཕྱིར་གློག་གི་གྱ་གྱུས་སྙེམས་མ་བྱེད། ། ཟློས་གར་མཁན་པོའི་ལག་པའི་རྣམ་འགྱུར་ལའང་། ། གཡོ་བའི་ཆོས་དེ་ངེས་པར་མཐོང་ཕྱིར་རོ། །⑧
ཞེས་པ་ལས་དཔེ་ཅན་མི་དང་མིའི་བར་གྱི་མཛའ་བརྩེ་ནི་མིག་གིས་མི་མཐོང་སེམས་ཀྱིས་འཛིན་དགོས་པའི་དངོས་མིན་ཞིག་ཡིན་ལ། དཔེར་བཀོད་པའི་གློག་གི་གྱ་གྱུ་ནི་གློག་གི་བྱ་བྱེད་ཀྱི་རྒྱུན་ཞིག་དང་ཟློས་གར་མཁན་པོའི་ལག་པའི་རྣམ་འགྱུར་ཡང་དེའི་བྱ་བྱེད་ཀྱི་རྒྱུན་ཞིག་ཡིན་པས་དངོས་པོ་མ་ཡིན་པར་དངོས་མིན་ཡིན་པས། དངོས་མིན་གྱི་དཔེར་དངོས་མིན་བཀོད་པར་བརྟེན་ནས། དཔེ་ཅན་དངོས་མིན་མི་དང་མི་བར་གྱི་མཛའ་བརྩེ་འགྱུར་ལྡོག་ཅན་དེ་དཔེ་གློག་དང་ཟློས་གར་མཁན་པོའི་ལག་པའི་རྣམ་འགྱུར་དངོས་མིན་འགྱུར་བ་ཅན་བཀོད་ནས་ཀློག་པ་པོས་དཔེ་ཅན་གྱི་འགྱུར་བ་དེ་དཔེའི་འགྱུར་བ་ལ་བརྟེན་ནས་གོ་བ་ཞིག་ཡིན། གཞན་ཡང་།
དཔལ་མོའི་གླུ་དབྱངས་ཡུལ་གྱིས་རྣམ་པར་བསྐལ། །
དབྱར་སྐྱེས་རྔ་གསང་དུས་ཀྱིས་གཞན་དབང་གྱུར། ། དེ་དག་ཚོགས་ལས་ཚངས་སྲས་ལྷ་མོའི་གསུང་། ། མཚུངས་པ་ལས་ཀྱང་ཁྱད་པར་མང་དུ་མཆིས། །⑨ཞེས་པ་ལྟ་བུའོ། །

དེ་ལ་དཔེ་འགོད་སྟངས་འདིའི་བྱེད་ནུས་ནི་དཔེ་ཅན་དངོས་མིན་ཞིག་གི་ཁྱད་ཆོས་སམ་ཡོན་ཏན་དང་བྱ་བྱེད་ལ་སོགས་པ་དཔེ་དངོས་མིན་ཞིག་གི་ཁྱད་ཆོས་སོགས་ལ་བརྟེན་ནས་ཀློག་པ་པོའི་སེམས་ཀྱི་ཚོར་འདུ་སློང་བའམ་ཡང་ན་དཔེ་ཅན་དེ་ལ་གོ་ཚོར་སྔར་ལས་ལྷག་པ་ཞིག་བསྐྱེད་པར་ནུས་པའོ། །

