༄༅།།ཁྲོ་ཐུང་གི་ར་རྫོང་ཕབ་གནས་རོང་ཆེན་ར་མ་གཤོང་།

རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


   རོང་ཆེན་བུ་ལུང་ལ་རྒྱབ་ན་ཁྲོ་ཐུང་གིས་ར་རྫོང་ཕབ་གནས་རོང་ཆེན་ར་དམར་གཤོང་ཟེར་བའི་རི་བོ་དམར་པོ་ཞིག་ཡོད་ཅིང་།བུ་ལུང་དང་ཉེ་བའི་ཇ་ལུང་གཡས་ལག་ན་བྲག་སྦྲ་འདྲ་མ་ཟེར་བ་ཞིག་ཡོད་པ་དེའི་ཐོག་ན་ཁྲོ་ཐུང་གིས་ར་འདེད་དུས་རྗེས་དོད་སོང་ཟེར་བའི་རའི་རྨིག་རྗེས་མང་པོ་ཡོད་པས་མཚོན་བུ་ལུང་དང་ཇ་ལུང་གི་ས་ན་ར་རྗེས་མེད་ས་གཅིག་ཀྱང་མེད།བུ་ལུང་ནང་ནས་རྔ་མོང་སྣ་ལ་ཕར་སོང་བའི་ས་ན་དམར་རག་སུམ་མདོ་ཟེར་བ་ཞིག་ཡོད་པ་ཁྲོ་ཐུང་གིས་ཟངས་རྫོང་ཕབ་གནས་དང་།དེ་ནས་ཡར་འགྲོ་སའི་ས་ན་ཀཿཐོག་པ་ཤེས་རབ་སེང་གེའི་སྒྲུབ་གནས་གཙང་དཀར་དང་གཙང་ནག་ཟེར་བའི་རྫ་རི་དཀར་ནག་གཉིས་བཞུགས་པ་ལས་སངས་རྒྱས་སྨན་གྱི་བླ་མའི་གནས་མཆོག་གཙང་དཀར་གནས་དེ་ཁྲོ་ཐུང་དཔོན་གྱིས་ཁྲོ་རྫོང་ཕབ་གནས་དང་།གཙང་ནག་དང་དེའི་རྒྱབ་ཀྱི་ལྕགས་ཐག་ཟེར་བའི་རི་དེ་ཁྲོ་ཐུང་གིས་ལྕགས་ཀྱི་གཏེར་ཁ་བཞེས་པའི་གནས་ཡིན་པ་ཡོངས་གྲགས་ལ།རྫ་རྡོ་རྣམས་བརྡུང་པས་ལྕགས་སྐད་རྒྱག་པ་དང་།གཙང་དཀར་གྱི་གཡས་ཕྱོགས་དམར་ཆེན་ཕུའི་རྫ་རིའི་ལོགས་ལ་གུ་རུ་རང་བྱོན་ཆེན་པོ་ཞིག་ཡོད།བུ་ལའི་གཡས་ཕྱོགས་ན་བོན་གཏོར་ཟེར་བའི་རི་བོ་རྣམ་པ་ཟོར་གཏོར་འདྲ་བའི་དམར་ཟིང་ངེ་བ་ཞིག་ཡོད་པ་ཁྲོ་ཐུང་གིས་ར་རྫོང་ཕབ་དུས་ཨ་ཁུ་གྭ་ཟི་ནས་འཕངས་པ་རེད་ཟེར།ཨ་ཁུ་གྭ་ཟིའི་གཡས་ཕྱོགས་ན་མཚོ་ཟུར་གསུམ་ཞིག་ཡོད་པ་ཁྲོ་ཐུང་རྒྱལ་པོའི་ཧོམ་ཁུང་ཡིན་ཚུལ་བཤད།ཡུལ་འདིར་བོན་གནས་སུ་གཏོགས་པ་ལ་ཤེལ་གུར་ཁོག་སོགས་ནས་བུ་ལ་བོན་གཏོར་དང་།ཨ་ཁུ་ག་ཟི།ཁྲོ་ཐུང་བང་བ་མ།ཨ་ཁུ་ལབ་རྩེ་སོགས་དང་།རྨ་ཟླའི་ཁོག་གི་འོ་ཟླ་བྲག་དཀར།ཟླ་སྲང་ན་ཨ་བསེ་དེལ་དམར་དང་།ཨ་བསེ་ས་འཇའ།མཐོན་པོ་སྒང་།རྫ་ཁམས་ཚོགས་བཅས་དང་།ལྷ་རྒྱལ་སྲང་རྒྱབ་ཀྱི་རྡོ་རྗེ་གཡུ་སྒྲོན།གཡག་ཟེའི་ཁྱུང་ཟེ།མ་ཎི་བཀའ་མགོའི་སྟག་རྩེ་སོགས་ཡིད་ལྷུང་སྟོད་སྨད་རྣམས་ན་བོན་གནས་མང་པོ་ཡོད་པ་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་སྒྲུབ་གནས་སུ་བྱིན་གྱིས་བརླབས་པ་ཡིན་ཚུལ་དང་།ཤེལ་གུར་ཁོག་གི་དམར་རབ་སུམ་མདོ་ནས་གཡག་ཟེ་དགོན་བར་ལ་སྟག་རོང་ཁྲོ་རྒྱལ་གྱིས་གསོལ་མཆོད་མཛད་སའི་དྲེགས་པ་སྡེ་བརྒྱད་ཀྱི་གནས་རྣམས་རེ་རེ་བཞིན་ཡོད་པར་འདུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1