ཏང་དབུ་བརྙེས་ནས་ལོ་100འཁོར་བའི་མཚོན་རྟགས་ཡོངས་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-26



        སྤྱི་ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཡོངས་བསྒྲགས་བྱས་པ་རེད།
        བྱེད་སྒོའི་མཚོན་རྟགས་ནི་ཏང་གི་མཚོན་རྟགས་དང་། ཨང་ཀི་ 100  1921  2021 བཅས་གསུམ་དང་འོད་ཟེར་ལས་གྲུབ་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དཀའ་སྤྱད་འབད་འཐབ་བྱས་པའི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
        མཚོན་རྟགས་དེ་ཨང་ཀི་100རྨང་གཞིར་བྱས་ནས་བཟོས་ཡོད་ཅིང་། དེའི་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་མདུན་སྐྱོད་ཀྱི་ལམ་བུའི་ཐོག་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ལུགས་མཚོན་ཡོད།
        ཏང་རྟགས་ནི་མཚོན་རྟགས་ཀྱི་གཡོན་སྟེང་དུ་བཀོད་ཡོད་ཅིང་། དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་འབད་འབུངས་མདུན་སྐྱོད་བྱས་ནས་མི་ཡུལ་གྱི་ངོ་མཚར་གསར་པ་རྒྱུན་ཆད་མེད་པར་བཏོད་དང་གཏོད་མུས་ཡིན་པ་མཚོན་ཡོད།
        འོད་ཟེར་་56གིས་ཨང་ཀི་100དེ་དག་གཅིག་ཏུ་སྦྲེལ་ཡོད་ཅིང་། དེས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་མ་ཟད་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན་པ་མཚོན་ཡོད། དེས་འབད་འབུངས་ཡར་བརྩོན་གྱི་འོད་ཟེར་ཀྲུང་ཧྭའི་ས་གཞི་ཆེན་པོར་འཕྲོས་ཏེ་འབྱུང་འགྱུར་གྱི་ལམ་བུ་འོད་སྟོང་ལྡན་པ་ཞིག་ཡིན་པ་མཚོན་ཡོད།
        ཕྲ་བཏབ་པ་ལྟར་གྱི་ཨང་ཀི་1921ཡིས་ལོ་བརྒྱའི་གོང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་མཚོན་པ་དང་། ཨང་ཀི་2021ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་འགོ་བཙུགས་པ་མཚོན་ཡོད། སྒོར་དབྱིབས་གཉིས་པོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནི་ལོ་རྒྱུས་ཀྱི་འཁོར་ལོ་དང་འདྲ་བར་འགོག་རྐྱེན་མཐའ་དག་སེལ་ཏེ་ཞུམ་མེད་མདུན་སྐྱོད་བྱེད་པ་མཚོན་ཡོད།
        བྱེད་སྒོའི་མཚོན་རྟགས་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁོར་ཡུག་བཀོད་སྒྲིག་དང་། མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་མཁོ་ཆས་བཟོ་སྐབས་སྤྱོད་ཆོག་གི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1