(4)དངོས་མིན་གྱི་དཔེར་དངོས་པོ་བཀོད་པ།

དངོས་མིན་གྱི་དཔེར་དངོས་པོ་འགོད་པ་འདི་ཡང་སྲོལ་རྒྱུན་གྱི་སྙན་ངག་མཁན་པོ་ཚོས་རྒྱུན་པར་སྤྱོད་པ་ཞིག་ཡིན། དེ་ཡང་དངོས་མིན་ལ་མཚོན་ན་གཟུགས་ཅན་གྱི་དངོས་པོ་བཞིན་མིག་ལ་འཆར་རྒྱུ་མེད་པ་དང་དེའི་རང་བཞིན་དང་རྣམ་པའང་སྤྱི་བམ་ཙམ་ལས་མངོན་སུམ་དུ་ཇི་བཞིན་མིག་མཐོང་ལག་ཟིན་དང་དེའི་ཁྱད་ཆོས་ཀྱང་ཅི་འདྲ་བ་ཡིན་པ་སོགས་ཚད་ངེས་ཅན་གྱི་སྒོ་ནས་སྟོན་མི་ཐུབ་པས། གཟུགས་ཅན་གྱི་དངོས་པོ་གང་ཞིག་རང་དང་ཕྱོགས་ཕྲན་བུའི་སྒོ་ནས་ཆ་འདྲ་བ་ཡིན་ན། དེ་ཉིད་གནས་སྐབས་སུ་དཔེར་བཀོད་ཚེ་རང་གི་རང་བཞིན་དང་ཁྱད་ཆོས་སོགས་སྤྱི་བམ་ཙམ་ནས་བྱེ་བྲག་དང་དངོས་མིན་ནས་དངོས་ཡོད་དུ་འགྱུར་བ་ཡིན་ཏེ། དཔེར་ན། ཟབ་ཡངས་མཁྱེན་པའི་གཏེར་མངའ་ཁྱོད་ཀྱི་ཐུགས། ། མཐའ་བྲལ་འཆི་མེད་ལམ་གྱི་རང་བཞིན་དང་། ། རེ་ཞིག་མཚུངས་མོད་དེ་འདྲའི་དངོས་པོ་གཞན། ། གལ་ཏེ་མཆིས་
ན་དེ་ཡི་རྗེས་སུ་འགྲོ། །⑩ཞེས་པ་ལས་དཔེ་ཅན་ནི་ཐུགས་དང་དཔེ་ནི་ནམ་མཁའ། འདི་གཉིས་ཀྱི་མཚུངས་ཆོས་ནི་རྒྱ་ཆེ་ཞིང་མཐའ་དང་བྲལ་བ་ཡིན། ཐུགས་ལ་མཚོན་ན་དངོས་མིན་འདུ་ཤེས་ཀྱི་ཁོངས་སུ་འདུ་བས།
དེའི་ཁྱད་ཆོས་ཟབ་ཅིང་ཡངས་ཞེས་བརྗོད་ཀྱང་སྐྱེ་བོའི་བློ་ལ་དཔེ་གཞན་ཞིག་ལ་མ་བརྟེན་པར་མངོན་སུམ་གསལ་རྗེན་དུ་གསལ་བོར་སྣང་རྒྱུ་མེད་པས། དེའི་དཔེ་ལ་ནམ་མཁའ་དང་རྒྱ་མཚོ། ས་གཞི་ལྟ་བུ་བཀོད་ཚེ་ཀུན་གྱི་བློ་ངོར་འདི་དག་ནི་མཐའ་དང་བྲལ་བ་ཡིན་པ་མ་བགྲོས་རང་མཐུན་དུ་འབྱུང་བའོ། ། གཞན་ཡང་།
དབྱིག་འཛིན་རྡུལ་ཕྲན་གྲངས་དང་ཀུན་གསལ་མཐའ། ། བསྐལ་བའི་ཆར་རྒྱུན་ན་ཀྲའི་གྲོང་ཁྱེར་གཏིང་། ། གསེར་མངལ་ཅན་གྱི་བགྲང་ཡས་ལེགས་བྱས་ཀྱི། ། རྗེས་འགྲོ་རྣམ་འདྲེན་མཁྱེན་པའི་གཏིང་དཔག་དཀའ། ། དཔེ་འགོད་ཚུལ་འདིའི་བྱེད་ནུས་གཙོ་བོ་ནི་དཔེ་གཟུགས་ཅན་དངོས་པོ་མངོན་སུམ་པ་ཞིག་ལ་བརྟེན་ནས་དཔེ་ཅན་དངོས་མིན་གྱི་ཁྱད་ཆོས་གཟུགས་ཅན་བཞིན་དུ་ཀློག་མཁན་གྱི་བློའམ་མིག་ལ་འཆར་བར་བྱེད་པ་ཞིག་ཡིན་ནོ། །

གཉིས། དཔེར་དགོད་བྱ་འགོད་བྱེད་གཉིས་ཀྱི་ཁྱད་ཆོས་དང་བྱ་བྱེད་ཀྱི་ཆ་འདྲ་བ་སོགས་ནས་བརྩམས་ཏེ། གཙོ་ཆེར་ཁྱད་ཆོས་དང་ཡོན་ཏན། བྱ་བ་གསུམ་གྱི་སྒོ་ནས་དབྱེ་ན།

1.ཁྱད་ཆོས་འདྲ་བ། ཐ་དད་པའི་དངོས་པོ་གཉིས་ཀྱི་ཕྱིའི་ཁ་དོག་དང་གཟུགས་དབྱིབས། རྣམ་པ་སོགས་འདྲ་བའི་ཆ་ནས་དཔེ་དཔེ་ཅན་དུ་བཀོད་པ་ཞིག་ཡིན་ཏེ།

(1)ཁ་དོག་འདྲ་བ། ཐ་དད་པའི་དངོས་པོ་གཉིས་ལ་ཁ་དོག་གི་ཆ་ནས་འདྲ་བའི་ཆ་ལྡན་པས། དཔེ་དཔེ་ཅན་གྱི་དངོས་པོ་གཉིས་ལ་གནས་སྐབས་སུ་དགོད་བྱ་འགོད་བྱེད་ཀྱི་འབྲེལ་བ་ཆགས་པ་སྟེ། དཔེར་ན། རྒྱལ་བའི་དབུ་སྐྱེས་དབང་སྔོན་མདངས་འཛིན་ཞིང་། ། ཨིནྡྲ་ནཱི་ལའི་རྡུལ་བརྩེགས་དབང་སྔོན་དངོས། ། འོན་ཀྱང་སྣང་བྱེད་ཡུལ་དུ་མཐོན་མཐིང་འོད། ། མངོན་པར་འཚེར་ལ་ཁྱད་པར་ཅི་ཞིག་མཆིས། ། ཞེས་པ་ལས་དཔེ་ཅན་རྒྱལ་བ་སངས་རྒྱས་ཀྱི་དབུ་སྐྱེས་སམ་གཙུག་ཏོར་ནི་དབང་སྔོན་ནམ་ཨིནྡྲ་ནི་ལའི་མདངས་ཙམ་འཛིན་པ་དང་། དཔེ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་རི་བོའི་ཁ་དོག་ནི་སྔོན་པོ་དངོས་ཏེ། དཔེ་དང་དཔེ་ཅན་དེ་གཉིས་ལ་མདངས་ཀྱི་ཁྱད་པར་ཅུང་ཟད་ཡོད་ཀྱང་། སྣང་བྱེད་དམ་མིག་གི་ཡུལ་དུ་ཁ་དོག་སྔོན་པོའི་འོད་འཚེར་བ་ལ་ཁྱད་པར་ཅི་ཡང་མེད་ཅེས་པ་ལྟ་བུའོ། ། གཞན་ཡང་། བྱི་རུའི་འཁྲི་ཤིང་གསར་བའི་མཚར་སྡུག་ལས། ། རྣམ་པར་འགོངས་པ་བཛྲ་ལྦཱ་རཱ་ཧི། ། ཁྱེད་སྐུའི་དཔེ་ཟླར་འོས་པ་སྲིད་གསུམ་ན། ། མེད་ཕྱིར་རང་ཉིད་མཚུངས་དཔེར་བསྟན་ལ་འདུད། ། ཅེས་དཔེ་ཅན་རྡོ་རྗེ་ཕག་མོའི་སྐུ་དང་དཔེ་བྱི་རུའི་མཚུངས་ཆོས་ནི་ཁ་དོག་དམར་པོ་དེ་ཡིན། ཡང་ན། དབྱངས་ཅན་ལྷ་མོའི་དབུ་སྐྲའི་ཟུར་ཕུད་འདི། ། སྤྲིན་བྲལ་འཆི་མེད་ལམ་དང་ཡང་དག་མཚུངས། ། ལང་ཚོའི་རང་བཞིན་དར་བའི་ནུ་འབུར་ཟུང་། ། དབྱར་གྱི་ཆུ་འཛིན་གསར་བ་གཡོ་བ་བཞིན། ། ཞེས་དཔེ་དཔེ་ཅན་གྱི་ཁྱད་ཆོས་སོ་སོ་བ་སྟེ་དབུ་སྐྲའི་ཁ་དོག་སྔོན་པོ་དང་ནམ་མཁའི་མདངས་སྔོན་པོ། ནུ་མའི་ཁ་དོག་དཀར་བ་དང་སྤྲིན་གྱི་ཁ་དོག་དཀར་བ་སོགས་ཀྱི་ཁྱད་ཆོས་མཚུངས་པ་དངོས་སུ་མ་བསྟན་པར་ཤུགས་ལ་གོ་ནུས་པའོ། །

(2)རྒྱ་ཆེ་ཆུང་འདྲ་བ། དཔེ་དཔེ་ཅན་གཉིས་ཀྱི་དངོས་པོའི་བོངས་ཚད་དང་མཐོ་དམའ་ཆེ་ཆུང་ལ་སོགས་པ་འདྲ་བའི་ཆ་ནས་ཐ་དད་པའི་དངོས་པོ་གཉིས་ཀྱི་བར་དུ་གནས་སྐབས་སུ་འབྲེལ་བ་སྦྱོར་བ་ཡིན་ཏེ། དཔེར་ན། སྒྲིབ་དང་བྲལ་བའི་ཡོན་ཏན་གསལ་བྱེད་དམ། ། གལ་ཏེ་སྐྱོན་གྱི་རྣམ་པ་འཛིན་ཀྱང་རུང་། ། ཁྱོད་ཐུགས་ཡེ་ཤེས་ཆེ་དང་ནམ་མཁའི་ཀློང་། ། མཚུངས་ཞེས་བརྗོད་འདོད་བདག་གི་སྙིང་ན་གནས། ། ཞེས་དཔེ་ཅན་ཐུགས་ཀྱི་ཡེ་ཤེས་ཆེ་བ་དང་ནམ་མཁའ་ཆེ་བ་གཉིས་ཆེ་བའི་ཁྱད་ཆོས་མཚུངས་པའི་ཆ་ནས་དགོད་བྱ་འགོད་བྱེད་ཀྱི་འབྲེལ་བ་གྲུབ་པ་ཡིན། གཞན་ཡང་། ནོར་གྱི་འབྱུང་གནས་གཏིང་ཚད་དཔོག་པར་དཀའ། ། ཀུན་གསལ་ལམ་ཡངས་ཕ་མཐའ་བྲལ་བ་སྟེ། ། ཀུ་ཤའི་རྩེ་མོ་མ་འདྲེས་སོ་སོར་གསལ། །
དེ་དག་ཀུན་དང་གཙུག་ལག་རིག་གནས་མཚུངས། ། ཞེས་དཔེ་གཏིང་ཟབ་པའི་རྒྱ་མཚོ་དང་རྒྱ་ཆེ་བའི་ནམ་མཁའ། སོ་སོའི་དབྱེ་བ་འབྱེད་པའི་ནུས་པ་ཅན་གྱི་ཀུ་ཤའི་རྩེ་མོ་གསུམ་གྱིས་དཔེ་ཅན་གཙུག་ལག་རིག་གནས་དེའི་རྒྱ་ཆེ་ཞིང་གཏིང་ཟབ་པ། དོན་བདེ་བླག་ཏུ་སྟོན་པའི་ཁྱད་ཆོས་གསུམ་རེ་རེ་བཞིན་དུ་གསལ་བོར་བསྟན་པ་ལྟ་བུའོ། །

(3)འདོད་ཡོན་གྱི་ཆ་ནས་འདྲ་བ། དཔེ་དང་དཔེ་

ཅན་དུ་མཚམས་སྦྱར་བའི་ཐ་དད་པའི་དངོས་པོའམ་དངོས་མིན་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལ་གཅིག་མཐུན་གྱི་ཆ་དང་ལྡན་པ་ཡིན་ཏེ། དེ་ཡང་གཟུགས་འདྲ་བ་ལ། བཞིན་བཟང་ན་ཆུང་འདི་འདྲའི་ལུས། ། པདྨའི་རྩ་ལག་བཞིན་དུ་ཕྲ། ། པད་རྩ་བཞིན་དུ་ཡིད་འོང་འདིའི། །
ལུས་ནི་ཕྲ་བའི་ཆ་དག་འཛིན། །  ཞེས་དཔེ་ཅན་ན་ཆུང་མའི་སྐྱེས་གཟུགས་ཕྲ་བའི་དཔེ་ལ་པདྨའི་རྩ་ལག་ཤིན་ཏུ་ཕྲ་བ་དེ་བཀོད་ནས་མཚུངས་ཆོས་ཕྲ་བའི་ཚུལ་མིག་གི་མཐོང་ལམ་དུ་བཤམས་པ་ལྟ་བུ་དང་། སྒྲ་འདྲ་བ་ལ། ལེགས་པའི་ཡོན་ཏན་འབའ་ཞིག་ཉེར་སྟོན་པའི། །
ཚངས་སྲས་ངག་གི་ལྷ་མོའི་སྙན་འགྱུར་གསུང་། །
ཀ་ལ་པིང་ཀའི་དབྱངས་དང་མཚུངས་བརྗོད་ལ། ། ཇི་ལྟར་གྱུར་ཀྱང་ཡིད་ཀྱི་ངོས་སུ་ཤར། ། ཞེས་པ་ལས་དཔེ་
ཅན་ལྷ་མོ་དབྱངས་ཅན་མའི་གསུང་དང་དཔེ་ཀ་ལ་པིང་ཀའི་དབྱངས་གཉིས་མཚུངས་པར་སྦྱར་ཡོད། དྲི་འདྲ་བ་ལ། དྲི་ཞིམ་མངལ་རྒྱའི་གཏེར་འདི་གེ་སར་དང་། །

མཚུངས་ཀྱང་ཟེའི་འབྲུ་མ་ཡིན་ཞལ་གྱི་སྒོ། ། ཞེས་དཔེ་

ཟེའུ་འབྲུ་དང་དཔེ་ཅན་ཞལ་གྱི་སྒོ་གཉིས་ཀྱི་མཚུངས་ནི་དྲི་ཞིམ་པོ་དང་ལྡན་པ་དེ་ཡིན། རེག་བྱ་འདྲ་བ་ལ། སྲིད་མིན་གྱི་དཔེའི་རྩ་བའི་དཔེ་བརྗོད་དུ། ཟླ་བའི་གཟུགས་ལས་དུག་བཞིན་དང་། ། ཙན་དན་ལས་ནི་མེ་བཞིན་དུ། ། ཞལ་འདི་ལས་ནི་རྩུབ་མོའི་ཚིག ། ཅེས་པ་སྲིད་པ་མིན་པའི་དཔེ། ། ཞེས་པ་ལས་དཔེ་ཟླ་བ་བདུད་རྩིའི་རང་བཞིན་གྱི་གཟུགས་ལས་དུག་དང་། ཙན་དན་གྱི་རེག་པ་ཤིན་ཏུ་བསིལ་བ་ལས། མེའི་རང་བཞིན་གྱི་དྲོད་འབྱུང་བ་མི་སྲིད་པ་བཞིན། དཔེ་ཅན་ཁྱོད་ཀྱི་ཞལ་ལས་རྩུབ་མོའི་ཚིག་ནམ་ཡང་འབྱུང་མི་སྲིད་ཅེས་བརྗོད་ཡོད།

2.ཡོན་ཏན་ནམ་ནུས་པ་འདྲ་བ། ཐ་དད་པའི་དངོས་པོ་གཉིས་ཀྱི་ཡོན་ཏན་ནམ་ནུས་པ་འདྲ་བའི་ཆ་ནས་དཔེ་དཔེ་ཅན་དུ་སྦྱོར་བ་ཞིག་ཡིན་ཏེ། དེ་ལའང་ཕྱིའི་ཡོན་ཏན་འདྲ་བ་དང་ནང་གི་ཡོན་ཏན་འདྲ་བ་གཉིས་ཡོད་དེ། ཕྱིའི་ཡོན་ཏན་འདྲ་བ་ལ། ལུས་ཕྲ་མ་ཁྱོད་མཚར་སྡུག་ལྡན་ཁོ་ནས། ། ཐིག་ལེ་མཆོག་མའི་རྗེས་སུ་འགྲོ་མིན་ཏེ། ། ཀུན་གྱི་ཡིད་བསྒྱུར་འདོད་པའི་གར་མཛེས་པའི། ། སྐྱེད་མོས་ཚལ་འདིར་ཤིས་པ་བསྒྲུབས་པས་ཀྱང་། ། ཞེས་དཔེ་ཅན་ལུས་ཕྲ་མ་དེ་མཚར་སྡུག་ལྡན་པ་མ་ཟད། གར་ཀྱང་འཁྲབ་པ་མཛེས་པས་ལྷའི་བུ་མོ་ཐིག་ལེ་མཆོག་མ་དང་མཚུངས་པར་སྦྱར་བ་ཡིན། ཡང་ན། ལྷ་ལམ་དལ་གྱིས་བགྲོད་པའི་ཟླ་གཞོན་གྱིས། ། དབྱངས་ལྡན་ངག་གི་ལྷ་མོའི་མཛེས་སྡུག་ལ། ། སྙེམས་པར་མི་འཚལ་ལུས་ཕྲའི་འཇོ་སྒེག་གིས། ། ངོ་མཚར་གར་གྱི་འགྱིང་བག་འདིས་ཀྱང་བསྒྲུན། ། ཞེས་ནམ་མཁར་དལ་གྱིས་སྐྱོད་བཞིན་པའི་ཟླ་བ་དེར་རབ་བཏགས་པའི་ཚུལ་གྱིས་དཔེ་ཅན་དབྱངས་ཅན་ལྷ་མོའི་ཕྱིའི་མཛེས་པ་དང་ཀུན་ནས་མཚུངས་པ་ཤུགས་ནས་བསྟན་ཡོད་པ་ཡིན། ནང་གི་ཡོན་ཏན་འདྲ་བ་ལ། སྙན་ཚིག་གཞུང་ལུགས་རྒྱ་མཚོ་སྨྲ་བ་ལ། ། ངག་གི་དཔལ་གྲུབ་ཤོང་སྟོན་ལོ་ཙཱ་བ། ། མཚོ་བྱུང་སྙིང་ཁར་རོལ་བ་དཎྜི་དང་། ། མཚུངས་ཀྱི་རིགས་མཐུན་གཞན་ན་ཡོད་མ་ཡིན། ། ཞེས་དཔེ་ཅན་སྙན་ངག་གི་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྨྲ་བ་ལ། ངག་གི་དངོས་གྲུབ་ཐོབ་པའི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནི་དབྱངས་ཅན་ལྷ་མོའི་བྱིན་རླབས་སྙིང་ལ་ཞུགས་པའི་སློབ་དཔོན་དཎྜི་དང་མཚུངས་པར་བསྟན་པ་དང་། ཡང་ན། འཇམ་མགོན་བླ་མ་ཀུན་མཁྱེན་ཙོང་ཁ་པ། ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་མཚུངས་ཀྱི། ། གཞན་དུ་དེ་འདྲའི་ངང་ཚུལ་ལྡན་པ་དག ། སྲིད་འདིར་མཆིས་ན་ཁྱོད་ཀྱི་དཔེ་ཟླར་རིགས། ། ཞེས་དཔེ་ཅན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དེ་དཔེ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཡོན་ཏན་གྱི་ཆ་ནས་འདྲ་བར་སྦྱར་བ་ཡིན།

3.བྱ་བ་འདྲ་བ། དཔེ་དཔེ་ཅན་གཉིས་ཀྱིས་བྱེད་པའི་བྱ་བ་དང་བྱ་བ་བྱེད་པའི་ཚུལ་འདྲ་བའི་ཆ་ནས་དཔེ་དཔེ་ཅན་དུ་སྦྱོར་བ་ཞིག་ཡིན་ཏེ། བྱེད་པའི་བྱ་བ་འདྲ་བ་ལ། རྟ་ཕོ་ལ་ནི་མགྱོགས་འགྲོའི་མིང་གིས་འབོད། །
རླངས་འཁོར་ལ་ནི་མགྱོགས་འགྲོ་དོན་དང་ལྡན། ། དེ་ལྟའི་ཕྱིར་ན་གང་ཞིག་དམན་འགྱུར་ཞིང་། ། ཅིག་ཤོས་ལྷག་པའི་ཁྱད་པར་སུ་ཡིས་འབྱེད། ། ཅེས་དཔེ་རྟ་ཕོ་དང་དཔེ་ཅན་རླངས་འཁོར་གཉིས་མགྱོགས་པོར་བགྲོད་པའི་བྱ་བ་མཉམ་དུ་སྦྱར་བའོ། ། བྱ་བ་བྱེད་པའི་ཚུལ་འདྲ་བ་ལ། དཔེར་ན། སྦྲང་རྩིའི་རོ་ལ་སྲེད་པའི་རྐང་དྲུག་བཞིན། །
ལེགས་བཤད་འཚོལ་རྣམས་མཁས་པའི་མདུན་སར་རྒྱུ། །
ལེགས་བཤད་དོན་དུ་གཉེར་བ་དེ་རྣམས་བཞིན། ། སྦྲང་བུ་རྣམས་ནི་པདྨའི་ཚལ་དུ་འགྲོ། ། ཞེས་དཔེ་ཅན་སློབ་མ་རྣམས་ཡོན་ཏན་ཐོབ་པའི་ཕྱིར་དུ་དགེ་རྒན་གྱི་མདུན་དུ་འགྲོ་བ་དང་། སྦྲང་མ་རྣམས་པདྨའི་ཚལ་གྱི་གེ་སར་ལ་རོལ་བའི་ཆེད་དུ་སྐྱེད་མོས་ཚལ་དུ་བསྐྱོད་པ་སྟེ། དཔེ་དཔེ་ཅན་གཉིས་ཀ་རང་གི་དམིགས་བྱའི་དོན་དུ་བསྐྱོད་བཞིན་པའི་ཚུལ་ལྷན་དུ་སྦྱར་བའོ། ། བྱ་བ་བྱས་པའི་འབྲས་བུ་འདྲ་བ་ལ། དཔལ་ལྡན་དཎྜི་འཕགས་པའི་ཡུལ་ལྗོངས་དང་། ། མཁས་ཁྱོད་ཁ་བ་ཅན་འདིར་སྙན་ངག་སྨྲ། །
དེས་ནི་ཕྱིར་རྒོལ་སྨྲ་བ་ངན་རྣམས་དང་། ། ཁྱོད་ཀྱིས་མ་རིག་འཐིབས་བུ་ཡོངས་སུ་འདུལ། ། ཞེས་སློབ་དཔོན་དཔོན་དཎྜི་དང་དཔེ་ཅན་བོད་ཀྱི་སྙན་ངག་མཁན་ཏེ། དེ་གཉིས་ཀྱི་མཚུངས་ཆོས་ཀྱི་བྱ་བ་ནི་སློབ་དཔོན་དཎྜིས་འཕགས་ཡུལ་དུ་སྙན་ངག་སོགས་རིག་པའི་གནས་སྤེལ་ཞིང་རྒོལ་བ་ངན་པའི་ཚོགས་འདུལ་བ་དང་། མཁས་པའི་དབང་བོ་ཁྱོད་ཀྱིས་བོད་ཡུལ་དུ་སྙན་ངག་ལ་སོགས་པའི་རིག་པའི་གནས་རྣམས་སྤེལ་ཏེ། ཅི་ཡང་མི་ཤེས་པའི་མ་རིག་པའི་མུན་པ་སྟུག་པོ་འཐིབས་པའི་སྙིགས་དུས་ཀྱི་བུ་སློབ་རྣམས་འདུལ་བའི་བྱ་བ་གཉིས་མཚུངས་པར་སྦྱར་བ་ལྟ་བུའོ། །

གསུམ། དཔེ་དོན་མཚུངས་པར་སྦྱོར་ཚུལ་གྱི་ཐད་ནས་དབྱེ་ན།

འདི་ལ་དངོས་སུ་མཚུངས་པར་སྟོན་པ་དང་། ཤུགས་ནས་མཚུངས་པར་སྟོན་པ་གཉིས་ཡོད་དེ། དང་པོ་དངོས་སུ་མཚུངས་པར་སྟོན་པ་ལ། རྒྱལ་དབང་ལྔ་པ་ཆེན་མོས། ལུས་ཕྲའི་བཞིན་རས་དཀར་བས་བསིལ་སྦྱིན་མཁན། ། ཡིད་དུ་འོང་བས་མཐོ་རིས་དབང་མོ་སྟེ། ། འཇམ་ཞིང་མཉེན་པས་ཨུཏྤ་ལ་ཡི་འདབ། ། མིག་དཀྱུས་བཀྲ་བས་དབང་བོའི་གཞུ་ཡི་ཟླ། ། ཞེས་དཔེ་དཔེ་ཅན་གཉིས་དངོས་སུ་མཚུངས་པར་བསྟན་ཡོད་པ་ཡིན་ལ། དཔེ་རྒྱན་སོ་གཉིས་ལས་མང་ཆེ་བ་དཔེ་འགོད་ཚུལ་འདིའི་ཁོངས་སུ་གཏོགས་པ་ཡིན། གཉིས་པ་ཤུགས་ནས་མཚུངས་པར་སྟོན་པ་ལ། དཔེ་ཅན་དང་མཚུངས་པར་སྟོན་པ་དང་། དཔེ་དང་མཚུངས་པར་སྟོན་པ་གཉིས་ཡོད། དང་པོ་དཔེ་ཅན་དང་མཚུངས་པར་སྟོན་པ་ནི་དཔེ་ལ་ཡོན་ཏན་ཞིག་མེད་པ་ཡོད་པར་བྱས་པའམ་ཡང་ན་དཔེ་ལ་སྐྱོན་ཆ་ཞིག་ལྡན་པ་མེད་པར་བྱ་ཐུབ་ན་དཔེ་ཅན་དང་མཚུངས་པར་འདོད་པ་ཡིན། དཔེར་ན། འདམ་རྫབ་ལས་སྐྱེས་གེ་སར་རྡུལ་མང་འཛིན། ། ཟླ་བའི་རེག་པ་མི་བཟོད་འབྱེད་འཛུམ་ཅན། ། ལྡུམ་རའི་དཔལ་གྱི་འདབ་མ་གཞོན་ནུ་འདི། ། ཁྱོད་ཞལ་མཛེས་པའི་དོ་ཟླར་ག་ལ་འོངས། ། ཞེས་དཔེ་ཅན་བུད་མེད་མཛེས་མ་གང་དེའི་ཞལ་གྱི་མཛེས་པའི་དཔེ་ལ་མེ་ཏོག་པདྨ་བཀོད་པར། དཔེ་མེ་ཏོག་ལ་འདམ་རྫབ་ལས་སྐྱེས་པ་དང་རྡུལ་མང་བ། འབྱེད་འཛུམ་དང་ལྡན་པའི་སྐྱོན་ཆ་ལྡན་པས། ཚིག་ངོས་ནས་དཔེ་ཅན་བུད་མེད་ཀྱི་གདོང་གི་དཔེ་ལ་མེ་ཏོག་པདྨ་བཀོད་པ་དགག་ཡོད་མོད། ཤུགས་ནས་དཔེ་དཔེ་ཅན་གཉིས་མཚུངས་པར་སྟོན་པ་ཡིན་ནོ། །དཔེ་འགོད་སྟངས་འདི་འདྲ་བ་ལ་རབ་བཏགས་ཀྱི་དཔེ་དང་། དགག་པའི་དཔེ། འགལ་བའི་དཔེ། སྨད་པའི་དཔེ། རྨད་བྱུང་གི་དཔེ་སོགས་འགའ་རེ་ལས་མེད་པ་ཡིན། དེར་རྨད་བྱུང་གི་དཔེ་ལ། རབ་བརྗིད་ཏི་སེའི་གངས་ཀྱིས་ལྷ་ཡི་ལམ། ། རབ་མཛེས་ཐོར་ཅོག་སྔོན་པོར་བཀོད་བྱས་ནས། ། རབ་སྙན་རྒྱུད་མང་སྒྲོག་ལ་ལྟ་བྱེད་ན། ། རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར། ། ཞེས་དཔེ་ཅན་རབ་དཀར་ལྷ་མོའི་དཔེ་རུ་རབ་བརྗིད་ཏི་སེའི་གངས་བཀོད་པ་ལ། ཚིག་དངོས་སུ་དཔེ་ཏི་སེས་ནམ་མཁར་ཐོར་ཅོག་སྔོན་པོ་འགོད་ཐུབ་པ་དང་རྒྱུད་མང་དཀྲོལ་ཤེས་ན་ད་གཟོད་དཔེ་ཅན་དང་མཚུངས་ཞེས་བརྗོད་ཡོད་རུང་། ཤུགས་ནས་དཔེ་དཔེ་ཅན་གཉིས་མཚུངས་པར་བསྟན་ཡོད། གཉིས་པ་དཔེ་དང་མཚུངས་པར་སྟོན་པ་ནི་དཔེ་ཅན་དེ་ལ་ཁྱད་ཆོས་གཅིག་མ་གཏོགས་ད་དུང་གཞན་ལྡན་ན་དཔེ་དེ་དང་མཚུངས་པར་འདོད་པ་ཡིན། དཔེར་ན། དབྱངས་ཅན་ཁྱོད་ཞལ་མཚར་སྡུག་ལྡན་པ་ཡིས། ། ཆུ་སྐྱེས་པདྨའི་རྗེས་སུ་འགྲོ་མིན་ཏེ། ། མིག་ལྡན་ཀུན་ཡིད་འཕྲོག་པའི་འཛུམ་མདངས་དང་། ། ཞིམ་པོའི་དྲི་བསུང་ཕྱོགས་བརྒྱར་འཐུལ་འདིས་ཀྱང་། ། ཞེས་དཔེ་ཅན་དབྱངས་ཅན་གྱི་ཞལ་དེ་མཚར་སྡུག་ལྡན་པའི་ཁྱད་ཆོས་ཁོ་ནས་དཔེ་ཆུ་སྐྱེས་དང་འདྲ་བར་ད་དུང་དཔེ་ཅན་གྱི་ཁྱད་ཆོས་གཞན་འཛུམ་མདངས་དང་དྲི་བསུང་སོགས་བསྣན་ན་ད་གཟོད་དཔེ་ཆུ་སྐྱེས་དང་འདྲ་བར་བསྟན་པ་ཡིན། འདི་དང་དང་པོ་མི་འདྲ། དང་པོ་ཡིན་ན་ཚིག་ངོས་ནས་དཔེ་དེ་དཔེ་ཅན་དང་མི་འདྲ་བ་དང་གཉིས་པ་ཡིན་ན་ཚིག་ངོས་ནས་དཔེ་ཅན་དེ་དཔེ་དང་མི་འདྲ་བར་བསྟན་ཅིང་། ཤུགས་ནས་དཔེ་དཔེ་ཅན་གཉིས་མཚུངས་པར་བསྟན་པ་ཡིན་ནོ། །

བཞི། དཔེ་ཅན་ལ་བཀོད་པའི་དཔེའི་གྲངས་ཀའི་ཐད་ནས་དབྱེ་ན། འདི་ལ་དཔེ་གཅིག་ཅན་དང་གཉིས་ཅན། མང་བ་ཅན་གསུམ་དུ་དབྱེ་ཆོག་སྟེ། དང་པོ་གཅིག་ཅན་ནི་དཔེ་ཅན་གཅིག་ལ་དཔེ་གཅིག་འགོད་པ་ལ། ཡོངས་འཛིན་ཞྭ་དམར་པས། སྙན་ཞིང་འཇེབས་པའི་རང་བཞིན་གསལ་བྱེད་དམ། ། འོན་ཏེ་དམན་པའི་སྐྱོན་དུ་གྱུར་ཀྱང་རུང་། ། ཁྱོད་གསུང་དྲི་ཟའི་དབྱངས་ཀྱི་རྗེས་འགྲོ་ཞེས། ། བརྗོད་འདོད་ཡིད་ལ་ཤར་བ་བཟློག་མ་ནུས། ། ཞེས་དཔེ་ཅན་གསུང་གི་དཔེ་ལ་དྲི་ཟའི་དབྱངས་གཅིག་པུ་བཀོད་པ་ལྟ་བུའོ། ། གཉིས་པ་དཔེ་གཉིས་ཙམ་བཀོད་པ་ལ། ན་རྒས་ལང་ཚོའི་འཕེལ་འགྲིབ་བདག་ཉིད་ལ། ། ཡོད་ཅེས་རི་བོང་འཛིན་ཁྱོད་བསྙེམ་མི་དགོས། ། ནམ་མཇུག་སྡུད་པའི་ལྗོན་ཤིང་གེལ་བར་ཡང་། ། མཚུངས་ཆོས་ཡོན་ཏན་དེ་དང་ལྡན་པ་ཉིད། ། ཅེས་དཔེ་ཅན་སྐྱེས་བུར་ལང་ཚོའི་འཕེལ་འགྲིབ་ཡོད་པ་དེའི་དཔེ་རུ་ཟླ་བ་འཕེལ་འགྲིབ་ཡོད་པ་དང་། ལྗོན་ཤིང་སྡུད་རྒྱུ་ཡོད་པ་གཉིས་བཀོད་ཡོད་པ་ཡིན། གསུམ་པ་དཔེ་མང་པོ་
བཀོད་པ་ལ། གུང་ཐང་བསྟན་པའི་སྒྲོན་མེས། ལྷ་ཡི་རྫིང་རིང་ཕ་མཐའ་མི་མངོན་ཞིང་། ། ཟླ་བའི་མ་མ་ནོར་བུའི་གཏེར་ཏུ་གྲུབ། ། ཟླ་ཤེལ་སྐྱོན་གྱི་དྲི་མས་མ་གོས་ཏེ། ། དེ་དག་རྣམས་དང་འཇམ་མགོན་ཁྱོད་ཐུགས་མཚུངས། །

ཞེས་དཔེ་ཅན་འཇམ་མགོན་བླ་མའི་ཐུགས་གཅིག་པུའི་དཔེ་རུ་ལྷ་ཡི་རྫིང་རིང་དང་། ཟླ་བའི་མ་མ། ཟླ་ཤེལ་གསུམ་བཀོད་ཡོད། དེ་ནི་དཔེ་ཅན་གྱི་ཁྱད་ཆོས་དུ་མ་སོ་སོར་དཔེ་བཀོད་པ་ཡིན་ཏེ། དཔེ་ཅན་ཐུགས་ཀྱི་རྒྱ་ཡངས་པའི་དཔེར་ལྷ་ཡི་རྫིང་རིང་དང་། ཐུགས་ལ་ཤེས་བྱ་ཡོན་ཏན་གྱི་མཛོད་འཛིན་པའི་དཔེར་ཟླ་བའི་མ་མ་བཀོད་པ། ཐུགས་རྒྱུད་རྣམ་པར་དག་པའི་དཔེར་ཟླ་ཤེལ་བཀོལ་བ་ལྟ་བུའོ། །


* སངས་ལོ། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


①སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996:126

② བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:99


③ བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:101


④ དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:167

⑤ ཚེ་ཏན་ཞབས་དྲུང་། སྙན་ངག་སྤྱི་དོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006:57


⑥ བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:105

⑦ ཚེ་ཏན་ཞབས་དྲུང་། སྙན་ངག་སྤྱི་དོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006:47

⑧ བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:115


⑨ དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:161

⑩ དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:148

 སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996:172


 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:145

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:150

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:103

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:139

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:163


 སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996:146

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:139

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:149

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:170

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:111

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:115


 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:107

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:109

 ཚེ་ཏན་ཞབས་དྲུང་། སྙན་ངག་སྤྱི་དོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006:57

 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:145

 བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 2013:170


 སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996:183

 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:166

 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:153

 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:149


 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:164

 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:152

 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019:162


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1